བོད་ལུགས་སྨན་རྫས་རིག་པ་ལས་སྨན་རྒྱུའི་ངོས་འཛིན་གཅིག་གྱུར་མ་བྱུང་བའི་གནད་འགག་སྐོར་ལ་དཔྱད་པ།
ནང་དོན་གནད་བསྡུས། བོད་ཀྱི་གསོ་རིག་ལས་སྨན་རྫས་ལ་བརྟེན་ནས་ནད་བཅོས་པའི་ལག་ལེན་བྱེད་པ་ལ་ཐོག་མར་སྨན་རྫས་རྣམས་འཁྲུལ་བ་མེད་པར་ངོས་འཛིན་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་གནད་ཆེ་བ་ཞིག་རེད། འོན་ཀྱང་དེང་གིས་དུས་འདིར་སྐྱེ་དངོས་སྨན་རྫས་གྲངས་མང་བ་དང་། འདྲ་བ། ནོར་ཉེན་ཆེ་བ་སོགས་མང་ཞིང་ཡུལ་དུས་སོགས་ཀྱིས་བསྐལ་བས་ཇི་བཞིན་ངོས་འཛིན་དཀའ་བར་བརྟེན། སྨན་རྒྱུ་འགའི་ངོས་འཛིན་གཅིག་གྱུར་མེད་པའི་གནད་དོན་ལྷག་ཡོད། དེས་ན་འདིར་སྨན་རྒྱུའི་ངོས་འཛིན་གཅིག་གྱུར་མ་བྱུང་བའི་གནད་འགག་སྐོར་ལ་དཔྱད་པ་བྱས་ནས་མ་འོངས་པར་བོད་ཀྱི་སྨན་རྫས་རིག་པའི་སློབ་གསོ་སློབ་ཁྲིད་དང་སྨན་སྦྱོར་ལག་ལེན་གཉིས་ཀའི་ཐོག་མི་དམན་པའི་ཞབས་འདེགས་ཞུ་ཐུབ་པ་བྱ་རྒྱུ་ཡིན།
བརྡ་ཆད་གཙོ་བོ། སྨན་རྫས། ངོས་འཛིན། གནད་འགག
དུས་རབས་ཉིར་གཅིག་པ་ནི་སྲོལ་རྒྱུན་གྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བའི་དུས་སྐབས་ཞིག་ཡིན་ལ་ལྷག་པར་དུ་བོད་ལུགས་སྨན་རྫས་རིག་པ་འདི་ཉིད་འཕེལ་རྒྱས་གཏོང་བའི་དུས་སྐབས་བཟང་ཤོས་ཞིག་ཀྱང་ཡིན། དེང་སྐབས་འཛམ་གླིང་ཐོག་རང་བྱུང་ཁམས་ལ་ཕྱིར་ལོག་ཅེས་པའི་འབོད་ཚིག་གྲགས་ཞིང་ཡོད། བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་ནང་སྤྱོད་བཞིན་པའི་སྨན་རྒྱུ་རྣམས་ནི་རང་བྱུང་གི་སྨན་རྫས་འབའ་ཞིག་ཡིན་པས་རྒྱལ་ཁབ་ཕྱི་ནང་ཀུན་དུ་བག་ཆགས་བཟང་པོ་ཁྱབ་བཞིན་ཡོད། འོན་ཀྱང་དེང་གི་དུས་འདིར་སྨན་རྫས་འགའ་ཞིག་གི་ངོས་འཛིན་ཐད་ལ་གཅིག་གྱུར་མེད་པར་འགའ་ཞིག་མིང་མཚུངས་ཀྱང་རྫས་མི་འདྲ་བ་དང་། ཡང་འགའ་ཞིག་རྫས་མཚུངས་ཀྱང་མིང་མི་འདྲ་བ་རེ་ཞིག་བྱུང་བས་གཉེན་པོ་ནད་ཐོག་འབབ་དཀའ་བ་དང། བོད་ལུགས་གསོ་བ་རིག་པའི་མཚན་སྙན་ལ་གནོད་སྐྱོན་ཚབས་ཆེན་བཟོ་ངེས་ཡིན་པས། གནད་དོན་དེ་དག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རང་ཉིད་ཀྱི་བསམ་གཞིགས་བྱས་པར་གཞིགས་ན་གཙོ་བོ་ཕྱོགས་བདུན་གྱི་ཐོག་ནས་ཡིན་པར་བསམ་སྟེ། དང་པོ། སྔར་གྱི་འཁྲུངས་དཔེ་ཁག་གི་ནང་ཚིག་བསྡུས་ཆེ་བ་དང་རིགས་དབྱེའི་ཁྱད་ཆོས་ཉུང་ཞིང་གོ་དཀའ་བ། གཉིས་པ། སྔ་ཕྱིའི་འཁྲུངས་དཔེ་མི་འདྲ་བ་ཁག་གི་ནང་སྨན་མིང་མཐུན་ཡང་གསལ་འགྲེལམི་མཐུན་པ་མང་བ། གསུམ་པ། འཁྲུངས་དཔེ་ཁག་གི་ཚིག་དོན་ལ་དགོངས་འགྲེལ་དང་བཞེད་པ་མི་མཐུན་པ་མང་བ། བཞི་པ། སྨན་རྫས་མཐུན་ཡང་ཐ་སྙད་འདོགས་ལུགས་མི་མཐུན་པ། ལྔ་པ། ཡུལ་ལུང་སོ་སོའི་སྨན་རྒྱུ་བེད་སྤྱོད་དང་ངོས་འཛིན་མི་མཐུན་པ་མང་བ། དྲུག་པ། གཞུང་ལུགས་ཀྱི་གཞི་འཛིན་ས་མི་འདྲ་བར་ལུགས་སོ་སོའི་ལག་ལེན་ཁྱད་ཆོས་ལ་བརྟེན་ནས་སྨན་རྒྱུའི་ངོས་འཛིན་ལུགས་མི་འདྲ་བ་བྱུང་བ། བདུན་པ། རྒྱ་བསྒྱུར་ཐ་སྙད་མི་འདྲ་བའི་དབང་གིས་སྨན་རྫས་ངོས་འཛིན་གཅིག་གྱུར་མི་ཡོང་བ་སོགས་ཀྱི་རྐྱེན་པས་དེང་སྨན་རྒྱུ་ངོས་འཛིན་ཐོག་དཀའ་ངལ་འཕྲད་བཞིན་ཡོད་སྟབས། གཤམ་ལ་གུས་པས་གནད་དོན་འདི་དག་གྱི་ཐོག་ནས་ངོས་འཛིན་མི་འདྲ་བ་བྱུང་བའི་སྨན་རྒྱུ་འགའ་ཞིག་དཔེ་མཚོན་བརྗོད་པ་བྱ་བ་ལ།
དང་པོ། སྔར་གྱི་འཁྲུངས་དཔེ་ཁག་གི་ནང་ཚིག་བསྡུས་ཆེ་བ་དང་རིགས་དབྱེའི་ཁྱད་ཆོས་ཉུང་ཞིང་གོ་དཀའ་བ།
སྔར་གྱི་སྔོ་འབུམ་དང་འཁྲུངས་དཔེ་ཁག་གི་ནང་དུ་སྨན་རྒྱུ་འགའ་ཞིག་གི་ངོས་འཛིན་གསལ་འགྲེལ་གྱི་ཚིག་རྣམས་མདོར་བསྡུས་གྲགས་པ་དང་སྨན་རྫས་ཀྱི་ཁྱད་ཆོས་བརྗོད་སྐབས་ ཕན་ཚུན་འདྲ་བ་སོགས་ཀྱིས་རྐྱེན་པས་ངོས་འཛིན་བྱེད་དཀའ་བ། དཔེར་ན། སྒྲོལ་མའི་སྔོ་འབུམ་ལས། མེ་ཏོག་དཀར་པོ་སྐྱེས་པ་དེ། །དྲོད་མཆོག་ནིམ་པ་ཞེས་བྱ་བ། །དབྱི་ཆུང་བ་ཞེས་གྲགས་པ་ཡིན། །གྲང་སྐྲན་འདུལ་བའི་དར་ཡ་ཀན། །ཞེས་འདིར་བསྟན་པ་ནི་ནིམ་པར་ངོས་འཛིན་དང་ཡང་ན་དབྱི་མོང་དཀར་པོར་ངོས་འཛིན་མི་ཤེས་པ་དང་། ཡང་གཡུ་ཐོག་སྔོ་འབུམ་ལས། བྱེ་ཀྲོང་དཀར་པོ་སྤང་ལ་སྐྱེ། འདབ་མ་གཅན་གཟན་སྨ་ར་འདྲ། མེ་ཏོག་དཀར་ཆུང་སྤུངས་པ་འདྲ། གློ་ཡི་ནད་ལ་ཕན་པར་བཤད། ཅེས་གསུངས་པ་ལྟར་སྐབས་འདིར་བསྟན་པའི་བྱི་ཀྲོང་དཀར་མོ་ནི་བྱི་ཤང་དཀར་མོ་སྟག་གི་སྨ་ར་འདྲ་ཞེས་པ་འདྲ་ལ། ཡང་རྩ་ཨ་ཀྲོང་ཡང་འདྲ་བ་འདུག ཡང་དེ་ལས། སྔོན་མོ་ཆབ་འདྲེན་གཡའ་སྟོད་སྐྱེ། །མུ་ཡི་སྐམ་ས་དག་ཏུ་སྐྱེ། ། གཡའ་ལ་སྐྱེ་བ་སོར་བཞི་ཙམ། །མུ་ལ་སྐྱེ་བ་སོར་དོ་ཙམ། །ལོ་མ་ས་འབྱར་སྲད་ཆུང་འདྲ། །མེ་ཏོག་སྔོ་དམར་པད་མ་འདྲ། །གང་བུ་སྦུར་བའིསྨད་གོག་འདྲ། །དམུ་ཆུ་འཇོམས་པར་བྱེད་པའི་མཆོག །ཅེས་ གསུངས་པའི་སྐབས་འདིར་ཆབ་འདྲེན་གཞོན་ནུ་དང་སྲད་སྨུག་གང་ལ་ངོས་འཛིན་མིན་གཏན་ཁེལ་དཀའ་བ་སོགས་དེ་དང་འདྲ་བའི་དཔེ་མཚོན་མང་པོ་འདུག །
གཉིས་པ། སྔ་ཕྱིའི་འཁྲུངས་དཔེ་མི་འདྲ་བ་ཁག་གི་ནང་སྨན་མིང་མཐུན་ཡང་གསལ་འགྲེལ་མི་མཐུན་པ་མང་བ།
དཔེར་ན། ཉ་དུག་པར། སྒྲོལ་མའི་སྔོ་འབུམ་ལས། ཉ་དུག་དཀར་པོའི་མཚན་ཉིད་ནི། །ལོ་མ་གཡུ་ཡི་སྦར་ཞགས་འདྲ། །མེ་ཏོག་སེ་བའི་མེ་ཏོག་འདྲ། །རོ་ནི་མངར་ལ་ཚ་བ་ཡིན། །ནུས་པས་སྲིན་བུ་གསོད་པར་བྱེད། །ཉ་རྣམས་འཆི་དང་བརྒྱལ་བར་བྱེད། །ཅེས་དང་། ཡང་གཡུ་ཐོག་སྔོ་འབུམ་ལས། ཉ་དུག་པ་ནི་ན་ལ་སྐྱེ། །ལོ་མ་ས་འབྱར་སྲན་ཆུང་འདྲ། །རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །མེ་ཏོག་དམར་པོ་སྲན་མ་འདྲ། །ཞེས་གསུངས་པས་སྔོ་འབུམ་དེ་གཉིས་ཀྱི་ནང་དུ་ཉ་དུག་པའི་ངོས་འཛིན་ཁྱད་ཆོས་ཀྱི་གསལ་འགྲེལ་ཐད་ལ་ཅུང་ཟད་མི་འདྲ་བ་དང་། ཡང་ཆུ་རུག་སྦལ་ལག་ལ། འཇམ་དབྱངས་སྔོ་འབུམ་ལས། ཆུ་རུག་གཙང་པོའི་འགྲམ་རོང་ནང་དུ་སྐྱེ། །རྩ་བ་གཡུ་སྦྲུལ་འཁྱིལ་བ་འདྲ། །ལོ་མ་གཡུ་ཡི་ཁབ་ཙེ་འདྲ། །མེ་ཏོག་འབྲས་བུ་གང་ཡང་མེད། ། ཅེས་དང་། གཡུ་ཐོག་སྔོ་འབུམ་ལས། ཆུ་རུག་གཡའ་ཡི་ཆུ་འགྲམ་སྐྱེ། །ལོ་མ་སྔོ་དམར་སྤུངས་པ་འདྲ། །མེ་ཏོག་སྔོ་སྐྱ་སྲད་མ་འདྲ། །རྩ་བ་འཁྱོག་ཅིང་རོ་ནི་མངར། །རིང་ཐུང་སོར་བཞི་སོར་ལྔ་ཙམ། །ཞེས་དང་། ཡང་སྒོང་ཐོག་པར། སྒྲོལ་མའི་སྔོ་འབུམ་ལས། མུ་ཉུང་སེར་པོ་ཞེས་བྱ་བ། །ཉིན་སྲིབ་ཁྱད་མེད་རི་ལ་སྐྱེས། །ལོ་མ་ཕྲ་མོ་སྡོང་བུ་རིང་། །མེ་ཏོག་སེར་པོ་མདངས་དང་ལྡན། །འབྲས་བུ་ཤང་རྩེའི་འབྲས་བུ་འདྲ། ། ཞེས་དང་། ཤེལ་ཕྲེང་། འཁྲུངས་དཔེར། སྒང་ཐོག་འབར་བ་ཞེས་བྱ་བ། །ག་བུར་ཟིལ་གནོན་ཞེས་ཀྱང་བྱ། །སྐམ་སའི་གྲམ་དང་ཞིང་མུར་སྐྱེ། །ལོ་མ་ལ་ཕུག་རྩ་བ་འདྲ། །སྡོང་པོ་གཅིག་ལ་ཡང་ག་མང་། །ཡལ་གར་མེ་ཏོག་སེར་པོ་རྒྱས། །གང་བུ་རིང་ལ་ཐང་ལོ་འདྲ། །འབྲས་བུ་གསེར་གྱི་བྱེ་མ་འདྲ། །ཞེས་གསུངས་པས་ཤེལ་ཕྲེང་ལས་བསྟན་པའི་འཁྲུངས་དཔེར་གསལ་བ་ནི་ཤང་ཚེ་མིན་ནམ་སྙམ། མདོར་ན། སྔ་ཕྱིའི་སྔོ་འབུམ་དང་འཁྲུངས་དཔེ་མི་འདྲ་བ་ཁག་གི་ནང་སྨན་རྫས་སོ་སོའི་ཐ་སྙད་མཐུན་ཡང་གསལ་འགྲེལ་མི་མཐུན་པ་སོགས་མང་བས། སྨན་རྒྱུའི་ངོས་ འཛིན་སྐབས་ལའང་འགོག་རྐྱེན་འཕྲད་བཞིན་ཡོད།
གསུམ་པ། འཁྲུངས་དཔེ་ཁག་གི་ཚིག་དོན་ལ་དགོངས་འགྲེལ་དང་བཞེད་པ་མི་མཐུན་པ་མང་བ།
དཔེར་ན། ཤུ་ཏི་ལ་མཚོན་ན། ཤེལ་ཕྲེང་ལས། ཤུ་ཏི་ནི་གཙང་ཤོད་ཀྱི་ལྡུམ་རར་སྐྱེ། སྐྱེ་ཚུལ་འུ་སུ་རང་དང་འདྲ་བ་ལས་མེ་ཏོག་སེར་པོ་ཡིན། དྲི་ངར་ཤིན་ཏུ་ཆེ། ཡན་ལག་བརྒྱད་པ་དང་། བདུད་རྩི་སྙིང་པོ་སོགས་སུ་ཤུ་ཏི་སྤྲུ་བའི་འབྲས་བུ་འདྲ་བར་ཡོད་ཅེས་གསུངས། འདྲ་ཡིག་དུང་མིག་ལས། ཤུ་ཏི་སྤྲུ་བའི་འབྲས་བུ་འདྲ། ། ཞེས་གསུངས། ཡི་གེ་མ་དག་པ་ཞིག་ལ་ཤུ་ཏི་སྤྲུ་བའི་འབྲས་བུ་ཡིན། ཟེར་བ་ཡོད་འདུག་པའི་རྗེས་སུ་འབྲངས་ནས་ཕལ་ཆེར་དུ། ཤུ་ཏི་སྤྲུ་བའི་འབྲས་བུ་ཡིན་གསུངས་པ་མ་དག་གོ །དོན་དུ་འདི་དཀར་ནག་གི་ཁྱད་པར་མ་གཏོགས་འུ་སུ་ཡིན། ཞེས་གསུངས་སོ། །ཡང་ཤེལ་ཕྲེང་ལས། གཟའ་དུག་ནག་པོར། དེ་ཉིད་དུ། འདི་ལ་འདྲ་དང་ཐང་དངོས་གསུམ། །གསུངས་པའི་སྐབས། དངོས་ནི་བོད་ལས་སྐྱེ་བ་དཀའ། ། ཞེས་པར་གསུངས་པར་ཕྱིས་སུ་འགྲེལ་པ་འགའ་ཞིག་ནང་དུ་དངོས་ནི་བོད་དུ་མི་སྐྱེ་བ་ཡིན་ཞེས་གསུངས་ པ་དང་། རྒྱ་ཡིག་ཏུ་འགྱུར་བའི་ཤེལ་ཕྲེང་དུའང་བོད་དུ་མི་སྐྱེ་ཞེས་གསུངས་སོ།
བཞི་པ། ཡུལ་ལུང་སོ་སོའི་སྨན་རྒྱུ་བེད་སྤྱོད་དང་ངོས་འཛིན་མི་མཐུན་པ་མང་བ།
ཡུལ་ལུང་སོ་སོའི་ས་བབས་དང་ཁོར་ཡུག་གིས་རྐྱེན་པས་སྨན་རྫས་འགའ་ཞིག་སྐྱེ་གནས་ཀྱི་ཁྱད་པར་དབང་གིས་ཕྱིའི་སྐྱེ་དབྱིབས་ཅུང་ཟད་མི་མཐུན་པ་དང་ཡང་འགའ་ཞིག་ཡུལ་ལུང་འགར་སྐྱེས་ཀྱང་འགར་མི་སྐྱེ་བའི་དབང་གིས་ངོས་འཛིན་མི་མཐུན་པ་ཡོང་བ། དཔེར་ན། དབུས་ཕྱོགས་སུ་ངོས་འཛིན་པའི་སེར་པོ་རྒུ་དྲུས་འདི་ཁམས་ཕྱོགས་སུ་སྔོ་སྒ་ཆུང་བར་ངོས་འཛིན་པ་དང་། ཁམས་ཕྱོགས་སུ་ངོས་འཛིན་གནང་བའི་གཟའ་དུག་ནག་པོ་ནི་དབུས་ཕྱོགས་སུ་གཟའ་བདུད་དགུ་མགོ་ཡིན་པ་དང་། དབུས་ ཕྱོགས་ནས་ངོས་འཛིན་པའི་གཟའ་དུག་ནག་པོ་ནི་མེ་ཏོག་སྔོན་པོ་པྲི་ཡང་ཀུ་དང་འདྲ་བ་དེའོ། དེང་དབུས་ཕྱོགས་ཀྱི་སྨན་བཟོ་གྲྭ་ཚང་མའི་ནང་མུ་ཏིག་༧༠དང་གྲང་སྦྱོར་སོགས་སུ་དེ་རང་བེད་སྤྱོད་གནང་གི་འདུག །ཡང་ཁམས་ཕྱོགས་ཀྱི་གླ་བ་སྲད་མ་དེ་ཡང་དབུས་ཕྱོགས་ཀྱི་གཟའ་དུག་དཀར་པོ་ཞེས་བརྗོད། དེ་ནས་སྤྱང་དུག་པའི་ངོས་འཛིན་ཡང་མདོ་དབུས་ཁམས་གསུམ་དུ་ངོས་འཛིན་མི་འདྲ་བ་གསུམ་ཙམ་དབྱེ་རྒྱུ་འདུག །ཡང་ཁམས་ཕྱོགས་ཀྱི་ཕུར་མོང་འདི་དབུས་ཕྱོགས་ཀྱི་ཞིམ་ཐིག་ནག་པོར་ངོས་འཛིན་པ་དང་། དབུས་ཕྱོགས་མེ་ཏོག་སེར་ལ་ལོ་མ་རྟ་ཕོའི་སྨད་གདན་འདྲ་བའི་བྱ་རྒོད་སུག་པ་རྟ་ཕོའི་སྨད་གདན་འདྲ་ཞེས་པར་ངོས་འཛིན་པ་དང་། ཡང་ཁམས་ཕྱོགས་ཀྱི་གངས་ལྷ་མེ་ཏོག་ལ་ངོས་འཛིན་འདུག །དེ་ནས་དབུས་སུ་ངོས་འཛིན་པའི་ཆུ་དེ་བ་འདི་ཁམས་ཕྱོགས་སུ་སྔོ་ཁྱུང་སྡེར་དཀར་པོར་ངོས་འཛིན་པ་དང་ཙི་ཙི་ས་འཛིན་དེ་ཡང་མཚོ་སྔོན་རྒྱུད་ནས་ཆུ་མ་ཙི་ལ་ངོས་འཛིན་གནང་བས་དོན་དུ་ཙི་ཙི་ཞེས་པ་འདི་དབུས་གཙང་གི་སྐད་རེད་འདུག །ཤུ་མོ་ཟ་ཞེས་པ་དེ་ཁམས་ཕྱོགས་སུ་མི་སྐྱེ་བས་དབུས་ཕྱོགས་ཀྱི་ངོས་འཛིན་རང་ཡིན་པ་དང་། ཡང་སེང་གེ་འཇིགས་མེད་ཅེས་པ་འཁྲུངས་དཔེའི་ནང་འདི་དབུས་ཕྱོགས་སོགས་ས་གནས་གཞན་ལ་མེད་ཅེས་གསུངས། གསོར་ལྡེམ་པ་འདི་དབུས་ཕྱོགས་སུ་ཆུ་རུག་སྦལ་ལག་ལ་ངོས་འཛིན་པ་དང་ཡང་ཁམས་ཕྱོགས་ཀྱི་ཆ་རུག་སྦལ་ལག་འདི་དབུས་ཕྱོགས་སུ་སྔོ་ཆུ་སྲིན་སྡེར་མོར་ངོས་འཛིན་པ་དང་། དབུས་ཕྱོགས་སུ་ངོས་འཛིན་པའི་སྟོང་རི་ཟིལ་པ་འདི་ཁམས་ཕྱོགས་དང་མདོ་སྨད་ཁུལ་དུ་རེ་སྐོན་རྩི་དམར་ལ་ངོས་འཛིན་གནང་བ། ཡང་དབུས་ཕྱོགས་སུ་ངོས་འཛིན་པའི་དགའ་ལྡན་སྤུ་ཇ་དངུལ་སྐུད་དམན་པ་འདི་མདོ་ཁམས་ཁུལ་དུ་རྩ་མཁྲིས་བ་མོ་ཁ་ལ་ངོས་འཛིན་པ་སོགས་ཡུལ་ལུང་སོ་སོའི་སྨན་རྒྱུའི་བེད་སྤྱོད་དང་ཁྱད་ཆོས་ལ་གཞིགས་ནས་ངོས་འཛིན་ཡང་ཅུང་མི་འདྲ་བ་བྱུང་འདུག །
ལྔ་པ། སྨན་རྫས་མཐུན་ཡང་ཐ་སྙད་འདོགས་ལུགས་མི་མཐུན་པ།
དཔེར་ན། དབུས་སུ་མིང་ཅན་སེར་པོ་དང་སྒ་ཏིག་སྨུག་པོ་ལ་ཁམས་ཕྱོགས་སུ་མིང་ཅན་ནག་པོ་དང་སྒ་ཏིག་ནག་པོ་ཞེས་འབོད་པ་དང་། དབུས་ཕྱོགས་སུ་སྒྲོ་དཀར་དང་ཆབ་མདོའི་ཁུལ་ནས་ཤིང་ཨ་ཀྲོང་ཞེས་འབོད་པ། ཡང་འཇམ་དབྱངས་སྔོ་འབུམ་སོགས་སུ་ལྕེ་ཚ་ལ་བོང་བུ་ལན་ཚྭ་ཞེས་འབོད་པ་དང་སྒྲོལ་མའི་སྔོ་འབུམ་སོགས་སུ་སྒོང་ཐོག་པར་མུ་ཉུང་སེར་པོ་ཞེས་འབོད་པ་དང་སྲད་སྨུག་ལ་རྐྱལ་པ་ཆུ་ཐུབ་ཟེར་ཞིང་། འདི་ནུས་པའི་ཐོག་ནས་བཏགས་པ་སོགས་སྨན་རྫས་མཐུན་ཡང་མིང་འདོགས་ལུགས་མི་འདྲ་བ་མང་།
དྲུག་པ། གཞུང་ལུགས་ཀྱི་གཞི་འཛིན་ས་མི་འདྲ་བར་ལུགས་སོ་སོའི་ལག་ལེན་ཁྱད་ཆོས་ལ་བརྟེན་ནས་སྨན་རྒྱུའི་ངོས་འཛིན་ལུགས་མི་འདྲ་བ་བྱུང་བ།
དཔེར་ན། བ་ཤ་ཀ་ལའང་ཤིང་བ་ཤ་ཀ་དང་སྔོ་བ་ཤ་ཀ་ཞེས་དབྱེ་ཞིང་སྔོ་བ་ཤ་ཀ་ལའང་དབུས་ལུགས་སུ་སྔོ་ལྡུམ་ནག་དོམ་མཁྲིས་ལ་ངོས་འཛིན་པ་དང་། ཁམས་ལུགས་སུ་གཡུ་ལྡུམ་གསེར་མགོར་ངོས་འཛིན་པ་ཡིན། རུ་རྟ་ཞེས་བྱང་ལུགས་ཀྱི་པུ་གར་མུ་ལར་ངོས་འཛིན་པ་དང་དབུས་ལུགས་ཀྱི་བྱ་རོག་ཉུང་མ་འདྲ་བ་ལས་དེ་མིན། ཤ་ཕོ་རུ་རྟ་ཞེས་པ་འདི་དབུས་ལུགས་ཀྱི་རུ་རྟ་རང་ལ་གོ །ཟུར་ལུགས་ཀྱི་བྱ་ཕོ་ཙི་ཙི་ཞེས་ཤིང་སྐྱུ་རུ་མ་ལ་ངོས་འཛིན་པ་དང་། གཉན་ཐུབ་པ་ངོས་འཛིན་ཡང་མི་འདྲ་བས་ཁམས་ལུགས་སུ་ངོས་འཛིན་པའི་གཉན་ཐུབ་པ་ནི་དབུས་ལུགས་སུ་ཚན་སེར་ལ་ངོས་འཛིན་པ་སོགས་བྱང་ཟུར་གཉིས་གཙོ་བོ་གནང་བའི་གཞུང་ལུགས་ཀྱི་གཞི་འཛིན་ས་མི་འདྲ་བའི་དབང་གིས་ངོས་འཛིན་ཡང་མི་འདྲ་བ་ཅུང་ཟད་བྱུང་བ།
བདུན་པ། རྒྱ་བསྒྱུར་ཐ་སྙད་མི་འདྲ་བའི་དབང་གིས་སྨན་རྫས་ངོས་འཛིན་གཅིག་གྱུར་མི་ཡོང་བ།
དཔེར་ན། གུ་གུལ་ཞེས་པར་དེང་དུས་བོད་སྨན་རྒྱ་ཡིག་ཏུ་བསྒྱུར་བ་འགའ་ཞིག་ནང་"没药"ཞེས་སྡེ་ཚན་མཚུངས་པའི་ཤིང་ཞིག་གི་ཐང་ཆུ་དང་"安息香"ཞེས་པ་སོགས་ལ་བསྒྱུར་འདུག་ཀྱང་དེ་དག་གི་རྒྱུ་ནི་གུ་གུལ་མ་ཡིན་ཞིང་ཤིང་གཞན་གྱི་ཐང་ཆུ་ཡིན་པས་གུ་གུལ་གྱི་དམིགས་བསལ་དྲི་ཞིམ་འདི་མེད་པས་མ་ནོར་བ་གལ་ཆེ། ཡང་"大志"ཞེས་པ་འདི་བོད་སྐད་དུ་ཐད་བསྒྱུར་བྱས་པ་ཞིག་ཡིན་ཞིང་"五味子"ཞེས་པ་འདི་ཀྲུང་ལུགས་གསོ་རིག་གི་སྨན་རྫས་ཞིག་ཡིན་པ་དང་རོ་སྐྱུར་མོ་ཅན་ཞིག་ལ་ད་ཏྲིག་མཛད་ཀྱང་འདི་གཉིས་རོ་མཚུངས་པ་དང་ཟག་གཅོད་ཀྱི་ནུས་པ་ཡོད་པས་ཚབ་ཙམ་ལས་ད་ཏྲིག་དངོས་མ་ཡིན། བྱས་ཙང་"盐肤果"ཞེས་པའི་ཐ་སྙད་འདི་འགྲིག་པར་བསམ། དེ་མིན་སྤོས་དཀར་ལ་རུའུ་ཤང་"乳香"ཞེས་པར་བསྒྱུར་བས་འདི་དང་ར་མི་འཕྲོད་ཅིང་དབྱིབས་དང་ཁ་དོག་མཚན་ཉིད་གང་ཐད་ནས་ཀྱང་མི་མཚུངས་ཏེ་"乳香"ཞེས་པ་ནི་ཁ་ཧྲེ་རུའུ་ཤང་ཧྲུའུ་"卡氏乳香树"ཞེས་པ་ལས་བྱུང་། དེང་བཟོ་གྲྭ་མང་ཆེ་བས་"乳香"ཞེས་ཐ་སྙད་འདི་སྤྱོད་ནའང་སྨན་རྒྱུ་དངོས་ལ་བལྟ་སྐབས་སྤོས་དཀར་"琥珀"རང་རེད་འདུག། དེར་བརྟེན་བོད་ལུགས་སྨན་རྫས་ཀྱི་རྒྱ་ཡིག་སྨན་མིང་ངོསའཛིན་གཅིག་འགྱུར་མེད་པ་དང་སྨན་རྫས་གཅིག་ལ་སྨན་མིང་མང་པོ་ཞིག་ལ་འགྱུར་བའི་གནད་དོན་དག་བོད་ལུགས་སྨན་རྫས་ནང་དུ་རྒྱུན་འཇམས་སུ་འགྲོ་མུས་ཡིན།
གཞུང་ལུགས་ཀྱི་གཞི་འཛིན་ས་མི་འདྲ་བ་དང་ཡུལ་སོ་སོའི་ཁྱད་ཆོས་དང་ཡུལ་སྐད་ལ་གཞིགས་ཏེ་སྨན་རྫས་གཅིག་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་དང་ཡང་ན་འགའ་ཞིག་མིང་མཚུངས་ཀྱང་རྫས་མི་འདྲ་བ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐོན་ནས་བོད་ལུགས་སྨན་རྫས་ཞིབ་འཇུག་བྱེད་སྐབས་དོན་དངོས་གཞི་གང་ལ་འཛིན་དགོས་མིན་མི་ཤེས་པའི་གནས་སུ་གྱར་ཡོད་པ་མ་ཟད་དེས་སྨན་རྫས་ངོས་འཛིན་གཅིག་གྱུར་ཡོང་བ་བྱ་རྒྱུར་འགོག་རྐྱེན་ཆེན་པོ་བཟོ་བ་དང་ལྷག་དོན་བོད་སྨན་གྱི་སྨན་རྒྱུ་དངོས་ལ་ཞིབ་འཇུག་མ་བྱས་པར་དེ་ལས་ལྡོག་སྟེ་ཀྲུང་ལུགས་ཀྱི་སྨན་འདི་དང་འདི་མིན་ནམ་སྙམ་པའི་འོལ་ཚོད་ཀྱིས་བོད་སྨན་སྨན་སྦྱོར་དུ་བཀོལ་སྤྱོད་བྱེད་པ་སོགས་མདོར་ན་གནད་དོན་དེའི་ཐད་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། བོད་ལུགས་སྨན་རྫས་ཀྱི་སྨན་རྒྱུ་ཟང་ཟིང་དུ་གྱུར་བ་དང་དེས་རྐྱེན་པས་བོད་ལུགས་སྨན་རྫས་ཞིབ་འཇུག་ལས་ཀ་དང་སྨན་རྒྱུ་འཐུ་སྒྲུབ་ལས་ཀ་བདེ་བླགས་ངང་ལེགས་གྲུབ་ཡོང་དཀའ་བ་ལྷག་པར་དུ་བོད་སྨན་ཚད་གཞི་ལྡན་པ་ཞིག་དེ་བས་ཡོང་དཀའ་བ་སོགས་ཀྱི་གནས་ཚུལ་ཇི་སྙིད་ཞིག་འཕྲད་ངེས་ཡིན་པས་བོད་ལུགས་སྨན་རྫས་ཀྱི་སྨན་རྒྱུ་ངོས་འཛིན་བྱ་བའི་སྐབས་སུ་ངེས་པར་དུ་སྔོན་གྱི་སྔོ་འབུམ་དང་འཁྲུངས་དཔེ་ཁག་ལ་གཞི་བཅོལ་བ་དང་བསྒྱུར་ཡིག་གི་ཐ་སྙད་ཀྱང་བོད་སྨན་རང་གི་ཁྱད་ཆོས་ དངོས་ལ་གཞིགས་ནས་ཕབ་བསྒྱུར་བྱ་དགོས་པ་དང་དེ་བཞིན་ཕབ་བསྒྱུར་གྱི་ཐ་སྙད་ཁག་གཅིག་གྱུར་ཡོང་བ་བྱ་དགོས་པ་ནི་བོད་ལུགས་སྨན་རྫས་ཚད་ལྡན་དང་གཅིག་གྱུར་ཡོང་བའི་རྒྱུ་ཆ་གལ་ཆེ་ཞིག་ཡིན། དེས་ན་བོད་ལུགས་སྨན་རྫས་ཀྱི་རིག་པའི་གཞུང་ལུགས་རྒྱ་ཆེ་ཞིང་ནང་དོན་གཏིང་གཟབ་པ་ཞིག་ཡིན་ལ་དེར་སློབ་སྦྱོང་དང་རྒྱུན་འཛིན་འཕེལ་རྒྱས་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་དུས་རབས་འདིའི་གཞོན་སྐྱེས་བློ་གསལ་རྣམས་ཀྱི་ཕྲག་སྟེང་དུ་བབས་པའི་ལས་འགན་ཞིག་ཡིན་པར་བསམ་ནས་ཁོ་བོས་རང་བློ་གང་དཔོག་གིས་བོད་ལུགས་སྨན་རྫས་རིག་པ་ལས་ངོས་འཛིན་མི་འདྲ་བའི་སྨན་རྒྱུའི་དོགས་གནད་ལ་དཔྱད་གླེང་ཞུས་པས་འདིའི་ནང་གཞུང་ལུགས་དང་མི་མཐུན་པ་ལོག་པར་རྟོགས་པ་དང་བརྗོད་དོན་ཕྱིན་ཅི་ལོག་པ་སོགས་ཀྱི་འགལ་འཁྲུལ་ཡོད་ངེས་པས་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གང་མང་ཡོད་པ་མཁྱེན། མཁྱེན། མཁྱེན།།
དཔྱད་གཞིའི་ཡིག་ཆ།
༡、རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢、 འཁྲུངས་དཔེ་ངོ་མཚར་གསེར་གྱི་སྙེ་མ། མཁྱེན་རབ་ནོར་བུས་མཛད།
༣、 ཆ་ཧར་དགེ་བཤེས་ཀྱི་སྨན་ཡིག བློ་བཟང་ཚུལ་ཁྲིམས་སོགས། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༤、 སུམ་པའི་སྨན་ཡིག་ཕྱོགས་བསྒྲིགས། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༥、 མེས་པོའི་དགོངས་རྒྱན། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༦、 ཤེལ་གོང་ཤེལ་ཕྲེང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༧、བདུད་རྩི་སྨན་གྱི་འཁྲུངས་དཔེ། ཀརྨ་ཆོས་འཕེལ་གྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༨、 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་། དགའ་བའི་རྡོ་རྗེས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༩、འཁྲུངས་དཔེ་གཡའ་བྲལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། འབྲི་ཚ་དཔལ་ལྡན་རྒྱ་མཚོ་སོགས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༡༠、ཀྲུང་ཧྭ་སྔོ་འབུམ་བོད་ལུགས་སྨན་རྫས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
(བོད་ལུགས་གསོ་རིག་སློབ་ཆེན་སྨན་རིག་ཚན་ཁག་གི་བསྟན་འཛིན་ཆོས་འཕེལ)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣