དབུ་ཤོག>བོད་ལུགས་གསོ་རིག
  • ས་མཐོའི་གསོ་བ་རིག་པའི་རེ་བ་གསར་པ་ཀེ་རི་ལི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2017-04-26

    389155_yis_1493096996801.jpg

    འདི་ནི་ཀེ་རི་ལིས་ནད་བརྟག་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།

    c་གཞུང་ལས་ཁང་དུ་ནད་བརྟག་སྨན་བཅོས་བྱས་ཏེ་ལོག་ཡོང་མ་ཐག་ཡིན་པ་དང་། དགུང་ཟས་ཧ་ཅང་སྟབས་བདེ་ཞིང་། ཕོར་ཐུག་གང་བཏུང་རྗེས་ངལ་གསོ་རྒྱག་ཁོམ་མེད་པར་སླར་ཡང་གསོ་རིག་དང་འབྲེལ་བ་ཡོད་པའི་ཚད་ལྡན་ཡིག་ཆ་ལྟ་ཀློག་བྱེད་པར་གཞོལ།

    “སྨན་པ་རྐང་རྗེན་མ”ཞིག་ནས་གསོ་རིག་གི་འབུམ་རམས་པའི་བར།

    ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རང་རྒྱལ་དུ་ལོག་པའི་ལོ་བཅུ་གྲངས་རིང་གི་དུས་ཚོད་ནང་ཀེ་རི་ལིའི་འབད་བརྩོན་འོག་མཚོ་སྔོན་ས་མཐོའི་ཡུལ་ནད་ཞིབ་འཇུག་ཐད་ནུས་པ་ལྡན་པའི་ཚོད་ལྟ་ཁང་ཞིག་མེད་པ་ནས་ཞིང་ཆེན་དང་པུའུ་རིམ་པའི་ས་མཐོའི་གསོ་རིག་གཙོ་གནད་ཚོད་ལྟ་ཁང་ཡོད་པའི་བར་དང་། ས་མཐོའི་གསོ་རིག་གྲུབ་འབྲས་རྣམ་གྲངས་གཅིག་ཀྱང་མེད་པ་ནས་རྒྱལ་སྤྱི་རྒྱལ་ནང་གི་བྱ་དགའ་ཆེན་པོ་བསྟུད་མར་ཐོབ་པའི་བར། ཆེད་ལས་ཞིབ་འཇུག་མི་སྣ་གཅིག་ཀྱང་མེད་པ་ནས་རྒྱལ་སྤྱིའི་ཞིབ་འཇུག་གི་རྒྱབ་ལྗོངས་ལྡན་པའི་ས་མཐོའི་གསོ་རིག་ཞིབ་འཇུག་དཔུང་ཁག་ཅིག་ཡོད་པ་བཅས་ཀྱི་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད།

    1952ལོའི་དགུན་ཁ་ཀེ་རི་ལི་མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་ཧའེ་ཐོ་ཐ་ལ་ཤང་གི་ཐག་རིང་ལུང་ཁུག་གི་གྲོང་ཚོ་ཞིག་ཏུ་སྐྱེས་ཤིང་། ཀེ་རི་ལི་ལོ་16ལ་སོན་པའི་སྐབས་སུ་པེ་ཅིང་ནས་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་པ་ཞིག་ཡོང་། སྐབས་དེ་དུས་ཀེ་རི་ལིས་རང་ཉིད་ཀྱི་ལས་དབང་དང་གསོ་རིག་མཉམ་དུ་འབྲེལ་ཡོང་སྙམ་པ་ཡོང་མྱོང་མེད། ཀེ་རི་ལིས་ཡ་མཚན་ཤེས་འདོད་ཀྱི་བསམ་བློ་འཆང་བཞིན་རིགས་གཅིག་མཁས་པའི་ཚོགས་པས་གཉེར་བའི་སྨན་པ་རྐང་རྗེན་མའི་གསོ་སྦྱོང་འཛིན་གྲྭར་ཞུགས། ཟླ་བ་གཅིག་སོང་རྗེས་ཁོང་སྒལ་པར་སྨན་སྒམ་འཁྱེར་མཁན་གྱི“སྨན་པ་རྐང་རྗེན་མ”ཞིག་ཏུ་གྱུར་བ་རེད།

    “སྨན་པ་རྐང་རྗེན་མ་བྱེད་སྐབས་ཀྱི་ལས་ཀ་གཙོ་བོ་ནི་སྨན་སྤྲོད་རྒྱུ་དང་ཚ་བ་འཇགས་བྱེད་སྨན་ཁབ་རྒྱག་རྒྱུ་དེ་ཡིན”ཞེས་ཀེ་རི་ལིས་བརྗོད་པ་རེད། ལས་ཀ་དལ་བའི་དུས་སུ་རང་ཉིད་ལ་འཇོན་ཐང་ངོམ་ས་དེ་ཙམ་མེད་པས་རང་ཉིད་ཀྱི་སྨན་པའི་ཆུ་ཚད་མཐོ་པོ་འདུག་སྙམ་ནས་བསྡད། ཉིན་ཞིག་ཁོང་གིས་གྲོང་ཚོའི་ནང་གི་ཕྲུ་གུ་ཞིག་ལ་སྨན་ཁབ་ཐེངས་ཁ་ཤས་བརྒྱབ་མོད། འོན་ཀྱང་ཚ་བ་འཇགས་ཐུབ་མེད། སྨན་ཁབ་ལས་རྒྱག་མི་ཤེས་པའི་ཁོང་ག་བྱེད་འདི་བྱེད་མེད་པར་གྱུར་ནས་ཚ་བས་མནར་བའི་ཕྲུ་གུའི་ཡིད་སྐྱོ་བའི་རྣམ་འགྱུར་ལ་བལྟ་རྒྱུ་ལས་མ་འདས་པ་དང་། ཡུད་ཙམ་སོང་རྗེས་ཀེ་རི་ལིས་ཕྲུ་གུ་དེ་རྟ་ལ་བསྐྱོན་ནས་ཤང་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཁྲིད། ཚུར་ལོག་པའི་ལམ་བར་དུ་ཁོང་གིས་སྨན་པ་ངོ་མ་ཞིག་བྱེད་རྒྱུའི་སེམས་ཐག་བཅད་པ་རེད།

    སློབ་སྦྱོང་བྱེད་འདོད་ཆེ་བའི་བསམ་བློ་འཆང་བཞིན་དུ་ཀེ་རི་ལི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭར་སློབ་སྦྱོང་བྱེད་རྒྱུའི་འོས་སྦྱོར་བྱས། ལོ་གཉིས་སོང་རྗེས་གཡུར་ཟའི་སྦྱངས་འབྲས་ཀྱི་ཐོག་ནས་ཁོང་ཧྲང་ཧའེ་གསོ་རིག་སློབ་གྲྭ་དང་པོའི་གསོ་རིག་ཚན་ཁག་ཏུ་རྒྱུགས་འཕྲོད་ཅིང་། ཁོང་གིས“སྐབས་དེ་དུས་ཧྲང་ཧའེ་ས་ཕྱོགས་གང་དུ་ཡོད་མེད་ཤེས་ཀྱི་མེད་ལ་མེ་འཁོར་དུའང་སྡོད་མྱོང་མེད”ཅེས་བརྗོད། ཧྲང་ཧའེ་རུ་སླེབས་མ་ཐག་པའི་དུས་སུ་འདུ་འཛི་ཆེ་བའི་གྲོང་ཁྱེར་ཆེ་མོའི་རྣམ་པས་ཁོང་མགོ་བོ་འཐོམས་པར་གྱུར། སློབ་ཚན་འཚོག་སྐབས་ཁོང་ལ་སྐད་བརྡ་མི་འཕྲོད་པའི་གནད་དོན་ཆེན་པོ་འཕྲད་ཅིང་། ཀེ་རི་ལིས“ང་རང་སློབ་ཆུང་འགྲིམ་པའི་དུས་སུ་སྐད་གཉིས་དགེ་རྒན་མེད་པས་སོག་སྐད་དང་སོག་ཡིག་ལས་ཤེས་ཀྱི་མེད”ཅེས་བརྗོད་པ་དང་། ཁོང་ལ་སེམས་འགུལ་ཐེབས་པ་ཞིག་ནི་འཛིན་གྲྭའི་ནང་ཁོང་ལ་རོགས་རམ་བྱེད་མཁན་སློབ་སྦྱོང་ཚོགས་ཆུང་ཞིག་བཙུགས་པ་དེ་ཡིན་ཞིང་། “ང་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མ་གཅིག་པུ་དེ་ཡིན་མོད། འོན་ཀྱང་ཚང་མས་ང་ལ་སེམས་ཁུར་ཧ་ཅང་ཆེན་པོ་བྱས་ནས་རྒྱ་ཡིག་སློབ་པ་དང་སློབ་ཚན་གསབ་སྦྱོང་བྱེད་རོགས་བྱེད་ཀྱི་འདུག་པས་དངོས་གནས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་མོ་ཡོད”ཅེས་ཀེ་རི་ལིས་བརྗོད་པ་རེད། ཧྲང་ཧའེ་རུ་སློབ་སྦྱོང་བྱས་ནས་མཚོ་སྔོན་དུ་ལོག་རྗེས་ཀེ་རི་ལི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭར་དགེ་རྒན་བྱེད་རྒྱུར་ལས་བགོས་བརྒྱབ། ལོ་ཁ་ཤས་རྗེས་ཀྱི་1993ལོར་ཀེ་རི་ལི་དུས་ཡུན་ལོ་8རིང་གི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་འཚོ་བ་སྐྱེལ་འགོ་ཚུགས་པ་རེད།

    སྨན་བཅོས་ཤེས་ལྡན་མི་སྣ་དགོས་མཁོ་ཆེ་ཤོས་ཀྱི་ཕ་ཡུལ་དུ་ལོག་པ།

    ཨ་རིར་འབུམ་རམས་ཕྱི་ཚར་གྱི་ཞིབ་འཇུག་མཇུག་འགྲིལ་རྗེས་མཐོ་སློབ་དང་ཞིབ་འཇུག་སྒྲིག་གཞི་མང་པོ་ཞིག་གིས་ཀེ་རི་ལི་ཁོང་ཚོའི་སར་ལས་ཀ་བྱས་ནས་སྡོད་རྒྱུའི་ཡིད་དབང་འགུག་ཐབས་བྱས་པ་དང་འབྲེལ་ཨ་རིའི་ཐེམ་ཐོ་གཉེར་རྒྱུའི་ཁས་ལེན་བྱས། བློ་བདེ་བག་ཕེབས་ཀྱི་འཚོ་བ་དང་ཧ་ཅང་མཐོ་བའི་གླ་ཕོགས་ཀྱི་མདུན་དུ་ཀེ་རི་ལིས་དེ་དག་ཁས་མ་བླངས་ཤིང་། ཁོང་གིས“ང་ནི་རྩྭ་ཐང་ནས་ཡོང་བ་ཡིན། ངའི་མེས་པོ་རྩྭ་ཐང་ཐོག་ཡོད། ང་རང་མེས་རྒྱལ་དང་ས་མཐོ་དང་། སྨན་བཅོས་ཤེས་ལྡན་མི་སྣ་དགོས་མཁོ་ཆེ་ཤོས་ཀྱི་རང་གི་ཕ་ཡུལ་དུ་ལོག་གི་ཡིན”ཞེས་བརྗོད་པ་རེད།

    “ངས་རྒྱལ་ནང་དུ་ལོག་ནས་བྱ་བ་ཁག་གསུམ་བསྒྲུབ་རྒྱུ་སྟེ། འབུམ་རམས་པའི་ས་ཚིགས་འཛུགས་རྒྱུ་དང་། ས་མཐོའི་གསོ་རིག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་འཛུགས་རྒྱུ། རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཚོགས་ཆེན་ཐེངས་ཤིག་འཚོག་རྒྱུ་བཅས་ཡིན”ཞེས་ཀེ་རི་ལིས་བརྗོད་པ་དང་། 2001ལོའི་ཟླ་7པར་ཀེ་རི་ལི་ལོ་མང་བྲལ་བའི་རང་གི་ཕ་ཡུལ་མཚོ་སྔོན་དུ་ལོག་ཅིང་། ཁོང་གིས“སྐབས་དེ་དུས་མཚོ་སྔོན་གྱི་ནོར་སྲིད་ཁ་ཐང་པོ་ཡོད་མོད། འོན་ཀྱང་ཞིང་ཆེན་ནོར་སྲིད་སྡེ་ཚན་གྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ང་ལ་ཚན་ཞིབ་མ་དངུལ་སྤྲད་པ་དང་འབྲེལ་ཚོད་ལྟ་ཁང་མཁོ་འདོན་བྱས་བྱུང”ཞེས་བརྗོད་པ་རེད། དུས་དེ་ནས་བཟུང་ཁོང་གི“ལོ་ཐོའི”ནང་དུས་ཆེན་དང་ངལ་གསོའི་ཉིན་མོ་ཞེས་པ་མེད་པར་གྱུར་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཚན་རིག་ཞིབ་འཇུག་ཐད་གཞོལ་བ་རེད།

    ཀེ་རི་ལིའི་གཙོ་སྐྱོང་འོག་2003ལོར་ཀྲུང་གོའི་ཚན་ཞིབ་དང་། སློབ་ཁྲིད། སྨན་བཅོས་བཅས་གཞི་གཅིག་ཏུ་འདུས་པའི་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་མཚོ་སྔོན་ཞིང་ཆེན་དུ་བཙུགས་པ་དང་། 2004ལོར་རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཚོགས་ཆེན་ཀྲུང་གོར་ལེགས་གྲུབ་ལྡན་པའི་ངང་ཐེངས་དང་པོ་འཚོགས་པ་རེད། 2006ལོར་ཀྲུང་གོའི་ས་མཐོའི་གསོ་རིག་གཙོ་གནད་ཚོད་ལྟ་ཁང་འབའ་ཞིག་དེ་མཚོ་སྔོན་སློབ་ཆེན་དུ་བསྐྲུན་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ས་མཐོའི་གསོ་རིག་གཏན་འཇགས་ཞིབ་འཇུག་རྟེན་གཞི་དེ་ཁུ་ཁུ་ཤི་རིར་བསྐྲུན་པ་རེད། ལོ་དེར་ཀེ་རི་ལིས་སྣེ་ཁྲིད་པའི་ས་མཐོའི་གསོ་རིག་ཆེད་ལས་དེ་མཚོ་སྔོན་མཐོ་སློབ་ཀྱི་འབུམ་རམས་པའི་མཚན་གནས་སྤྲོད་པའི་ཚན་པ་གཅིག་པུ་དེར་གྱུར་ནས་མཚོ་སྔོན་ཞིང་ཆེན་གྱི་འབུམ་རམས་པའི་སློབ་གནས་སྤྲོད་མཁན་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    ཁོང་གི་དགེ་ཕྲུག་བྱེད་རྒྱུ་ནི་བསོད་ནམས་ཆེ་བའི་བྱ་བ་ཞིག་ཡིན།

    ས་མཐོའི་ནད་གཞི་ནི་མིའི་རིགས་ཀྱི་བདེ་ཐང་ལ་འགོག་རྐྱེན་ཚབས་ཆེན་བཟོ་བའི་ནད་གཞི་ཞིག་ཡིན་ཞིང་། ཡངས་ཤིང་རྒྱ་ཆེ་བའི་རང་རྒྱལ་གྱི་ས་མཐོར་མི་རིགས་ཁག་གི་སྤུན་ཟླ་ཁྲི་སྟོང་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད། ས་མཐོའི་ནད་གཞིའི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ས་མཐོའི་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད།

    2004ལོར་ཀེ་རི་ལིས་རྒྱལ་ཁབ་6གི་རིགས་གཅིག་མཁས་ཅན་དང་མཁས་དབང་10ལྷག་ཙམ་གདན་དྲངས་ནས་མཚོ་སྔོན་དུ་རྒྱལ་སྤྱིའི་ས་མཐོའི་གསོ་རིག་ཚོགས་ཆེན་འཚོགས་པ་དང་། ཚོགས་འདུའི་ཐོག《གཅོང་ནད་ས་མཐོའི་ནད་གཞིའི་རྒྱལ་སྤྱིའི་ནད་བརྟག་སྨན་བཅོས་ཀྱི་ཚད་གཞི》གཏན་འཁེལ་བྱས་ནས་འཛམ་གླིང་ཐོག་གཅོང་ནད་ས་མཐོའི་ནད་གཞིའི་ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་ཞིག་ཏུ་བརྩིས་ནས་ནད་གཞི་དེ་བཅོས་ཆེད་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་བཏིང་ཡོད།

    ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་གཉིས་ཀ་གལ་འགངས་ཆེ་ཞིང་། “མཚོ་སྔོན་དུ་དཀོན་ཤོས་ནི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་རེད། ས་མཐོར་གསོ་རླུང་མི་འདང་བའི་དབང་གིས་ཤེས་ལྡན་མི་སྣའི་བློ་ཡིད་འགུག་ཁག་པོ་ཡོད། འོ་ན་གང་འདྲ་བྱེད་དགོས་སམ་ཞེ་ན། རང་སོ་སོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། རང་སོ་སོས་གསོ་སྐྱོང་བྱས་པའི་ཡུལ་དེ་གའི་འབུམ་རམས་པས་ཀྱང་གྲུབ་འབྲས་རྩེ་གྲ་གཏོད་ཐུབ་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད”ཅེས་ཀེ་རི་ལིས་བརྗོད་པ་དང་། ཁོང་གིས་དེར་བརྟེན་ངེས་པར་དུ་མཚོ་སྔོན་ལ་བརྩེ་དུང་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཚེ་གཞི་ནས་སེམས་རྣལ་དུ་ཕབ་ནས་ལས་ཀ་བྱེད་ཐུབ་ཅེས་བརྗོད། ད་ཆ་ཀེ་རི་ལིས་སོག་རིགས་དང་། བོད་རིགས། ཧུད་རིགས། ཧོར་རིགས། མན་ཇུ་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་ཚུད་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་18གསོ་སྐྱོང་བྱས་པ་དང་། ད་ལྟ་མང་དག་ཅིག་ནི་མཚོ་སྔོན་གྱི་སྨན་ཁང་ཆེ་མོ་ཁག་དང་མཐོ་སློབ་ཁག་གི་རྐང་འཛིན་པར་གྱུར་ཡོད། ལོ་ལྟར་ཀེ་རི་ལིའི་སྣེ་ཁྲིད་འོག་ཁོང་ཚོ་འབྲོག་ཁུལ་དུ་ཟླ་གཉིས་གསུམ་བསྐྱོད་ནས་འབྲོག་པར་རིན་མེད་ངང་ནད་གཞི་ལྟ་གི་ཡོད་པ་རེད།

    “རྒན་ལགས་ཁོང་ནི་འབྲོག་པ་བཞིན་བབ་ཆགས་ལ། སློབ་ཁྲིད་གནང་སྐབས་གཟབ་ཅིང་ནན་པས་ཁོང་གི་སློབ་མ་བྱ་རྒྱུ་བྱུང་བ་ནི་ང་ཚོའི་བསོད་ནམས་ཡིན”ཞེས་ཀེ་རི་ལིའི་འབུམ་རམས་པའི་སློབ་མ་ཀྲོའུ་དབྱིས་དེ་ལྟར་བརྗོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།