
འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རང་ལྗོངས་ཀྱི་ཨུ་ཡོན་ལེ་ཅུས་ཧྥང(དཀྱིལ)གིས་རིགས་གཅིག་མཁས་ཅན་དང་གྲོས་གཞི་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གནད་དོན་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།
ལེ་ཅུས་ཧྥང་དུས་ཡུན་རིང་པོའི་ནང་མི་རིགས་གསོ་རིག་སྨན་བཅོས་གསར་སྤེལ་ལས་ལ་གཞོལ་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནང་བའི་ལོ་15ལྷག་ཙམ་རིང་མི་རིགས་གསོ་རིག་སྨན་བཅོས་འཕེལ་རྒྱས་ལས་དོན་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་གནང་གི་ཡོད། དེ་གོང་གི་ལོ་རེའི་གྲོས་གཞི་ཚང་མར་སྒྲུབ་ལན་ཡག་པོ་བྱུང་བ་དང་གྲོས་འགོ་མང་དག་ཅིག་རྒྱལ་ཁབ་ཀྱིས་མི་རིགས་གསོ་རིག་སྨན་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ནང་མངོན་ཡོད།
འདི་ལོའི་ཚོགས་འདུ་གཉིས་ཐོག་ལེ་ཅུས་ཧྥང་གིས“མི་རིགས་གསོ་རིག་སྨན་བཅོས་ཀྱི་གྲགས་ཅན་སྨན་སྦྱོར་གྱི་དཀར་ཆག་སྔོན་ལ་བཟོ་རྒྱུའི་སྐོར་གྱི”གྲོས་གཞི་ཞིག་བསྣམས་པ་མ་ཟད། པེ་ཅིང་བོད་ལྗོངས་ཐོག་བརྩེགས་ཁང་ཆེན་དུ་བརྗོད་དོན་གཙོ་བོའི་སྤེལ་རེས་ཚོགས་འདུ་འཚོགས་ནས་རིགས་གཅིག་མཁས་ཅན་དང་གསར་འགོད་པ་གདན་དྲངས་ཏེ་མི་རིགས་གསོ་རིག་སྨན་བཅོས་རྒྱུན་འཛིན་གྱི་ལམ་བུ་དང་། སྔོན་དཔག་གི་འཆར་འགོད། འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་ཐད་རྒྱང་ལྟ་གནང་བ་རེད།
“གྲོས་གཞི་འདི་ནི་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་མི་རིགས་སྨན་རྫས་དོ་དམ་ཅུས་ལ་མངགས་བཅོལ་བྱས་ནས་ཡུལ་དེ་གའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ལས་ཀ་དེ་དག་སྒྲུབ་དགོས་པས་བྱ་བ་དེ་སྔ་བ་ལས་ཕྱི་དྲགས་རྒྱུ་མེད”ཅེས་ལེ་ཅུས་ཧྥང་གིས་གསུངས་པ་དང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་འོག ཀྲུང་ལུགས་གསོ་རིག་གི་གྲགས་ཅན་སྨན་སྦྱོར་ལེགས་སྒྲིག་ལ་ལོ་ཁ་ཤས་ཀྱི་ལས་ཀའི་རྨང་གཞི་ཡོད་ཀྱང་བོད་རིགས་དང་། སོག་རིགས། ཡུ་གུར་རིགས་སོགས་མི་རིགས་ཀྱི་གྲགས་ཅན་སྨན་སྦྱོར་ལེགས་སྒྲིག་བྱེད་པའི་དཀར་ཆག་སྒྲིག་རྒྱུ་ད་དུང་འགོ་བཙུགས་མེད། དེར་བརྟེན་ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ《ཀྲུང་ལུགས་གསོ་རིག་དང་སྨན་བཅོས་བཅའ་ཁྲིམས》ཀྱི་དགོངས་དོན་གཞིར་བཟུང“ད་བར་སྔར་བཞིན་རྒྱ་ཁྱབ་ངང་སྤྱོད་པ་དང་། སྨན་བཅོས་ནུས་པ་ལེགས་པ། ཁྱད་ཆོས་མངོན་གསལ་དོད་ལ་ལེགས་ཆ་ལྡན་པའི་གནའ་བོའི”མི་རིགས་ཀྱི་གྲགས་ཅན་སྨན་སྦྱོར་སྔོན་ལ་དཀར་ཆག་བསྒྲིགས་ནས་གསར་སྤེལ་བེད་སྤྱོད་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུར་ང་ཚོས་རེ་འབོད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
དེའི་ཐད་ལེ་ཅུས་ཧྥང་གིས་གྲོས་འགོ་བཏོན་གནང་བ་སྟེ། གཅིག རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་བཅོས་དོ་དམ་ཅུས་ཀྱི་གཅིག་གྱུར་མཛུབ་ཁྲིད་འོག་མི་རིགས་རང་སྐྱོང་ལྗོངས་སམ་ཡང་ན་ཤུགས་རྐྱེན་ངེས་ཅན་ལྡན་པའི་མི་རིགས་གསོ་རིག་སྨན་བཅོས་ལས་རིགས་སློབ་ཚོགས་ལ་མངགས་བཅོལ་བྱས་ཏེ་མི་རིགས་གསོ་རིག་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་མི་རིགས་ཁག་གི་གྲགས་ཅན་སྨན་སྦྱོར་གདམ་གསེས་དང་དཀའ་ཆག་བསྒྲིགས་ཏེ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་བཅོས་དོ་དམ་ཅུས་དང་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་མཉམ་དུ་ཞིབ་བཤེར་གཏན་འབེབས་བྱས་ནས་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྔོན་ལ་ཆོག་མཆན་སྤྲོད་དགོས་པ་དང་།
གཉིས། མི་རིགས་གསོ་རིག་ཐོན་ལས་ཀྱིས《ཀྲུང་ལུགས་གསོ་རིག་སྨན་བཅོས་བཅའ་ཁྲིམས》ལས་བྱུང་བའི་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་ཆེད། དཀར་ཆག་ལེགས་སྒྲིག་བྱེད་སྐབས་ཁག་གཅིག་ཚགས་ཚུད་པོ་བྱུང་ཚེ་དུས་ཐོག་ཏུ་དེ་དག་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱེད་ཐབས་སྤྱད་དེ་ལམ་ལུགས་ཤིག་ཆགས་པ་བྱེད་དགོས།
གསུམ། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་མི་རིགས་ཀྱི་གྲགས་ཅན་གྱི་སྨན་སྦྱོར་ལག་རྩལ་ཐོ་འགོད་བྱེད་པའི་ལམ་སྲོལ་ཞིབ་ཕྲ་གཏན་འབེབས་བྱེད་སྐབས་མི་རིགས་སྨན་གྱི་རྒྱུན་གཏན་གྱི་སྨན་དབྱིབས་ཀྱི་ཁྱད་ཆོས་ལ་བསམ་ཤེས་གང་ལེགས་བྱས་ནས་ཁྱད་ལྡན་གསར་སྤེལ་བྱས་ཏེ་གཅིག་དཔེ་བརྒྱ་འགེབས་མི་ཡོང་བ་བྱེད་དགོས། དཔེར་ན་བོད་སྨན་མང་ཆེ་བ་རིལ་བུ་དང་ཞིབ་ཞིབ་སོགས་སྲ་གཟུགས་སྨན་དབྱིབས་གཞིར་བཟུང་གཏོང་དགོས་པ་མ་ཟད། སྨན་འབོར་ཉུང་ཉུང་ཡིན་པས། སྲོལ་རྒྱུན་གྱི་སྨན་སྦྱོར་ལག་རྩལ་གཞིར་བཟུང་འོས་འཚམ་ངང་རིལ་བུ་དང་སྤྱིན་ཐུམ་སོགས་ཀྱི་སྨན་དབྱིབས་བཟོ་གི་ཡོད། ད་དུང་དཔེར་ན། ཕྱི་སྤྱོད་སྨན་ནི་བོད་ལུགས་གསོ་རིག་གི་ཁྱད་ཆོས་ཤིག་ཡིན་པས། བོད་ལུགས་གསོ་རིག་གི་ཕྱི་སྤྱོད་ཀྱི་གྲགས་ཅན་སྨན་སྦྱོར་བྱེད་སྟངས་ཉར་ཚགས་བྱ་རྒྱུར་ལྕག་སྐུལ་བྱས་ཚེ་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད།
བཞི། མི་རིགས་གསོ་རིག་ཁེ་ལས་ལ་གྲགས་ཅན་སྨན་སྦྱོར་ཞིབ་བཤེར་གཏན་འབེབས་གཞིར་བཟུང་སྨན་གསར་པ་ཞིབ་སྤེལ་ལམ་ཡང་ན་སྨན་དབྱིབས་གསར་སྤེལ་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་པ་བཅས་རེད།