དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྲིམས་སྲོལ་ཐོག་མ་བཟོ་བའི་འཕེལ་རིམ་མགྱོགས་སུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-29

    འཚོག་ལ་ཉེ་བའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོབ་དང་གོང་འཕེལ་སྐོར་གྱི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད། བོད་ལུགས་གསོ་རིག་སྨན་རྫས་ལས་རིགས་ཀྱིས་ལོ་20ཡི་རིང་རེ་སྒུག་ཆེན་པོ་བྱས་པའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ས་གནས་ཁྲིམས་སྲོལ་ཐོག་མས་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཆབས་ཅིག རང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་གོང་འཕེལ་མྱུར་པོ་དང་རིམ་གྱིས“ཟབ་སར”བསྐྱོད་དེ་ཁྲིམས་འཛུགས་ཉིད་རྒྱ་ཆེ་བའི་ཁྲིམས་སྲོལ་གྱི་ཞིང་ཁམས་སུ་བསྐྱོད་འགོ་ཚུགས་པ་རེད།

    ཚེས་19ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཀྲུའུ་རེན་ཚོགས་འདུ་ཐེངས་111པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་སྲུང་སྐྱོང་དང་གོང་འཕེལ་སྐོར་གྱི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད་ལ་ཉན་པ་དང་། ཁྲིམས་སྲོལ་དེའི་འཆར་ཟིན་ཉིད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

    གསར་འགོད་པས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་ཟླ་དང་པོར་འཚོགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བསམ་གྲུབ་སོགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མིང་མཉམ་འགོད་ཀྱི《〈བོད་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་གོང་འཕེལ་གཏོང་རྒྱུའི་སྲོལ་ཡིག〉(འཆར་ཟིན)ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར》གྱི་གྲོས་གཞི་བཏོན་པ་དང་། ཕྱིས་སུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མི་ཨུ་ཡོན་ལྷན་ཁང་དུ་སྒྲུབ་རྒྱུར་སྤྲད་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། རང་སྐྱོང་ལྗོངས་ཏང་ཨུད་ལ་མོས་མཐུན་བྱ་རྒྱུར་སྙན་སེང་ཞུས་ཁར་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྲིམས་བཟོ་དེ་ལོ་འཁོར་གྱི་ཁྲིམས་བཟོའི་གཙོ་གནད་རྣམ་གྲངས་སུ་་བརྩིས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པས་ཙུའུ་ཀྲང་བྱས་པའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྲིམས་བཟོའི་བརྟག་ཞིབ་ཚོགས་ཆུང་འཛུགས་རྒྱུའི་གཏན་འཁེལ་བྱས་པ་མ་ཟད། ཆེད་དོན་འཆར་ཟིན་ཚོགས་ཆུང་ཡང་བཙུགས་པ་རེད།

    དེང་སྐབས་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་ཐད་གཙོ་བོར་དོ་དམ་མ་ལག་འཐུས་སྒོ་མི་ཚང་བ་དང་། ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་རྗེས་སུ་ལུས་པ། ཞབས་ཞུའི་མ་ལག་འཛུགས་སྐྱོང་རྗེས་སུ་ལུས་པ་སོགས་ཀྱི་གནད་དོན་དང་འགྲན་སློང་ཁག་གཅིག་འཕྲད་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བཅའ་ཁྲིམས》བཏོན་པ་དང་ལག་བསྟར་བྱས་པས་མི་རིགས་གསོ་རིག་སྨན་རྫས་གོང་འཕེལ་ཆེད་སྲིད་ཇུས་ཀྱི་ཁེ་ཕན་ཐོབ་ཡོད། 《ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་པས་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་སྨན་རྫས་གོང་འཕེལ་ཐད་འཕྲད་པའི་མངོན་གསལ་དོད་པོ་གནད་དོན་ཐག་གཅོད་བྱེད་རྒྱུར་ཕན་ཐོགས་ཡོད་པ་དང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་དང་། འཕྲོད་སྦྱོར། སློབ་གསོ། ཚན་ཞིབ། རིག་གནས། ཐོན་ལས་བཅས་གོང་འཕེལ་ལ་སྐུལ་མ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

    སྲོལ་ཡིག་འཆར་ཟིན་གྱི་མ་ཟིན་འགོད་རིང་། ཀུན་གྱིས་དོ་ཁུར་བྱེད་པའི་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་སྨན་བཅོས་ཀྱི་སྒྲིག་གཞི་གོང་འཕེལ་དང་། བོད་སྨན་གྱི་སྔོ་སྨན་མཁོ་སྤྲོད། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་པ་སྐྱེད་སྲིང་བྱེད་སྟངས། བོད་ལུགས་གསོ་རིག་སྨན་རྫས་ཚད་གཞིའི་མ་ལག་འཛུགས་སྐྱོང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་གནའ་རབས་སྨན་གཞུང་སྔོག་འདོན་སོགས་ཀྱི་ཐད་ཆེད་མངགས་ལན་བརྒྱབ་ཡོད། སྲོལ་ཡིག་གི་འཆར་ཟིན་ནང་ད་དུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་སྐྱེད་ཁེ་ལས་དང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ལས་དོན་པ། གནམ་རིག་སྐར་རྩིས་ཀྱི་རིགས་གཅིག་མཁས་ཅན་སོགས་ཀྱི་བསམ་འཆར་དང་གྲོས་འགོའང་རྒྱ་ཁྱབ་ངང་བསྡུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།