ཐུན་མོང་མ་ཡིན་པའི་སྡེ་ཁུལ་གྱི་བོད་སྨན་ཁ་ཚར་ཁང་།
བོད་ལུགས་གསོ་རིག་སྨན་རྫས་ནི་བོད་རང་ནས་དར་བ་དང་དེ་ནི་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། བོད་ལུགས་གསོ་རིག་སྨན་རྫས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་མ་ཟད། རྒྱུན་འཛིན་གྱི་ལོ་རྒྱུས་ཡུན་རིང་བ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་བ། སྨན་བཅོས་བྱེད་སྟངས་ཐུན་མོང་མ་ཡིན་པ། རིག་ཚན་སྣ་ཁ་འཐུས་ཚང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ། རིག་གནས་གཞི་རྟེན་སྣ་མང་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་ལུགས་གསོ་རིག་སྨན་རྫས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པར་བརྟེན། མི་སེར་ཚོས་སྨན་བཅོས་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱད་ཁར“བདེ་ཐང་ལྷ་ས”སྐྲུན་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
གཙང་རལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་སྨི་ངོས་གྲུ་50ལྷག་ཙམ་གྱི་ཁང་མིག་ཅིག་ཡོད་ལ། དེ་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྱད་ལྡན་ཁ་ཚར་ཁང་ཡིན་ལ་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་བོད་སྨན་ཁ་ཚར་ཁང་དང་པོ་དེའང་རེད། མི་རྣམས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྲོལ་རྒྱུན་བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་སྔར་བས་སྐོང་ཆེད་གཙང་རལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་བོད་སྨན་ཁ་ཚར་ཁང་དངོས་སུ་བཙུགས་ཤིང་། གཙང་རལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་སྨན་ཁ་ཚར་ཁང་དེ་བོད་སྨན་སྦྱོར་རྟ་ཁང་དུ་གོ་བ་བླངས་ནའང་ཆོག ནད་པའི་ནད་ཚབས་ཆེ་ཆུང་ལ་གཞིགས་ནས་སྔར་ཡོད་ཀྱི་སྨན་ལ་ནུས་པ་དེ་བས་ཆེ་བའི་སྨན་རྒྱུ་གཞན་སྦྱོར་རྟ་བྱེད་ཀྱི་ཡོད། བོད་སྨན་སྦྱོར་རྟ་བྱས་རྗེས་སྨན་གྱི་ནུས་པ་ཆེ་རུ་འགྲོ་བ་མ་ཟད། ནད་ལ་དེ་བས་ཕན་པ་ཆེ་བ་ཡོད།
བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་བ།
མ་དངུལ་བཏང་ནས་བསྐྲུན་པའི་གཙང་རལ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་བོད་སྨན་ཁ་ཚར་ཁང་ནི་ལྷ་ས་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཙམ་ཞིག་རེད། གསར་འགོད་པར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་15ལས་སྒྲིག་གཞི་6ལ་བོད་ལུགས་གསོ་རིག་ཚན་ཁག་ཡོད་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་52དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་9ལས་འཕྲོད་བསྟེན་ཁང་42ལ་བོད་ལུགས་གསོ་རིག་སྨན་རྫས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་ཁུལ་ཡོད་ཅིང་། གྲོང་ཚོའི་འཕྲོད་བསྟེན་ཁང་200ལས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་མཁོ་འདོན་ཐུབ་མཁན་60ཙམ་ཟིན་ཡོད།
བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་ཆེད་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་འཕེལ་རྒྱས་ལ་ཆ་རྐྱེན་གཏོད་ཆེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་ལྷུན་གྲུབ་རྫོང་དང་། མལ་གྲོ་གུང་དཀར་རྫོང་། འདམ་གཞུང་རྫོང་། སྟག་རྩེ་རྫོང་། སྙེ་མོ་རྫོང་། སྟོད་ལུང་བདེ་ཆེན་ཆུས་སོགས་རྫོང་རིམ་པའི་སྨན་རྩིས་ཁང་དྲུག་ཏུ་ལག་རྩལ་ཞབས་ཞུའི་རྣམ་གྲངས་ཁྱབ་གདལ་བཏང་བའི་ནང་ཁ་ཚར་ཁང་དང་། གསེར་ཁབ། འཕུར་མཉེད། མེ་བུམ། ལུམས་བཅས་ཀྱི་ལག་རྩལ་གཙོ་གནད་ཁྱབ་གདལ་བཏང་བ་རེད།
བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ།
ལྷ་ས་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་བདེ་ཐང་སླར་གསོའི་ཞབས་ཞུ་དང་བོད་ལུགས་གསོ་རིག་ལུས་གསོའི་འཕྲོད་སྦྱོར་ཞབས་ཞུར་རྒྱབ་སྐྱོར་དང་འབྲེལ། བོད་ལུགས་གསོ་རིག་སྨན་རྫས་རིག་གནས་དང་བདེ་ཐང་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞིང་། བོད་ལུགས་གསོ་རིག་གི་ཁྱད་ལྡན་བདེ་ཐང་སླར་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བའི་ཐད་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིར་བོད་ལུགས་གསོ་རིག་གི་ཁྱད་ལྡན་བདེ་ཐང་སྨན་བཅོས་དང་། ནང་སྦྱོང་མཛུབ་ཁྲིད། ཤེས་བྱ་ཁྱབ་གདལ། བདེ་ཐང་སླར་གསོ་དང་ནད་སྐྱོང་། ཞོར་ཆས་ཞབས་ཞུ་བཅས་ཁྱབ་གདལ་གཏོང་རྒྱུ་དང་། རྫོང་རིམ་པའི་སྨན་རྩིས་ཁང་དང་སྡེ་ཁུལ་གྱི་བདེ་ཐང་སླར་གསོའི་སྒྲིག་གཞིའི་བར་དུ་ཕྱོགས་གཉིས་ཀྱི་ལམ་སྲོལ་བཙུགས་པ་བརྒྱུད། སྡེ་ཁུལ་གྱི་བདེ་ཐང་སླར་གསོའི་སྒྲིག་གཞིར་བོད་ལུགས་ཀྱི་བདེ་ཐང་སླར་གསོ་དང་འཚམ་པའི་ལག་རྩལ་ཁྱབ་གདལ་གཏང་རྒྱུ་དང་། སྡེ་ཁུལ་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ལ་ཚད་ལྡན་དང་། སྟབས་བདེ། ནུས་ལྡན་བཅས་ཀྱི་བོད་ལུགས་གསོ་རིག་གི་ཁྱད་ལྡན་བདེ་ཐང་སླར་གསོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།