དབུ་ཤོག>བོད་ལུགས་གསོ་རིག
  • “ཁྱིམ་ཚང་སྨན་པ”རྒྱུན་དུ་མི་སེར་གྱི་ཁྱིམ་དུ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-29

    གཟུགས་པོ་མི་བདེ་བ་བྱུང་སྐབས་ཁ་པར་གཅིག་བརྒྱབ་ཚེ། སྨན་པས་སྨན་ཁུག་འཁྱེར་ནས་ཁྱིམ་དུ་སྨན་བཅོས་བྱེད་པར་ཡོང་གི་ཡོད། སྡེ་ཁུལ་གྱི་སྨན་པས་ཁྱིམ་ཚང་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཁ་ཆད་བྱས་པ་དང་བསྟུན་ནས“ཁྱིམ་ཚང་སྨན་པ”རྒྱུན་དུ་མི་སེར་གྱི་ཁྱིམ་དུ་བསྐྱོད་ཀྱི་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་སྡེ་ཁུལ་གྱི་མཁོ་ཆོད་སྨན་པས་ཁྱིམ་ཚང་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཁ་ཆད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད་པས་དེའི་ནང་ཞུགས་མཁན་ནད་པས་རིན་མེད་ཞབས་ཞུའི་རྣམ་གྲངས་10ལྷག་ཙམ་ལོངས་སུ་སྤྱོད་ཆོག

    རིགས་དྲུག་གི་གཙོ་གནད་ནད་པར་སྔོན་ལ་ཞབས་ཞུ་བསྒྲུབས་པ།

    “ང་ཚོ་ལོ་ན་མཐོ་བ་དང་གཟུགས་པོར་ནད་མང་བའི་ཁར་རྒྱུན་དུ་ཕྲུ་གུ་འཁྲིས་སུ་མེད”ཅེས་ལྷ་ས་གྲོང་ཁྱེར་གྲྭ་བཞི་གྲོང་གསར་གྱི་གྲོང་མི་པད་མས་དེ་ལྟར་བརྗོད་ཅིང་། ཁོང་གིས“ད་ཆ་ཁྱིམ་ཚང་གི་ཞབས་ཞུ་སྒྲུབ་མཁན་སྨན་པ་ཡོད་པས་ཧ་ཅང་སྟབས་བདེ་རུ་ཕྱིན་འདུག སྨན་པས་ག་དུས་དགོས་ན་དེ་དུས་ཁྱིམ་དུ་ཡོང་ནས་ང་ཚོར་བརྟག་དཔྱད་བྱེད་ཀྱི་འདུག”ཅེས་བརྗོད།

    2016ལོར་རིམ་དབྱེའི་སྨན་བཅོས་ཚོད་ལྟའི་ལས་དོན་གྱི་གོ་སྐབས་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་ཁྱིམ་ཚང་སྨན་པས་ཞབས་ཞུ་སྒྲུབ་པའི་ཚོད་ལྟའི་ལས་དོན་སྔོན་དུ་སྤེལ་བ་དང་ཞབས་ཞུ་སྒྲུབ་རིང་བུད་མེད་དང་། བྱིས་པ་ལོ་0-6བར། ལོ་60སླེབས་པའི་རྒན་རྒོན། གཅོང་ནད་ཕོག་མཁན། དབང་པོ་སྐྱོན་ཅན། སྨྱོ་ནད་ཕོག་མཁན་སོགས་ཞབས་འདེགས་ཞུ་ཡུལ་གཙོ་གནད་ཡིན་པས་རྨང་གཞིའི་ཞབས་ཞུའི་སྨན་ཁུག་དང་གནས་ཐང་འཕར་མའི་ཞབས་ཞུའི་སྨན་ཁུག་རིགས་གཉིས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་མ་ཡིན་པའི་ཞབས་འདེགས་ཞུ་ཡི་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་ཁྱིམ་ཚང་སྨན་པ་ཤེས་རྟོགས་ཐུབ་ཚད་ཆེ་རུ་ཕྱིན་པ་དང་བསྟུན་ནས་མིག་སྔར་གྲོང་ཁྱེར་དེ་ཡོངས་སུ་ཞབས་ཞུ་བསྒྲུབས་ཚད་98%ཟིན་ཡོད།

    ཞབས་ཞུའི་སྨན་ཁུག་རིགས་གཉིས་ཀྱིས་གྲོང་མིའི་བདེ་ཐང་ལ་ཞབས་འདེགས་ཞུ་བ།

    ཁྱིམ་ཚང་སྨན་པས་ཞབས་ཞུ་སྒྲུབ་པའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་ཆེད་ཁྲེང་ཀོན་ཆུས་ཀྱིས་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས་ཁྱིམ་ཚང་སྨན་པས་ཞབས་ཞུ་བསྒྲུབ་རྒྱུ་དེ་རིགས་གཉིས་སུ་དབྱེ་ཡོད་ཅིང་། དེའི་ཞབས་ཞུ་སྒྲུབ་པའི་སྨན་ཁུག་ནང་རྨང་གཞིའི་ཞབས་ཞུའི་སྨན་ཁུག་དང་རིན་ཐང་འཕར་མའི་ཞབས་ཞུའི་སྨན་ཁུག་གཉིས་པོ་ཚུད་ཡོད། རྨང་གཞིའི་ཞབས་ཞུའི་སྨན་ཁུག་གིས་གཙོ་བོ་གཞི་རྩའི་སྨན་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་མཁོ་འདོན་བྱེད་ཀྱི་ཡོད་པ། དཔེར་ན། ཡུལ་མིའི་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་དང་དེ་བཞིན་ཡིག་ཚགས་དོ་དམ་དང་། ལོ་0-6བར་སོན་པའི་བྱིས་པའི་བདེ་ཐང་གཡོག་བྱེད། སྦྲུམ་མའི་བདེ་ཐང་གཡོག་བྱེད། རྒན་རྒོན་གྱི་བདེ་ཐང་གཡོག་བྱེད་སོགས་ཚུད་པ་མ་ཟད། ད་དུང་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་དེ་རྒྱལ་ཁབ་ཀྱིས་རིན་མི་དགོས་པར་མཁོ་འདོན་བྱེད་ཀྱི་ཡོད། རིན་ཐང་འཕར་མའི་ཞབས་ཞུའི་སྨན་ཁུག་གིས་ཡུལ་མིའི་བདེ་ཐང་གི་གནད་དོན་གཙོ་བོ་ཕྱོགས་སྟོན་དུ་འཛིན་ནས་ཐུན་མོང་མ་ཡིན་པའི་ཞབས་འདེགས་ཞུ་ཡི་ཡོད། གྲྭ་བཞི་སྡེ་ཁུལ་གྱི་ཁྱིམ་ཚང་སྨན་པའི་ཁ་ཆད་ཞབས་ཞུའི་འགན་འཁུར་བ་ཚེ་པད་སྒྲོན་གྱིས་གསར་འགོད་པར“ནད་པས་ཁ་པར་བརྒྱབ་པ་སོགས་ཀྱི་བྱ་ཐབས་ཐོག་ནས་རང་ཉིད་ཀྱི་ཁྱིམ་ཚང་སྨན་པར་བདེ་ཐང་བློ་འདྲི་བྱེད་ཆོག་པ་མ་ཟད། ད་དུང་གཞི་རིམ་གྱི་སྨན་བཅོས་དུས་ཚོད་གཏན་འཁེལ་དང་ཡང་ན་ཁྱིམ་ཚང་གི་སྨན་པས་ཞིབ་ཕྲའི་ན་ཚར་གཞིགས་ནས་ཁྱིམ་དུ་སྨན་བཅོས་བྱེད་པར་ཡོང་གི་ཡོད། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་གཅོང་ནད་ཕོག་མཁན་ནད་པ་ཁག་གཅིག་དང་ལྷག་པར་དུ་འགྲོ་སྐྱོད་སྟབས་བདེ་མེད་པའི་ནད་པར་སྨན་པས་ཞབས་ཞུ་བསྒྲུབ་པའི་ཁ་ཆད་བྱས་རྗེས་ཁྱིམ་ཚང་སྨན་པས་ཁྱིམ་དུ་ཞབས་ཞུ་སྒྲུབ་པར་ཡོང་སྟེ་སྨན་བཅོས་བྱས་ནས་སྨན་སྤྲད་པར་སྨན་རིན་ངེས་ཅན་བསྡུ་ཡི་ཡོད”ཅེས་དཔེ་དྲངས་ནས་གསལ་བཤད་བྱས་བྱུང་།

    སྐར་མ་15ཡི་ནང་ཚུན་དུ་བདེ་ཐང་གི་ཞབས་ཞུ་བསྒྲུབས་པ།

    ཁྱིམ་ཚང་སྨན་པ་ཡོད་ཀྱང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྨན་བཅོས་ཞབས་ཞུའི་ནུས་པ་གང་འདྲ་ཡོད་དམ། ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས་ལྷ་ས་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཅིག་རྩ་བའི་ཆར་བཙུགས་ནས་གྲོང་ཁྱེར་དུ་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཡོད་པ་དང་། རྫོང་དུ་རྫོང་རིམ་པའི་ཕྱོགས་བསྡུས་སྨན་ཁང་ཡོད་པ། ཤང(གྲོང་རྡལ)དུ་འཕྲོད་བསྟེན་ཁང་ཡོད་པ། སྲིད་འཛིན་གྲོང་ཚོར་འཕྲོད་བསྟེན་ཁང་ཡོད་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད། 2011ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“དམངས་ཡོངས་ཀྱི་བདེ་ཐང་སྨན་བཅོས་འདུ་འགོད”ཀྱི་དམངས་འཚོའི་རྣམ་གྲངས་ལག་ལེན་ཧུར་ཐག་བསྟར་ནས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཨང་དང་པོའི་ལས་དོན་སྤེལ་འགོ་ཚུགས་ཡོད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ལ་དམིགས་ནས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་9བཙུགས་ཏེ་ལས་གཉེར་བྱེད་འགོ་ཚུགས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་ལྷ་ས་གྲོང་ཁུལ་གྱི་ཁྲོམ་གཞུང(ཤང)དང་སྡེ་ཁུལ(གྲོང་ཚོ)ཡོངས་ལ་ཁྱབ་ནས་སྐར་མ་15ནང་ཚུན་དུ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་ཐུབ་པ་བྱུང་སྟེ་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་ཕྱོགས་མིར“ཉེ་ས་དང་། མྱུར་བ། སྤུས་ལེགས། བདེ་འཇགས། རིན་གོང་ཁེ་བ”བཅས་ཀྱི་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    ཡུལ་མིའི་བདེ་ཐང་སྲུང་མཁན་སྨན་པ་ཡག་པོ་ཞིག་བྱེད་པ།

    གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་དེ་བཞིན་རྒྱུན་མཐོང་ནད་དང་། ཐོན་མང་བའི་ནད་སོགས་ལ་སྨན་བཅོས་བྱེད་པ་ཕུད། གསར་འགོད་པར་ཤེས་རྟོགས་བྱུང་བར། ཁྲེང་ཀོན་ཆུས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཁག་9ཡིས་རང་ངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བོད་སྨན་གྱི་བདེ་ཐང་སླར་གསོའི་སྨན་བཅོས་དང་། ཉི་སྲོ་འཕུར་མཉེད་ཁང་། ཀྲུང་ལུགས་གསོ་རིག་ལུས་གསོ་ཁང་སོགས་ཁྱད་ལྡན་རྣམ་གྲངས་ཀྱི་ཚན་ཁག་བཙུགས་ཡོད།

    དོག་སྡེ་ལྷོ་ལམ་དུ་གནས་པའི་སྐྱིད་རས་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་གསར་འགོད་པར་བོད་སྨན་གྱི་བདེ་ཐང་སླར་གསོ་བྱེད་བཞིན་པའི་ནད་པ་པ་སངས(བསྒྱུར་མིང)འཕྲད་བྱུང་། “2016ལོར་ང་ཚོ་དང་པ་སངས་དབར་ཁྱིམ་ཚང་སྨན་པའི་ཞབས་ཞུ་བསྒྲུབ་པའི་ཁ་ཆད་བྱས་པ་ཡིན། ཁོང་ལ་ཁྲག་ཤེད་མཐོ་བའི་ནད་ཕོག་པར་བརྟེན་གཙོ་གནད་ཞབས་འདེགས་ཞུ་ཡུལ་དུ་གཏོགས་པའི་ཁར་ཕྱིས་སུ་ཁྲག་ཤེད་མཐོ་བའི་དབང་གིས་ཀླད་ཁྲག་འདྲེས་ནས་སྨན་ཁང་དུ་སྡོད་དགོས་བྱུང་ཡོད། སྨན་ཁང་ནས་དོན་རྗེས་སྔར་བཞིན་ཉལ་སར་ལུས་ནས་རང་རྐྱ་འཕེར་གྱི་མེད། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ང་ཚོས་འཕྲལ་མར་སྨན་དོན་པ་ཁོང་གི་ཁྱིམ་དུ་མངགས་ནས་བདེ་ཐང་སླར་གསོའི་སྨན་བཅོས་བྱེད་དུ་བཅུག་ཡོད”ཅེས་པ་སངས་ཀྱི་གཙོ་བཅོས་སྨན་པ་ལྕགས་འབུམ་ཚེ་རིང་གིས་གསར་འགོད་པར་བརྗོད་ཅིང་། ཁོང་གིས་ད་ཐེངས་ནི་པ་སངས་ཀྱིས་སྡེ་ཁུལ་གྱི་སྨན་པ་དང་ཞབས་ཞུ་བསྒྲུབ་པའི་ཁ་ཆད་བྱས་རྗེས་སྨན་བཅོས་བྱེད་ཐེངས་43པ་དེ་རེད་ཅེས་བརྗོད་བྱུང་།

    ལྕགས་འབུམ་ཚེ་རིང་གིས་གསར་འགོད་པར། ཉིན་གཉིས་རེར་གཅེན་མོའི་རོགས་རམ་འོག་པ་སངས་ལ་བོད་སྨན་གྱི་བདེ་ཐང་སླར་གསོའི་སྨན་བཅོས་བྱེད་ཀྱི་ཡོད། “གཙོ་བོ་འཕུར་མཉེད་དང་གསེར་ཁབ་རྒྱག་པ་སོགས་ལ་ཆུ་ཚོད་གཉིས་ཙམ་འགོར་གྱི་ཡོད་པས་ད་ཆ་ཁྱིམ་མིས་སྐྱོར་ནས་པ་སངས་འགྲོ་སྐྱོད་ཐུབ་ཀྱི་ཡོད་པས་གཙོ་བཅོས་སྨན་པ་ཡིན་པའི་ངོས་ནས་རང་ཉིད་ཀྱིས་ནད་པའི་ནད་གཞི་དྲག་སྐྱེད་ཡོང་བ་མཐོང་སྐབས་ཧ་ཅང་དགའ་པོ་འདུག”ཅེས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།