དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་གསོ་བ་རིག་པའི་གཟི་བྱིན་ཡོངས་སུ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-15

    བོད་ཀྱི་གསོ་བ་རིག་པ་ནི“འཛམ་གླིང་གི་ཡང་རྩེ”ཞེས་གྲགས་པའི་མཚོ་བོད་ས་མཐོ་ནས་དར་བ་དང་། ཡངས་ཤིང་རྒྱ་ཆེ་བའི་ཡུལ་གྲུ་དང་དམིགས་བསལ་གྱི་ས་བབ་ཁོར་ཡུག་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་དར་བ་རེད། བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་འཇིག་རྟེན་ཁམས་དང་། ཚེ་སྲོག བདེ་ཐང་། ནད་ཡམས་བཅས་ལ་ངོས་འཛིན་ཟབ་ཏུ་ཕྱིན་པ་དང་སྦྲགས་རིམ་གྱིས་གསོ་བ་རིག་པའི་ཤེས་བྱ་མང་པོ་བསགས་ནས་ས་མཐོའི་ཁོར་ཡུག་ཏུ་ཐུན་མོང་མིན་པའི་བོད་ཀྱི་གསོ་བ་རིག་པ་གསར་གཏོད་བྱས་ཤིང་། དེ་ནི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་བཞིའི་གྲས་ཤིག་ཡིན། ལོ་མང་རིང་། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ཟབ་བཞེས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གནའ་བོའི་གསོ་རིག་དེར་འཛིན་སྐྱོང་སྤེལ་གསུམ་ཐུབ་སྟེ་ཀྲུང་གོའི་སྨན་བཅོས་ཞབས་ཞུའི་འགན་སྲུང་མ་ལག་གི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད།

    ཀྲུང་གོའི་ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་སྐབས་དྲུག་པའི་རིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་། རིག་གནས་ཐིང་། སྨན་རྩིས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་གསོ་བ་རིག་པ་སྲུང་སྐྱོང་དང་གྲུབ་འབྲས་སྐོར་གྱི་འགྲེམས་སྟོན་དེ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་ནང་ཐོག་མར་ཞུགས་པ་ཞིག་རེད། དེའི་ནང་གསོ་བ་རིག་པའི་བྱུང་འཕེལ་དང་། རིན་ཐང་གཙོ་བོ། ཁྱད་ཆོས་གལ་ཆེན། རིམ་པར་རྒྱུན་འཛིན། སྡེ་ཁུལ་གྱི་ལག་ལེན། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས། འཕེལ་རྒྱས་དང་རེ་བ་དང་དེ་བཞིན་ཁྱད་ལྡན་རིག་གནས་ཀྱི་དྲིལ་བསྒྲགས་ཁྱམས་རིང་། ས་གནས་ས་ཐོག་གི་མྱོང་རོལ་སོགས་ཀྱི་ནང་དོན་ཚུད་པར་བརྟེན། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣས་དོ་ཁུར་ཆེན་པོ་བྱེད་བཞིན་གསོ་བ་རིག་པའི་འགྲེམས་ཁང་དུ་བསྐྱོད་ནས་དེའི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ཀྱི་ཉིང་བཅུད་དངོས་སུ་མྱོང་རོལ་བྱས་པ་རེད།

    “སྔོན་ཆད་བོད་ཀྱི་གསོ་བ་རིག་པ་ཞེས་གོ་མྱོང་ནའང་འབྲེལ་འདྲིས་བྱེད་མྱོང་མེད། དེ་རིང་བོད་ཀྱི་གསོ་བ་རིག་པར་ཁྱོན་ཡོངས་ནས་རྒྱུས་མངའ་བྱེད་ཐུབ་པ་མ་ཟད་ས་གནས་ས་ཐོག་ཏུ་བོད་ལུགས་གསོ་བ་རིག་པར་ཉམས་ལེན་ཀྱང་ཐུབ་བྱུང་བས་གོ་སྐབས་འདི་འདྲ་དཀོན་པོ་རེད”ཅེས་ཅང་སུའུ་ནས་ཡོང་བའི་ཀྲང་ཧུང་དབྱིང་གིས་འགྲེམས་ཁང་གི་གསོ་བ་རིག་པའི་བྱུང་འཕེལ་དང་། 《རྒྱུད་བཞི》 གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་ནད་བརྟག་སྨན་བཅོས་སོགས་ཀྱི་འགྲེམས་པང་ལ་ཞིབ་ལྟ་བྱས་རྗེས་དེ་ལྟར་བཤད།

    “དེ་རིང་ཐོག་མར་ངས་ཁྱེད་ལ་སྨན་ཤོག་འབྲི། དེ་རྗེས་ཁྱེད་ཀྱིས་སྨན་ཤོག་ཁྱེར་ནས་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་སྨན་ཁང་གི་བོད་ལུགས་གསོ་རིག་སྡེ་ཁག་ཏུ་བཅོས་ཡུན་གཅིག་རིང་གི་ཉིན་བཅུའི་སྨན་ལེན་པར་སོང”ཞེས་འགྲེམས་ཁང་དུ་བརྟག་བཅོས་གནང་མཁན་བོད་སྨན་གྱི་རིགས་གཅིག་མཁས་ཅན་སྐལ་བཟང་ཕུན་ཚོགས་ཀྱིས་ན་ཚ་སྟོན་པར་ཡོང་བའི་ལོ་72ལ་སླེབས་པའི་ཁྲེང་ཏུའི་གྲོང་མི་རྒན་མོ་ཀྲོའུ་ལ་བཤད།

    ཁྲེང་ཏུའུ་རུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་སྨན་ཁང་གི་བོད་ལུགས་གསོ་རིག་སྡེ་ཁག་ཏུ་སྨན་ལེན་ཐུབ་པ་གོ་སྐབས། འཁྲིས་ཀྱི་སྐུ་ཞབས་ཀྲའོ་ཀྲུང་ཕིང་གིས“ད་ཆར་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་སྨན་ཁང་གི་བོད་ལུགས་གསོ་རིག་སྡེ་ཁག་ཡོད་པས་ཕྱིན་ཆད་བོད་ནས་སྨན་ཉོ་དགོས་མ་སོང”ཞེས་དགའ་ཚོར་ཆེན་པོའི་ངང་བཤད། སྔོན་ཆད་བོད་དུ་ལས་ཀ་བྱེད་མྱོང་བའི་ཀྲའོ་ཀྲུང་ཕིང་གིས་ང་ལ་ཕོ་བའི་ན་ཚ་ཕོག་ནས་ལོ་མང་ཕྱིན་སོང་། བོད་སྨན་བཟས་པས་ཕན་ཐོགས་བྱུང་། ནང་སར་ལོག་རྗེས་ད་དུང་བོད་ཀྱི་གྲོགས་པོ་བརྒྱུད་ནས་སྨན་ཉོ་ཡི་ཡོད། “ཁྲེང་ཏུའུ་རུ་བཅའ་སྡོད་བོད་ཀྱི་དོན་གཅོད་ཁང་སྨན་ཁང་གི་བོད་ལུགས་གསོ་རིག་སྡེ་ཁག་བཙུགས་པ་ཡག་པོ་འདུག སླད་ཕྱིན་ན་ཚ་ལྟ་བར་འགྲོ་ས་མང་དུ་ཕྱིན་ནས་ནུབ་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་ཙམ་མ་ཟད་བོད་ལུགས་གསོ་རིག་ཀྱང་བསྟེན་ཆོག”ཅེས་དགའ་སྤྲོའི་ངང་བཤད།

    ཡུད་ཙམ་རིང་། གསོ་བ་རིག་པའི་འགྲེམས་ཁང་དུ་མི་ཚོགས་ཇེ་མང་དུ་སོང་བ་དང་། རིགས་གཅིག་མཁས་ཅན་གྱིས་ན་ཚ་བལྟ་ཡུལ་སྟེགས་བུ་དང་བོད་ལུགས་གསོ་རིག་གི་རང་བཞིན་དབྱེ་འབྱེད་སྟེགས་བུའི་མདུན་དུ་བང་རིང་པོ་བསྒྲིགས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་གསོ་བ་རིག་་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་དང་ཉམས་ལེན་བྱས་པ་རེད།

    “སླད་ཕྱིན་ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། གསོ་བ་རིག་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ཀའི་ནང་མི་སྔར་བས་མང་བ་ཞུགས་ནས་བོད་ཀྱི་གསོ་བ་རིག་པས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་རྒྱུར་ཡིད་ཆེས་ཡོད”ཅེས་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའི་ཁྲུའུ་ཀྲང་སྐྱིད་སྐྱིད་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།