ཉོན་མོངས་ནད་གདོན་འཇིགས་པས་ཉེན་པ་ཡི།།
འགྲོ་ཚོགས་ཟུག་རྔུའི་གདུང་བ་སྙིལ་བྱེད་སྨན།།
བསིལ་ལྡན་ཡོལ་གོར་སྐྱིལ་མཛད་ཡོན་ཏན་མགོན།།
ཐུགས་རྗེ་མཚུངས་མེད་གཡུ་ཐོག་པ་དེར་འདུད།།
དུས་ཀྱི་ཚད་རིམས་དྲུངས་ནས་འཇོམས་པ་ལ།།
བསིལ་བའི་ཟིལ་པ་བདུད་རྩིར་འཇོ་བའི་གཉེན།།
སྔོ་ཡི་བུ་མོའི་རྟོགས་པ་བརྗོད་པའི་གཏམ།།
སྙན་འཇེབས་ངག་གི་ཕྲེང་བའི་ཟོལ་དུ་སྤེལ།།
༡ ཧོང་ལེན།
སྔོན་མོའི་སྤང་དང་གཡའ་ཤག་འགྲིམ་པ་ཡི།།
བདུད་རྩི་ག་བུར་ཟིལ་གནོན་སྨན་གྱི་ལྕམ།།
མར་གད་མདངས་ཀྱིས་མཛེས་པའི་ལོ་མ་དང་།།
གཡུ་དང་མུ་མེན་དུང་གི་མེ་ཏོག་བཀྲ།།
རྩ་བ་ལྷ་བྱའི་བྲུན་འདྲ་རྨ་ཚད་དང།།
གཟེར་ཐུང་ལ་སོགས་ཚད་རིམས་ཀུན་འཇོམས་པས།།
བདུད་རྩི་སྨན་རིགས་ཀུན་གྱི་ནང་བློན་དང་།།
སྔོ་སྨན་བུ་མོ་བདུན་གྱི་གཅེན་མོ་ཡིན།།
༢ བོང་དཀར།
གངས་ལྗོངས་ས་མཐོའི་རི་སུལ་ཀུན་འགྲིམ་པའི།།
གངས་ཀྱི་ཞུན་ཆུང་ལོ་མའི་དཔལ་བེའུ་ཅན།།
གཡུ་དང་དུང་མདོག་འདྲེས་པའི་མེ་ཏོག་དང་།།
དུང་རྩ་གླང་ཆེན་གཞོན་ནུའི་མཆེ་བ་འདྲ།།
རིམས་དུག་མཁྲིས་ཚད་འཇོམས་པའི་གཙོ་མོ་རུ།།
སྨན་ལྗོངས་ཁ་བའི་ཞིང་དུ་བྱོན་པ་ཁྱོད།།
བདུད་རྩི་སྨན་རྣམས་ཀུན་གྱི་ཕོ་ཉ་དང་།།
སྔོ་སྨན་བུ་མོའི་གཅེན་མོ་འབྲིང་བར་ངེས།།
༣ སྟོང་ཟིལ།
ས་མཐོའི་རྫ་དང་གངས་ཀྱི་ཆུ་ཤུལ་དུ།།
ལྗོན་པའི་དབྱིབས་ཅན་རལ་པ་ལྗང་གུས་མཛེས།།
དྲུག་དཀར་དྲུག་དམར་གཡུ་ཡི་མེ་ཏོག་གིས།།
དབུ་སྐྱེས་ལན་ཚར་རྒྱན་དུ་སྤུད་པ་མོ།།
མཁྲིས་ཚད་སྤྱི་དང་གབ་པའི་ཚད་པ་ལ།།
བདུད་རྩི་ཐིངས་མཆོག་ལས་ཀྱང་བྲིན་པ་ཁྱོད།།
བསིལ་སྨན་ཟིལ་པའི་བདག་མོ་གཅིག་པུ་སྟེ།།
སྔོ་སྨན་བདུན་གྱི་གཅེན་མོ་ཆུང་བའང་ལགས།།
༤ གཡའ་སྐྱི་མོ།
རི་རྩེའི་རྫ་མགོ་འགྲིམ་པའི་ངལ་བ་ཡིས།།
གངས་ཀྱི་ཞུན་ཁུ་འཐུང་བའི་ཟླ་བསིལ་མ།།
ལོ་མའི་ཁ་དོག་ལྗང་གུའི་ན་བཟའ་ཅན།།
གསེར་དངུལ་ཟངས་ཀྱི་མེ་ཏོག་ཀུན་ནས་མཛེས།།
ཁ་བའི་རོ་དང་བསིལ་བའི་ནུས་པ་ཡིས།།
མཁྲིས་ནད་ཞི་སྦྱོང་བྱེད་པའི་གཙོ་མོ་དང་།།
སྔོ་ཡི་སྨན་མོ་མཛེས་པའི་གྲལ་རྭ་ནས།།
ཤིན་ཏུ་གཅེས་པའི་སྤུན་མོ་འབྲིང་བར་གྲགས།།
༥ སྤང་རྩི།
གངས་རིའི་ཀླུང་ཤོད་ཀུན་ཏུ་འགྲིམ་མཁས་པའི།།
ཆིག་ཐུབ་དཀར་མོ་མཆོང་གི་དབུ་སྐྱེས་ཅན།།
གཡུ་ལོའི་ཉག་མ་སོག་ལེ་ཆེན་པོའི་དབྱིབས།།
དུང་གི་རྐང་པས་སྔོན་མོའི་སྤང་ལྗོངས་ཉུལ།།
རིམས་དུག་ཚ་བ་གསར་རྙིང་དྲེགས་གྲུམ་དང་།།
ཁྲག་འཁྲུགས་རྒྱུ་གཟེར་འཇོམས་པའི་བདུད་རྩི་རུ།།
སྨན་གྱི་གཙོ་མོར་བཞེངས་པའི་སྤང་རྩི་ཁྱོད།།
སྔོ་སྨན་བདུན་གྱི་གཅུང་མོ་རྒན་པར་ངེས།།
༦ སུམ་ཏིག
གཡའ་སྤང་ནགས་དང་བྲག་གི་ཐེམ་སྐས་ཀུན།།
ལང་ཚོའི་མཛེས་པས་ཁྱབ་པའི་སུམ་ཅུ་ཏིག།
པད་གདན་ཟངས་གོས་གསེར་གྱི་ཕྲེང་བས་སྤུད།།
རི་ཡི་བཅུད་ཀུན་གསོལ་བའི་མཛེས་པ་མོ།།
གསེར་དངུལ་ཟངས་དང་བཅས་པའི་དཔུང་ཚོཊ་ཀྱིས།།
མཁྲིས་པའི་ཚ་བ་འཇོམས་པའི་ལས་མཛད་ཅིང་།།
རིགས་ཀྱི་ནུ་མོར་གྲགས་པའི་མཚན་གྱི་དབྱངས།།
གངས་ཅན་རི་ཡི་མགུལ་དུ་འཁྱུད་པར་རྩོམ།།
༧ གང་ཆུང་།
རབ་མཐོའི་གཡའ་དང་རྫ་མགོ་འགྲིམ་པ་ཡི།།
དུག་དང་ཚད་འཁྲུའི་གཉེན་པོ་དར་ཡ་ཀན།།
ལྗང་མདོག་ལོ་མའི་རྒྱལ་མཚན་སྒྲེང་བ་ཡི།།
རྩེ་མོར་དུང་གི་མེ་ཏོག་ཚོམ་བུར་དགོད།།
སྔོ་དང་དམར་བའི་འོད་ཀྱིས་འཁྱུད་པ་མོས།།
ཁྲག་དང་མཁྲིས་པ་ལས་གྱུར་ཚ་བའི་རིགས།།
མེ་ལ་ཆུ་ཡི་འཕང་ལོ་ཐེབས་པ་ལྟར།།
འཇོམས་པའི་སྨན་མཆོག་གངས་སྐྱེས་ཨ་བྷི་ཥ།།
དེ་ལྟར་ཚད་རིམས་ཀུན་སེལ་སྨན་གྱི་ཕུལ།།
སྔོ་ཡི་བུ་མོ་བདུན་ཞེས་གྲགས་པའི་གཏམ།།
རིག་བྱེད་ཚིག་ཕྲེང་མཛེས་པའི་ངག་གིས་བསྐུལ།།
དགེ་བས་ཟུག་རྔུའི་ཚ་གདུང་ཀུན་སེལ་ཤོག།