དབུ་ཤོག>བོད་ལུགས་གསོ་རིག
  • སྤྱི་ལོ་2020ལོར་སླེབས་དུས་བོད་ཀྱིས་རྫོང་ཡོངས་ལ་བོད་སྨན་ཁང་བཙུགས་ཚར་བ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2017-04-19

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བོད་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཚན་པས་མཉམ་འབྲེལ་ཐོག་གཏན་འབེབས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་བོད་སྨན་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བའི་ལས་གཞིའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་བྱ་སྤྱོད་འཆར་གཞིའི་ལག་བསྟར་ཇུས་གཞི་ཞེས་པ་ཉེ་དུས་དངོས་སུ་ཁྱབ་བསྒྲགས་བྱས་ཡོད།

    གཞི་རིམ་དུ་བོད་སྨན་གྱི་ཞབས་ཞུའི་དྲ་བ་འཛུགས་སྐྱོང་བྱེད་པའི་ཐད། སྤྱི་ལོ་2020ལོར་སླེབས་དུས་ལྗོངས་ཡོངས་ཀྱི་རྫོང་ཚང་མར་བོད་སྨན་ཁང་ཡོད་པ་མ་ཟད་རྫོང་རིམ་པའི་བོད་སྨན་ཁང་འཛུགས་སྐྲུན་གྱི་ཚད་གཞིར་སླེབས་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་ཚང་མར་བོད་སྨན་གྱི་ཞབས་ཞུའི་ནུས་པ་ལྡན་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་ཚང་མས་བོད་སྨན་ནམ་ཡང་ན་བོད་ལུགས་དང་ཕྱི་ལུགས་ཟུང་སྦྲེལ་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་ཐུབ་པ། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་བརྒྱ་ཆ་80དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཚང་མར་བོད་སྨན་ཁང་སོགས་བོད་ལུགས་གསོ་རིག་གི་ཕྱོགས་སྡུད་ཞབས་ཞུའི་ཁུལ་བཙུགས་ཚར་བ་བྱ་རྒྱུ་ཡིན་པ་རེད།

    ལག་བསྟར་ཇུས་གཞིའི་ནང་། རྫོང་རིམ་པའི་བོད་སྨན་ཁང་གིས་གཞི་རིམ་མཛུབ་ཁྲིད་ཚན་པ་བཀོད་སྒྲིག་བྱས་ཏེ་གཞི་རིམ་བོད་སྨན་ཞབས་ཞུར་མཛུབ་ཁྲིད་བྱེད་པའི་ལས་འགན་འཁུར་དགོས། སྨན་བཅོས་མཉམ་འབྲེལ་མ་ལག་འཛུགས་པ་དང་། སྨན་པ་བཀའ་བཅུ་པས་ས་ཚིགས་མང་པོར་ལས་དོན་སྒྲུབ་པ་སོགས་ཀྱི་རྣམ་པ་བརྒྱུད་གྲོང་ཁྱེར་དང་ས་ཁུལ་རིམ་པ་ཡན་གྱི་སྨན་རྩིས་ཁང་གིས་སྨན་པ་བཀའ་བཅུ་པ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ལས་དོན་སྒྲུབ་པར་བསྐྱོད་པའམ་ཡང་ན་དུས་བཀག་ནད་བརྟག་སྨན་བཅོས་དང་སྐོར་ཞིབ་ནད་བརྟག་སྨན་བཅོས་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་བོད་སྨན་གྱི་ཐབས་ལ་བརྟེན་ནས་ནད་བརྟག་དཔྱད་དང་སྨན་བཅོས་བྱེད་ཚད་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱས་ཏེ་གཞི་རིམ་སྨན་བཅོས་ལས་ཁུངས་སུ་ནད་བརྟག་དཔྱད་དང་སྨན་བཅོས་བྱེད་ཚད་ཀྱི་བརྒྱ་ཆ་35ཡན་ཟིན་པ་བྱེད་དགོས་ཞེས་བསྟན་ཡོད།

    གཞན་ཡང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། བོད་སྨན་ཁང་གི་དོ་དམ་སྡེ་ཁག་གིས་རང་གྲོང་ཁྱེར་དང་ས་ཁུལ་གྱི་སྨན་རྩིས་ཁང་གི་བདེ་ཐང་གི་དོ་དམ་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ་སྤྱི་ལོ་2020ལོར་སླེབས་དུས་རང་ལོ་65ཡན་ལ་སོན་པའི་རྒན་རྒོན་དང་ལོ་གསུམ་མན་གྱི་བྱིས་པར་བོད་ལུགས་གསོ་རིག་གི་བདེ་ཐང་དོ་དམ་བྱེད་ཚད་བརྒྱ་ཆ་60ཟིན་པ་བྱ་རྒྱུ་དང་། ལྷག་པར་དུ་སྦྲུམ་མ་དང་གཟུགས་གཞི་བདེ་པོ་མེད་པ། ཁྲག་ཤེད་མཐོ་བ་སོགས་གཅོང་ནད་ཕོག་པའི་ནད་པའི་བདེ་ཐང་དོ་དམ་ཁྲོད་བོད་སྨན་གྱི་བཟང་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།