དབུ་ཤོག>བོད་ལུགས་གསོ་རིག
  • བད་ཀན་ཟ་ཁུ་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས་བཤད་པ།

  • ཡོང་ཁུངས།  མཚོ་སྔོན་པོ་དྲ་བ།   |     རྩོམ་པ་པོ།  གཡུང་དྲུང་ཚེ་རིང་།   |     སྤེལ་དུས།  2017-03-14

    དང་པོ། བད་ཀན་ཟ་ཁུ་ཡི་མིང་གི་བཏགས་དོན་བཤད་པ།

    བད་ཀན་ཟ་ཁུའི་མིང་གཞན་ལ་གཅིན་སྙིའང་ཟེར་ལ།འདི་ལ་བད་ཀན་ཟ་ཁུ་འདོགས་དགོས་དོན་ནི་རང་རྒྱུ་བད་ཀན་གྱིས་བྱས་པ་བརྟེན་ནས་བྱུང་བ་ཞིག་ཡིན་པས་མིང་ལའང་བད་ཀན་ཟ་ཁུ་ཞེས་རྒྱུ་མིང་འབྲས་བུ་ལ་བཏགས་པ་ཞིག་ཡིན་ལ་དེ་ནི་ཁ་ཟས་རོ་ལན་ཚྭ་བ་དང་ཚ་བ། མངར་བ། ནུས་བ་བསིལ་ཞིང་ལྕི་བའི་ཟས་རིགས་རྒྱུན་པར་བཟའ་བར་དགའ་བ་དང་སྤྱོད་ལམ་དལ་བར་འདུག་པ་འམ་ཡང་ན་རླན་ཅན་གྱི་ཡུལ་དུ་དུས་ཡུན་རིང་པོར་མལ་འདུག་བྱེད་པའི་མི་རྣམས་ལ་འབྱུང་བ་མང་ཞིང་དེ་ཡང་དང་པོ་བཅུད་ལྡན་གྱི་ཁ་ཟས་རིགས་རྟག་པར་བསྟེན་པ་འམ་སྤྱོད་ལམ་རྩོལ་བཅག་མི་བྱེད་པར་དལ་བར་འདུག་པ་དང་རླན་ཅན་གྱི་ཡུལ་དུ་དུས་ཡུན་རིང་བོར་ཉལ་འདུག་བྱས་པ་ལ་སོགས་ཀྱིས་ཐ་མལ་བའི་བད་ཀན་གྱི་མཚན་ཉིད་བདུན་དང་ལྡན་པ་དེ་ཉིད་ཀྱི་སྟོབས་འཕེལ་ནས་ལུས་ཀྱི་དྭངས་མ་ཁྲག་ཤ་ཚིལ་ལ་སོགས་པ་མང་དུ་སོང་ནས་ལུས་ཤ་རྒྱག་པ་གྱུར་བ་དང་བར་དུ་ཟས་སྐོམ་སྣུམ་བཅུད་དང་ནུས་པ་ལྕི་བསིལ། སྤྱོད་ལམ་དལ་བར་མལ་འདུག་བྱས་དྲགས་པ་ལ་སོགས་ཀྱིས་ཕོ་བའི་མེ་དྲོད་བླང་ནས་དྭངས་མ་རང་རང་གནས་སུ་མ་སྨིན་མ་ཐུབ་པར་བད་ཀན་བེ་སྣབས་རྒྱས་ཏེ་མ་ཞུ་བེ་སྣབས་ཀྱི་ནད་བྱུང་། དེ་ཉིད་དུས་སུ་མ་བཅོས་པར་རྙིང་ནས་སྙིགས་མ་དྭངས་མའི་རྩ་མིག་འགྲིམས་ནས་མཆིན་པའི་རྩ་ལམ་དུ་བརྒྱུད་དེ་དྭངས་མ་མ་ཞུ་བའི་ཚ་བའི་ནད་བྱུང་།དེ་ཡང་དུས་སུ་མ་བཅོས་པར་ཐ་མར་ལྒང་བར་ལྷུང་ནས་ལུས་ཀྱི་ཟུངས་གཅིན་དང་འདྲེས་ནས་ཕྱིར་ཐོན་ཏེ་ལུས་ཀྱི་ཤ་ཁྲག་ལ་སོགས་པ་ཟད་ནས་ཁ་ཟས་ཟོས་བ་རྣམས་ཟུངས་སུ་མ་གྱུར་པར་མཐར་ལྒང་བ་ལ་ཟགས་ནས་གཅིན་ནད་དང་འདྲེས་ནས་ཕྱིར་འཛག་ཡོང་བ་ཡིན་ལ་བོད་ལུགས་གསོ་རིག་གི་འདི་ལ་བད་ཀན་ཟ་ཁུ་ཞེས་བཤད་ཅིང་། དེ་ནི་གཅིན་ནད་དང་ལུས་ཟུངས་འདྲེས་ནས་ཡོད་ཕྱིར་ཤིན་ཏུ་གསོ་དཀའ་ལ།ཕྱི་གླིང་གསོ་རིག་གིས་འདི་ལ་གཅིན་པ་མངར་འགྱུར་གྱི་ནད་ཅེས་ཟེར་ཞིང་དེའང་དལ་བའི་རང་བཞིན་གྱི་ནད་ཅིག་ཡིན་ལ་རྒྱུད་བཞི་ཡི་བད་ཀན་གྱི་ནད་གསོ་བ་ལས་བད་ཀན་ལྒང་བར་ལྷུང་བའི་ཟ་ཁུ་འགྱུར།།ཞེས་བད་ཀན་གྱི་ནད་ལས་འབྱུང་བར་བཤད་པ་དང་གཅིན་སྙི་གསོ་བ་ལས་རྒྱུ་རྐྱེན་ལན་ཚ་མངར་བསིལ་ལྕི་བའི་ཟས།།རླན་ཅན་མལ་འདུག་བད་ཀན་ཚིལ་འཕེལ་བ།།ལྒང་བར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད།།ཅེས་གསུང་བ་དང་ཡང་ཁ་ཅིག་གིས་དང་པོ་ལ་ཁ་ཟས་རོ་ལན་ཚྭ་བ་དང་ཚ་བ།མངར་བ་གསུམ་བསྟེན་དྲགས་པས་ཁྲག་དང་མཁྲིས་བ་བད་ཀན་རྣམས་རང་རང་གི་ལྡིང་ཚད་ལས་མང་དུ་འཕེལ་བ་དང་། དེ་ལ་ཟས་ནུས་བ་བསིལ་ཞིང་ལྕི་བའི་ཟས་རིགས་བསྟེན་དྲགས་པས་ལུས་ཀྱི་མེ་དྲོད་ཉམས་ནས་སྙིགས་མ་མ་ཞུ་བའི་ནད་བྱུང་བ་དང་དེ་ཡང་དུས་ལྟར་མ་བཅོས་བར་རྙིང་ནས་དྭངས་མ་མ་ཞུ་བའི་ཚ་བའི་ནད་བྱུང་བ་དང་དེ་ལ་སྤྱོད་ལམ་རླན་ཅན་ཡུལ་དུ་དུས་ཡུན་རིང་ཉལ་འདུག་ལ་སོགས་ཀྱིས་ཁྲག་གི་དྲོད་རྣམས་ཉམས་ནས་ཁྲག་འཁྱགས་ཀྱི་ནད་འབྱུང་བར་བཤད་ལ། དེ་ལྟ་བུའི་ནད་ངན་དེ་ཉིད་ཁྲག་ལ་གནས་པའི་སྐབས་སུ་ཁྲག་རླུང་དང་ཚིགས་ལ་བྱེར་བའི་སྐབས་ལ་དྲེག་གྲུམ།རྩ་ལ་གནས་པའི་སྐབས་སུ་རྩ་དཀར།ལྒང་བ་ལ་ལྷུང་བའི་སྐབས་སུ་ཟ་ཁུ་ནད་ཅེས་བཤད་པར་ཡང་འདོད་དོ།།  

    གཉིས་པ། བད་ཀན་ནད་ཀྱི་རྒྱུ་རྐྱེན་བཤད་པ།

    བད་ཀན་ཟ་ཁུ་ནད་ཀྱི་རྒྱུ་ལ་རྒྱུད་བཞི་ལས་དམིགས་བསལ་ཀྱིས་བསྟན་མེད་ནའང་ཤུགས་ལས་ཐ་མལ་བའི་ཁྲག་དང་མཁྲིས་པ། བད་ཀན་རླུང་བཞི་ཡིན་པ་ང་ཚོའི་གསལ་བོར་རྟོགས་ཐུབ་ཏེ་དཔེར་ན་རོ་ལན་ཚྭ་བའི་ཁྲག་དང་མཁྲིས་བ་གཉིས་སྐྱེད་པ་དང་ཚ་བའི་མཁྲིས་པ། མངར་བས་བད་ཀན་དང་མཁྲིས་བ་གཉིས་སྐྱེད་ལ། ནུས་བ་བསིལ་བས་བད་ཀན་དང་རླུང་སྐྱེད་པ་དང་ལྕི་བས་བད་ཀན་སྐྱེད་ཅིང་མེ་དྲོད་ལ་གནོད་པར་བྱེད་པ་ཡིན་ལ་སྤྱོད་ལམ་རླན་ཅན་མལ་འདུག་བྱས་པས་བད་ཀན་སྐྱེད་པ་དང་མེ་དྲོད་ལ་གནོད་པ་ལ་སོགས་ལས་ཁྲག་མཁྲིས་བད་རླུང་བཞི་བོ་ནི་བད་ཀན་ཟ་ཁུའི་རྒྱུ་ཡིན་པ་རང་བཞིན་གྱིས་ཤེས་ཡོང་། ཡིན་ནའང་བྱེ་བྲག་གི་དབྱེ་བའི་སྐབས་ལ་ཁྲག་མཁྲིས་བའི་ཁོངས་སུ་བསྡུས་ནས་བད་མཁྲིས་རླུང་གསུམ་དུ་བཤད་པའང་རྒྱུ་མཚན་དམིགས་བསལ་བ་ཞིག་ཡོད་པ་ཡིན་ལ།དེའི་རྐྱེན་ནི་རོ་ལན་ཚ་མངར་གསུམ་དང་ནུས་བ་བསིལ་ལྕི་ལ་སོགས་པའི་ཟས་རིགས་བསྟེན་དྲགས་པའམ་ཡང་ན་རླན་ཅན་ཡུལ་དུ་དུས་ཡུན་རིང་མོ་ལ་མལ་འདུག་བྱས་པ་ལ་སོགས་ཡིན་པ་སྟེ་རྒྱུད་བཞི་ཡི་བད་ཀན་ནད་གསོ་བ་ལས་བད་ཀན་ལྒང་བར་ལྷུང་བའི་ཟ་ཁུ་འགྱུར།།ཞེས་དང་ཡང་རྒྱུད་བཞི་ཡི་གཅིན་སྙི་གསོ་བ་ལས་རྒྱུ་རྐྱེན་ལན་ཚ་མངར་བསིལ་ལྕི་བའི་ཟས།།རླན་ཅན་མལ་འདུག་བད་ཀན་ཚིལ་འཕེལ་བ།།ལྒང་བར་ཟགས་པས་ཟ་ཁུ་སྐྱེད་པར་བྱེད།།ཅེས་སློང་རྐྱེན་ནི་གསལ་བོར་གསུངས་ཡོད།

    གསུམ་པ། བད་ཀན་ཟ་ཁུ་ནད་ཀྱི་དབྱེ་བ་བཤད་པ།

    བད་ཀན་ཟ་ཁུ་ནད་ཀྱི་དབྱེ་བ་རྒྱུད་བཞི་ལས་བད་ཀན་ལས་གྱུར་བའི་ཟ་ཁུ་དང་མཁྲིས་བ་ལས་གྱུར་བའི་ཟ་ཁུ། རླུང་ལས་གྱུར་བའི་ཟ་ཁུ་གསུམ་དུ་བཤད་ཡོད་ལ་བད་ཀན་ལས་གྱུར་བའི་ཟ་ཁུ་ཡི་དབྱེ་བ་ལ་རྒྱུད་ལས་བད་ཀན་ཟ་ཁུ་ཆུ་ཆང་བུར་ཤིང་དང་།།གར་བ་འབྲས་ཕྱེ་ཁུ་ཆུར་བྱེ་མ་དང་།།བསིལ་དང་བགས་འབྱུང་ཁ་ཆུ་བཅུ་རུ་བཤད།།ཅེས་དང་།མཁྲིས་པ་ལས་གྱུར་བའི་ཟ་ཁུ་ལ་རྒྱུད་ལས། མཁྲིས་བའི་ཟ་ཁུ་ནས་ཚིག་སྣག་ཚ་དང་།།སྔོན་པོ་སྐྱར་ཁུ་བཙོད་ཁུ་ཁྲག་འདྲ་དྲུག།ཅེས་དང་རླུང་ལས་གྱུར་བའི་ཟ་ཁུ་ལ་རྒྱུད་ལས།རླུང་གྱུར་རྐང་ཞག་གླང་ཆེན་སྦྲང་འདྲ་བཞི།།ཟ་ཁུ་ཉི་ཤུ་གཅིན་སྙིའི་ནད་རིགས་ཡིན།།ཞེས་གསལ་བོར་བཤད་ཡོད་དོ།།

    བཞི་བ། བད་ཀན་ཟ་ཁུ་ནད་ཀྱི་སྤྱི་རྟགས་བཤད་པ།

    བད་ཀན་ཟ་ཁུ་ནད་ཀྱི་སྤྱི་རྟགས་ལ་རྒྱུད་ལས། དེ་རྟགས་མངོན་ཚུལ་མལ་སྟན་གཉིད་ལ་རྩི།།རྔུལ་མང་དྲི་མནམ་སྐྲ་དང་སེན་མོ་རིང་།།ཁ་མངར་གྲེ་བ་རྐན་སྐམས་བསིལ་ལ་རྩི།།མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང་།།གཅིན་གྱི་ཤུལ་དུ་སྦྲང་མའི་ཚོགས་ཀུན་འདུ།།མངོན་ཚུལ་མི་གསལ་མདོག་ལ་ངེས་མ་ཡིན།།ཞེས་གསུང་བ་ལྟར་མལ་གོས་དང་སྟན་དང་གཉིད་ལོག་པ་བཅས་ལ་དགའ་བ་དང་རྔུལ་ཆུ་མང་བ། ལུས་དྲི་མནན་པ། སྐྲ་དང་སེན་མོ་བུད་པ། ཁ་མངར་བ། གྲེ་བ་དང་རྐན་སྐམས་པ།བསིལ་ལ་དགའ་བ།རྐང་ལག་གི་མཐིལ་བཞི་ལ་ཚ་བ་ལངས་པ། གཅིན་གྱི་མདོག་རྙོག་མ་ཅན་དུ་འབྱུང་བ། ཁྱད་པར་དུ་གཅིན་བཏང་ཤུལ་སྦྲང་མའི་ཚོགས་མང་བོ་འཁོར་འོང་བ་སོགས་ཀྱི་རྟགས་དང་ལྡན་ན་གཅིན་སྙིའི་ནད་ཡིན་ནོ།།

    ལྔ་པ། བྱེ་བྲག་གི་རྟགས་བཤད་པ།

    བྱེ་བྲག་གི་བད་གྱུར་ཟ་ཁུའི་ནད་རྟགས་ལ་གོང་གསལ་གྱི་སྤྱི་རྟགས་སྟེང་དུ་ཁ་ཟས་མི་འཇུ་བ་དང་དང་ག་འགགས་པ། གཉིད་ཆེ་ཞིང་ལུད་པ་མང་ཞིང་སྐྱུག་པར་བྱེད་པ་སོགས་པའི་རྟགས་རྣམས་འབྱུང་ལ། མཁྲིས་གྱུར་ཟ་ཁུའི་ནད་རྟགས་ལ་གོང་གསལ་གྱི་སྤྱི་རྟགས་སྟེང་དུ་ཕོ་མཚན་དང་ལྒང་བར་ལ་ཟུག་རྒྱག་ཅིང་ན་བ་དང་ཁ་སྐམ་པ།ལུས་ཚ་བ། ཐུར་དུ་འཁྲུ་ཞིང་རིམས་ནད་འདེབས་སླ་བ་སོགས་ཀྱི་རྟགས་རྣམས་འབྱུང་བ་དང་རླུང་གྱུར་ཟ་ཁུའི་ནད་རྟགས་གོང་གསལ་གྱི་སྤྱི་རྟགས་སྟེང་སྙིང་འཕར་བ་དང་གཉིད་མེད་པ། དབུགས་མི་བདེ་བ། འདར་གཟེར་རྒྱག་པ། ཟས་རྔན་ཞིང་ལུད་པ་མང་བ་ལ་སོགས་ཀྱི་རྟགས་རྣམས་འབྱུང་བ་ཡིན་ནོ།།

    དྲུག་པ། བད་ཀན་ཟ་ཁུ་ནད་ཀྱི་བཅོས་ཐབས་བཤད་པ།

    བད་ཀན་ཟ་ཁུ་ནད་ཀྱི་བཅོས་ཐབས་ལ་སྤྱིའི་བཅོས་ཐབས་དང་བྱེ་བྲག་གི་བཅོས་ཐབས་གཉིས་ལས་དང་པོ་སྤྱིའི་བཅོས་ཐབས་ལ་རྒྱུད་ལས། བཅོས་ཐབས་ཟ་ཁུ་བད་ཚིལ་གཙོ་བོར་བཅོས།།ཅེས་གསུང་བ་དང་བྱེ་བྲག་གི་བཅོས་ཐབས་ལ་ཟས་ཀྱིས་བཅོས་ཐབས་དང་། སྤྱོད་ལམ་གྱི་བཅོས་ཐབས། སྨན་གྱིས་བཅོས་ཐབས་དང་དཔྱད་ཀྱིས་བཅོས་ཐབས་ལ་སོགས་པའི་བཅོས་ཐབས་མི་འདྲ་བ་ཁག་བཞི་རུ་བཤད་ཡོད་པ་ལས་སྤྱི་ལ་བད་ཚིལ་གྱི་བཅོས་ཐབས་རྩ་དོན་ལ་བཟུང་ཐོག་བྱེ་བྲག་གི་བད་གྱུར་ཟ་ཁུ་ལ་བད་བཅོས་དང་མཁྲིས་གྱུར་ཟ་ཁུ་ལ་མཁྲིས་བཅོས་དང་རླུང་གྱུར་ཟ་ཁུ་ལ་རླུང་བཅོས་གཙོ་བོ་འཛིན་དགོས་པ་ཞིག་ཡིན་ལ་བྱེ་བྲག་ཏུ་ཟས་ཀྱིས་བཅོས་པ་ལ་ནས་རྩམ་དང་སྐམ་སའི་ཤ་ལ་སོགས་པའི་ཡང་ཞིང་དྲོད་པའི་ཟས་རིགས་བསྟེན་པ་དང་སྤྱོད་ལམ་ལ་རྩོལ་བཅག་དང་སྤྱི་སྨན་ལ་གཅིན་སྙི་ཨ་རུ་བཅོ་བརྒྱད་དང་བདུད་རྩི་གསུམ་སྦྱོར། སེ་འབྲུ་ཉི་དཀྱིལ། ལྷ་ལུང་ལ་སོགས་ཡོད་ལ། བྱེ་བྲག་ཏུ་བད་གྱུར་ཟ་ཁུ་ལ་གོང་གི་སྤྱི་སྨན་སྟེང་དུ་བད་ཀན་གྱི་སྨན་ཁ་སྣོན་བྱད་པ་དང་མཁྲིས་གྱུར་ཟ་ཁུ་ལ་གོང་གི་སྤྱི་སྨན་སྟེང་དུ་མཁྲིས་སྨན་ཁ་སྣོན་བྱེད་པ་དང་རླུང་གྱུར་ཟ་ཁུ་ལ་གོང་གི་སྤྱི་སྨན་སྟེང་དུ་རླུང་སྨན་ཁ་སྣོན་བྱེད་དགོས་ལ་དེ་དག་གང་ཡིན་ཡང་ཕོ་བའི་མེ་དྲོད་གསོ་བ་རྩ་དོན་དུ་འཛིན་དགོས་ལ་དེ་མིན་རླུང་མཁྲིས་བད་གསུམ་སོགས་རང་རང་གི་བསྡོངས་ཟླ་གང་ཤས་ཆེ་ན་དེའི་སྨན་བསྟེན་རྒྱུའང་ཤིན་ཏུ་གལ་ཆེ་བར་བསམ་མོ།།གཞན་ཡང་བད་གྱུར་ལ་སྐྱུག་དང་མེ་ཡིས་མེ་བཅོས་པ་དང་མཁྲིས་གྱུར་ལ་བཤལ་དང་གཏེར་གྱིས་བཅོས་པ། རླུང་གྱུར་ལ་འཇམ་རྩུབ་དང་མེ་ཡིས་བཅོས་བ་ལ་སོགས་པ་གཞུང་ལུགས་དང་སྦྱར་ནས་གང་ལ་གང་འཚམས་གྱིས་བཅོས་བར་བྱའོ།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།