ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས“བདེ་ཐང་གི་མལ་གྲོ”འཛུགས་སྐྱོང་བྱེད་པའི་ཐད་སྐུལ་སྤེལ་མགྱོགས་སུ་བཏང་ནས་ཞན་ཆ་ཧུར་ཐག་གསབ་པ་དང་། “མི་སེམས་གཅིག་སྒྲིལ་དང་རྨང་གཞི་བརྟན་གཏོང”གི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་སྨན་བཅོས་ཤེས་ལྡན་པ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གོ་སྐབས་བཟང་པོར་དམ་འཛིན། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བྱེད་སྒོ་ལས་སྟེགས་སུ་བྱེད་པ་བཅས་ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།
ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་བ། སྨན་བཅོས་སྤུས་ཚད་ཀྱི་བདེ་འཇགས་དོ་དམ་མ་ལག་དང་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་ཚང་དུ་བཏང་བ་དང་། སྤུས་ཚད་བདེ་འཇགས་ཀྱི་དཔྱད་ཞིབ་ཚད་གཞི་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། གནད་དོན་རྩད་ཆོད་མ་ཐག་དུས་ཐོག་ཏུ་བཅོས་སྒྲིག་བྱས་པ། སྨན་བཅོས་བདག་སྐྱོང་གི་སྤུས་ཚད་རྒྱུན་སྲིང་ལེགས་བཅོས་དང་མཐོ་རུ་གཏོང་བར་སྐུལ་འདེད་བཏང་བ། སྨན་པའི་ཀུན་སྤྱོད་དང་སྨན་བཅོས་སྲོལ་བཟང་དཔྱད་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་ཀྱི་ཀུན་སྤྱོད་སློབ་སྦྱོང་དང་སྨན་པའི་ཀུན་སྤྱོད་ཀྱི་སློབ་གསོ་བརྒྱབ་པ། བརྟག་བཅོས་ཐོག་མའི་འགན་འཁུར་ལམ་ལུགས་དང་། ཞབས་ཞུ་ཁས་ལེན་ལམ་ལུགས། ནད་པས་ཞུ་གཏུག་ཐེངས་གཅིག་བྱས་ན་ལས་གནས་ནས་འབུད་པའི་ལམ་ལུགས་སོགས་ལྟ་སྐུལ་འཆུན་འདོམས་ལམ་སྲོལ་སྣ་ཚོགས་ལ་བརྟེན་ནས་སྨན་དོན་མི་སྣའི་སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་བཏང་བ་རེད། ནད་པ་བློ་ཡིད་ཚིམ་ཚད་བརྟག་དཔྱད་དང་སྨན་ཁང་ནས་ཐོན་པའི་ནད་པར་བཅར་འདྲི་བྱས་ནས་སྨན་ཁང་གི་སྨན་བཅོས་ཞབས་ཞུ་ལས་དོན་ཐད་ཀྱི་ནད་པའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་གྱིས་འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་སྨན་བཅོས་ཞབས་ཞུ་ལེགས་བཅོས་ཀྱི་བྱེད་ཐབས་ཁག་ལ་སྐུལ་འདེད་བཏང་སྟེ་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་བཅོས་དང་མཐོ་རུ་བཏང་བ་རེད།
རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་ལེན་བསྟར་ནས་ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་བ། རྫོང་དེས་2014ལོའི་ཟླ་5ཚེས་1ཉིན་ནས་བཟུང་སྨན་རྫས་ཁེ་བཟང་མེད་པའི་རིན་གོང་དང་སྔོན་ལ་སྨན་ཁང་དུ་བསྡད་རྗེས་རྩིས་རྒྱག་པའི་ལམ་ལུགས་དངོས་སུ་ལག་ལེན་བསྟར་བ་དང་། ལོ་གཉིས་ཀྱི་རིང་ཁེ་བཟང་མེད་པར་བཙོངས་པའི་སྨན་རྫས་སྒོར་ཁྲི་1500ཟིན་ཏེ་ནད་པར་དཔལ་འབྱོར་གྱི་ཁུར་པོ་སྒོར་ཁྲི་240ཡང་དུ་བཏང་བ་རེད། ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་ཀྱི་ཚད་གཞི་ལྟར་སྨན་བཅོས་དང་། ནད་གཡོག གཤགས་བཅོས། ནད་ཁྲི་བཅས་ཀྱི་རིན་བསྡུའི་ཚད་གཞི་ལུགས་མཐུན་ངང་ལེགས་སྒྱུར་བྱས་ནས་མང་ཚོགས་ལ་སྔར་བས་སྤུས་ལེགས་དང་། ནུས་ཆེ། བདེ་འཇགས། གོང་ཁེ་བཅས་ཀྱི་སྨན་བཅོས་ཀྱི་ཞབས་འདེགས་ཞུས་པ་དང་། སྨན་རྫས་ཉོ་སྒྲུབ་དང་མཁོ་སྤྲོད་ཀྱི་དོ་དམ་ཚད་ལྡན་དུ་བཏང་བ་དང་། རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ཏེ། གཞི་རྩའི་སྨན་རྫས་ཉིད་སྨན་རྫས་གཙོ་བོར་བྱས་ནས་སྨན་ཁང་གི་བཀོད་སྒྲིག་དང་གཞི་རྩའི་སྨན་རྫས་སྤྱོད་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་སོང་བས་གཞི་རྩའི་སྨན་རྫས་ཀྱི་ཡོང་འབབ་ཀྱིས་སྨན་རྫས་ཡོང་འབབ་བསྡུར་ཚད་ཀྱི་40%ཟིན་ཡོད། དེ་དང་ཆབས་ཅིག་གཞི་རྩའི་སྨན་རྫས་བེད་སྤྱོད་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྨན་རིན་གྱི་ཁེ་བཟང་མེད་པར་བཟོས་པ་དང་། གཞི་རྩའི་སྨན་རྫས་སྨན་བཅོས་ལ་ལུགས་མཐུན་ངང་སྤྱོད་པའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་དོན་མི་སྣའི་སྨན་སྤྱོད་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྨན་བདེ་འཇགས་ངང་བེད་སྤྱོད་ཡོང་བ་བྱས་ཡོད།
གཞི་རྩའི་སྨན་བཅོས་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་བསྐངས་བ། སྨན་ཁང་གི་བྱེད་ནུས་ངེས་གནས་གསལ་བཟོ་བྱས་ནས་རྫོང་གི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་འབའ་ཞིག་ཡིན་པའི་རྫོང་མི་དམངས་སྨན་ཁང་གིས་སྤྱི་ཕན་རང་བཞིན་ཐོག་མཐའ་བར་གསུམ་དུ་གཙོ་བོར་བཞག་པ་དང་། མཐའ་དག་ནད་པའི་དགོས་མཁོར་གཞིགས་ཏེ་མི་དམངས་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས་པ་དང་། འོས་འཚམ་གྱི་ལག་རྩལ་སྤྱད་པ་དང་ཁྱབ་གདལ་བཏང་ནས་ལས་སྒོའི་གསར་གཏོད་ནུས་པ་ཆེ་རུ་དང་ནད་བཅོས་སྲོག་སྐྱོབ་ཀྱི་ནུས་པ་མཐོ་རུ་བཏང་བ་མ་ཟད། གཞི་རིམ་འཕྲོད་བསྟེན་ཆེད་ལག་རྩལ་གྱི་གསོ་སྦྱོང་དང་ལས་སྒོའི་མཛུབ་ཁྲིད་ཀྱང་བྱས་ཡོད། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཁག་གཅིག་གི་འགན་ཁུར་ནས་གནོད་འཚེ་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་སྨན་བཅོས་སོགས་ཀྱི་ལས་འགན་ལེགས་གྲུབ་བྱས་པ་རེད། མིག་སྔར་རྫོང་ཡོངས་ཀྱི་གྲོང་གསེབ་འཕྲོད་བསྟེན་ཞབས་ཞུ་ཁྱོན་ཡོངས་སུ་ཁྱབ་པ་དང་རྫོང་ཡོངས་ཀྱི་སྨན་བཅོས་ཆུ་ཚད་ཆེས་ཆེར་མཐོ་རུ་སོང་བ་མ་ཟད། གཟུགས་པོར་རིན་མེད་བརྟག་དཔྱད་བྱེད་ཚད་99.95%ཟིན་པ་དང་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད་99.7%ཟིན་ཡོད་པ་རེད།