ལན། གོང་སྨན་དཀོན་མཆོག་བདེ་ལེགས(ཕལ་ཆེར་དུས་རབས་བཅོ་ལྔ་པའི་མཇུག་དུ་སྐུ་འཁྲུངས་སྙམ)ཀྱིས་མཛད་པའི་པོད་དམར་ལས།
ལུས་ཀྱི་གཙོ་བོ་དྭངས་མའི་རྟེན། །
སྙིང་སོགས་ལྔ་པོ་བཤད་པར་བྱ །
སྙིང་ནི་མེ་ཁམས་སེམས་ཀྱི་རྟེན།།
བདག་འཛིན་དྲན་པ་གསལ་བར་བྱེད།།
གློ་བ་ལྕགས་ཁམས་དབུགས་ཀྱི་རྟེན།།
འབྱིན་དང་རྔུབ་པའི་དོན་རྣམས་བྱེད།།
མཆིན་པ་ཤིང་ཁམས་ཁྲག་གི་རྟེན།།
ཁྲག་སོགས་དྭངས་མ་འཕེལ་བར་བྱེད།།
མཆེར་པ་ས་ཁམས་དྭངས་མའི་རྟེན།།
དྭངས་མ་འཕེལ་ཞིང་ཟས་འཇུ་བྱེད།།
མཁལ་མ་ཆུ་ཁམས་ཆུ་ཡི་རྟེན།།
དྲི་ཆུ་འབྱིན་སྡོམ་ལས་བྱེད་དོ།།
ཞེས་དང་། ཡང་དེ་ཉིད་ལས།
ལུས་ཀྱི་སྙིགས་མ་གསོག་པའི་སྣོད།།
ཕོ་བ་སོགས་དྲུག་བཤད་པར་བྱ།།
ཕོ་བ་ས་ཁམས་མཆེར་པར་འབྲེལ།།
ཟས་སྐོམ་མྱག་ཅིང་འདྲུལ་བའི་སྣོད།།
རྒྱུ་མ་མེ་ཁམས་སྙིང་དང་འབྲེལ།།
ཟས་འཇུ་དྭངས་སྙིགས་འབྱེད་པའི་སྣོད།།
ལོང་ག་རླུང་ཁམས་གློ་བར་འབྲེལ།།
རླུང་སྙིགས་ཟས་རོ་གནས་པའི་སྣོད།།
ལྒང་པ་ཆུ་ཁམས་མཁལ་མར་འབྲེལ།།
ལུས་ཀྱི་དྲི་ཆུ་གསོག་པའི་སྣོད།།
སྣོད་མཁྲིས་ཤིང་ཁམས་མཆིན་པར་འབྲེལ།།
ཁྲག་སྙིགས་འཇུ་བྱེད་གནས་པའི་སྣོད།།
ཁམས་ཀུན་འདུས་པ་བསམ་སེའུ་ནི།།
ཐུན་མོང་ཕྱིར་ན་དོན་ཀུན་འབྲེལ།།
ཕོ་མོའི་ས་བོན་འབྱུང་བའི་སྣོད།།
བུ་སྣོད་གསང་སྒྲོའང་འདིའི་དུམ་བུ།།
ཡིན་ཕྱིར་སྣོད་དྲུག་གྲངས་སུ་འདོད།།ཅེས་གསུངས་པ་ལྟར་རོ།།