དྲེག་ནད་བརྟག་བཅོས་སྐོར་ལ་དཔྱད་པ་ཕན་བདེའི་རིག་ལམ།
དེའང་དེང་སྐབས་ནད་ཐོག་ཏུ་དྲེག་ནད་ཕོག་མཁན་མང་ཞིང་སྨན་བཅོས་གནད་དུ་མ་འཁེལ་བ་དང་། གསོ་བཅོས་དུས་ལས་འགྱངས་པ་སོགས་ཀྱི་སྣང་ཚུལ་མཐོང་མང་བར་བརྟེན་དུས་ཐོག་ཏུ་ནད་གཞི་ངོས་འཛིན་དང་བཅོས་ཐབས་གནད་དུ་འཁེལ་རྒྱུ་ཤིན་ཏུ་གལ་ཆེ་བས། འདིར་རྒྱུད་དང་མན་ངག་ལྷན་ཐབས་སོགས་ཀྱི་དགོངས་པ་གཞིར་བཟུང་ནད་ཐོག་དང་ཟུང་འབྲེལ་གྱིས་དྲེག་ནད་ཀྱི་ངོ་བོ་དང་རྒྱུ་རྐྱེན། དབྱེ་བ། རྟགས། བཅོས་ཐབས་བཅས་ཅུང་ཞིབ་ཅིང་ཕྲ་བའི་ངང་ངོ་སྤྲོད་བྱས་ཡོད་པ་དང་། ནད་འདི་དང་འཁྲུལ་ཉེན་ཆེ་བའི་འབམ་དང་གྲུམ་བུ། རྩ་དཀར་ནད་ཀྱི་བརྟག་ཐབས་སོགས་མདོར་ཙམ་བསྟན་ཡོད།
དང་པོ། ངོ་བོ་བསྟན་པ།
དྲེག་ནད་ཅེས་པ་ནི་གནས་སམ་མདོག་ལ་བལྟོས་ནས་བཏགས་པའི་ནད་ཀྱི་མིང་སྟེ་སྟག་ཚང་ལོ་ཙཱ་བས། གྲུ་ཚིགས་གཉིས་དང་རྒྱ་ཚིགས་གཉིས། ། དྲེག་བཞི་ཞེས་གྲགས་དེའི་གནས་སམ། གང་ནའི་གནས་སུ་དྲེག་སྨུག་ནག ། ཆགས་པས་དྲེག་ནད་ཅེས་སུ་བཤད་ཅེས་གསུངས་པ་བཞིན་དྲེག་ནད་ནི་གནས་སམ་མདོག་ལ་བལྟོས་ནས་བཏགས་པའི་ལག་པའི་གྲུ་མོ་དང་རྐང་པའི་མཐེ་བོང་། རྒྱ་ཚིགས་སོགས་ལ་ཕོག་པའི་རླུང་ཁྲག་འཁྲུགས་པའི་ནད་ཅིག་རེད།
གཉིས་པ། རྒྱུ་རྐྱེན་བསྟན་པ།
དྲེག་ནད་ཀྱི་རྒྱུ་རྐྱེན་ནི་ལུས་ཀྱི་ཁྲག་འཁོར་རྒྱུག་རྒྱུན་གཏན་མིན་པར་རླུང་ཁྲག་འཁྲུག་པར་བྱེད་པའི་ཁ་ཟས་དང་སྤྱོད་ལམ་བསྟེན་པ་དང་། དུས་མ་ཡིན་པར་ཉིན་གཉིད་ལོག་པ་དང་། ལུས་དལ་བར་སྡོད་ཆེ་བ། ཡང་ན་དྲག་ཤུལ་གྱི་ལས་སོགས་ཀྱི་རྐྱེན་ལས་རླུང་དང་ཁྲག་འཁྲུགས་ནས་དྲེག་ནད་སྐྱེད་པར་བྱེད་པའོ། ཕྱག་རྡོར་མགོན་པོས། དྲེག་རྐྱེན་རྔུལ་འདྲེས་དོག་པ་ལས་འབྱུང་། ཞེས་གསུངས་པ་བཞིན་དེང་སྐབས་འཚོ་བའི་ཆ་རྐྱེན་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བ་དང་ཟས་སྐོམ་ཐད་སྔོན་མ་དང་བསྡུར་ན་སྣ་ཁ་འཛོམས་སུ་ཕྱིན་ནས་ཁ་ཟས་གང་བྱུང་དུ་བསྟེན་པ་དང་གྱོན་གོས་ཐད་དང་དོད་ཆེ་རུ་ཕྱིན་ནས་དེང་སྐབས་དཔེ་གསར་ཅན་གྱི་ལྷམ་ཀྲད་དོག་པོ་གྱོན་པས་ནད་འདི་ཕོག་མཁན་ཤིན་ཏུ་མང་བའོ།
གསུམ་པ། དབྱེ་བ་བསྟན་པ།
དྲེག་ནད་ཀྱི་དབྱེ་བ་ལ་ཉེས་པའི་སྒོ་ནས་དབྱེ་བ་དང་ཞུགས་སའི་གནས་ཀྱི་སྒོ་ནས་དབྱེ་བ། དུས་ཀྱི་སྒོ་ནས་དབྱེ་བ་གསུམ་དུ་མཆིས་ཏེ་ཉེས་པའི་སྒོ་ནས་རླུང་ཤས་ཆེ་བའི་དྲེག་ནད་དང་མཁྲིས་ཤས་ཆེ་བའི་དྲེག་ནད། ཁྲག་ཤས་ཆེ་བའི་དྲེག་ནད་དང་བད་ཀན་ཤས་ཆེ་བའི་དྲེག་ནད་བཅས་བཞི་དང་། ཞུགས་སའི་གནས་ཀྱི་སྒོ་ནས་དྲེག་དཀར་ནག་ཁྲ་གསུམ་དང་གཞན་ཡང་དྲེག་དཀར་ནག་ཁྲ་གསུམ་ཉེས་པ་དང་སྦྱར་ནས་བད་ཀན་ཤས་ཆེ་བའི་དྲེག་དཀར་པོ་དང་ཁྲག་མཁྲིས་ཤས་ཆེ་བའི་དྲེག་ནག་པོ། རླུང་ཤས་ཆེ་བའི་དྲེག་ཁྲ་བོ་བཅས་གསུམ་དུ་དབྱེ་བ་དང་དུས་ཀྱི་སྒོ་ནས་དབྱེ་ན་དྲེག་གསར་པའི་དུས་སུ་པགས་པ་དང་ཁྲག་ལ་གནས་པ་དང་ཐ་མ་རྙིང་པའི་དུས་སུ་རྩ་ཆུ་རུས་ཚིགས་སོགས་ལ་གནས་པ་ཡིན།
བཞི་པ། རྟགས་བསྟན་པ།
དང་པོ། སྤྱི་རྟགས་བསྟན་པ། རྒྱུད་ལས། རུས་པའི་ནད་ལ་དྲེག་དང་རྐང་བམ་གཉིས། ནད་གཞན་རུས་ལ་ཞེན་དང་རྣམ་པ་གསུམ། ཞེས་གསུངས་པ་ལྟར་སྐབས་རེའི་དྲེག་ནད་དེ་རྙིང་པར་གོ་བར་བྱའོ། ཐ་མ་རྙིངས་ནས་རྩ་དང་ཆུ་རྒྱུས་ཚིགས། ཤ་རུས་སོགས་ཀུན་ལ་ཁྱབ་ཅིང་ལྷག་པར་སྐྲངས་ཤིང་ན་ཟུག་མི་བཟོད་པ། སྐྲངས་པ་སྲ་ལ་ཧྲེམ་ཞིང་དྲོད་ཆེ་བ། གཞང་ཁ་དང་རུས་ཚིགས་རྣམས་ཆད་སྙམ་བྱེད་པ་བཅས་དེ་དུས་ནད་ཀྱི་ཤུགས་ཡོངས་སུ་རྫོགས་པས་ཞ་བ་དང་འཐེང་བར་འགྱུར་ནས་གསོ་དཀའ་བ་ཡིན་ནོ། ཡང་ཟླ་ཟེར་ལས། ཐོག་མར་པགས་པ་ཁྲག་ལ་གནས། བྱུང་བ་རྟོགས་པར་སླ་ཞེས་བྱ། དེ་ནས་རིམ་གྱིས་ལུས་ཟུངས་ཀུན། ཁྱབ་སྟེ་རྟོགས་པར་དཀའ་ཞེས་བྱ། ཞེས་གསུངས་པ་ལྟར་རོ།
གཉིས་པ། བྱེ་བྲག་གི་རྟགས་བསྟན་པ། ཀ། རླུང་ལས་གྱུར་པའི་རྟགས། རླུང་ཤས་ཆེ་བའི་དྲེག་ནད་ནི་ཟུག་གཟེར་ཆེ་ཞིང་འཕྲིག་ལ་སྐྲངས་པ་འཕེལ་འབྲི་བྱེད་པ་དང་། སྐྲངས་མདོག་ནག་པོའམ་སྔོན་པོའི་ཐིག་ལེ་འོང་བ་ཡིན། ཁ། མཁྲིས་པ་ལས་གྱུར་བའི་རྟགས། མཁྲིས་ཤས་ཆེ་བའི་དྲེག་ནད་ནི་དྲོད་ཆེ་ཞིང་སྐྲངས་མདོག་དམར་ལ་སྐྲངས་པོར་ལག་པས་རེག་ན་མི་བཟོད་པའོ། ག ཁྲག་ལས་གྱུར་བའི་རྟགས། ཁྲག་ཤས་ཆེ་བའི་དྲེག་ནད་ནི་ཚ་འབྲབ་བྱེད་ཅིང་སྐྲངས་མདོག་དམར་བའམ་རྣག་ཏུ་འདྲུལ་བར་བྱེད། ང་། བད་ཀན་ལས་གྱུར་བའི་རྟགས། བད་ཀན་ཤས་ཆེ་བའི་དྲེག་ནད་ནི་སྐྲངས་པོར་ཟ་འཕྲུག་འབྱུང་ཞིང་ལྕི་ལ་འགུལ་དཀའ་བའམ་རེག་ན་ཚོར་བ་མེད་པ་འབྱུང་། ཅ། དྲེག་དཀར་ནག་ཁྲ་གསུམ་གྱི་རྟགས། 1. དྲེག་དཀར་པོའི་རྟགས། ཕྱག་རྡོར་མགོན་པོས། དཀར་པོ་རྐང་མཐིལ་རྒྱུ་ཞིང་མཐིབ་ཆུང་མཁར། ཞེས་གསུངས་སོ། 2. དྲེག་ནག་པོའི་རྟགས། ཕྱག་རྡོར་མགོན་པོས། ནག་པོ་ལོང་རྩ་བརྒྱུད་ཅིང་མཐེབ་ཆེན་མཁར། ཞེས་གསུངས་སོ། 3. དྲེག་ཁྲ་བོའི་རྟགས། ཕྱག་རྡོར་མགོན་པོས། ཁྲ་བོ་ཉྭ་ཚུལ་རྒྱུ་ཞིང་རྟིང་པར་མཁས། ཞེས་གསུངས་སོ།
གསུམ་པ། དྲེག་ནད་དང་ནད་གཞན་ཁྱད་པར་མི་ནོར་བའི་རྟགས། དྲེག་ནད་ནད་གཞན་དང་ནོར་ཉེན་ཤིན་ཏུ་ཆེ་བས་ང་ཚོ་གསོ་བ་པོ་ཞིག་གི་ངོས་ནས་བརྗོད་ན་ནད་འདི་ངོས་འཛིན་ལེགས་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། གལ་སྲིད་དྲེག་ནད་འདི་ནད་གཞན་ཞིག་དང་ནོར་ནས་བཅོས་ཐབས་བྱས་ན་གཅིག་ནས་སྨན་བཅོས་ལ་འཐུས་ཤོར་སོང་ཏེ་དྲེག་ནད་འདི་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་། གཉིས་ནས་ནད་པ་འདིའི་དཔལ་འབྱོར་འགྲོ་སོང་མང་པོ་ཕྱིན་པས། དྲེག་ནད་འདི་ནད་གཞན་དང་ཁྱད་པར་མི་ནོར་བའི་རྟགས་ནི་དྲེག་ནད་འདི་ཐོག་མར་རྐང་པའི་མཐེ་བོང་དང་བོལ་ཚིགས་རྐང་མཐིལ་བཅས་ལ་ལྡང་དུབ་ཅན་གྱི་ན་ཟུག་ཆེན་པོ་གཏོང་བ་དང་། དམར་སྐྲངས་ཆགས་ནས་སྔོ་ཐིག་དོན་པ་དང་། ངོས་སྲ་ཞིང་ཚ་དྲོད་རྒྱས་པ། རེག་དུས་བཟོད་དཀའ་བའི་ན་ཟུག་གཏོང་བ། འགུལ་བསྐྱོད་བྱེད་དཀའ་ལ་མཚན་མོ་ན་ཟུག་དེ་བས་ཆེ་རུ་འགྲོ་བ་སོགས་ཀྱི་མངོན་ཚུལ་ཡོང་བ་མ་ཟད། ནད་དེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ན་ཡང་ཡང་ལྡང་ཞིང་ཕྱིས་སུ་ནད་རྒྱས་ནས་མཐར་གྲུ་ཚིགས་དང་། པུས་ཚིགས་སོགས་རུས་ཚིགས་གཞན་དག་དང་། ཆུ་རྒྱུས་ལ་མཆེད་ནས་གྲུམ་བུའི་ནད་དང་། རྩ་དཀར། འབམ་སོགས་ཀྱི་ནད་ལ་འགྱུར་འགྲོ་གི་ཡོད།
བཞི་པ། འཁྲུལ་སོ་བསལ་བའི་རྟགས། དྲེག་ནད་འདི་འབམ་དང་། གྲུམ་བུ། རྩ་དཀར་ནད་སོགས་ལ་ནོར་ཉེན་ཆེ་བས་འཁྲུལ་སོ་བསལ་བ་ལ། ཀ། རྐང་འབམ་ནད་དང་འཁྲུལ་སོ་བསལ་བ། ཡན་ལག་སྐྲངས་ལ་སྨུག་ནག་ཏུ་འགྱུར་བ་དང་རེངས་འཁུམས་བྱུང་བ་སོགས་ཀྱིས་རྐང་འབམ་དང་དྲེག་ནད་གཉིས་འཁྲུལ་སོ་ཆེ་ཡང་རྐང་འབམ་ན་ཟུག་ཆུང་ཞིང་ནད་གཞི་སྟོད་ནས་སྨད་དུ་འབབ་པ་དང་དྲེག་ནད་ཟུག་གཟེར་ཆེ་ཞིང་འཕེལ་འབྲི་ཆེ་བའོ། ཁ། གྲུམ་བུའི་ནད་དང་འཁྲུལ་སོ་བསལ་བ། དྲེག་ནད་དང་གྲུམ་བུ་གཉིས་ན་བའི་ཟུག་གཟེར་ཆེ་ཞིང་ལྷག་པར་འགུལ་ཚེ་སྐད་ངན་འཆོར་བ་དང་ཡན་ལག་རེངས་འཁུམས་བྱེད་པ་སོགས་ཀྱིས་ནོར་ཉེན་ཆེ་ཡང་། ཞིབ་ཏུ་བརྟག་སྐབས་གྲུམ་ནད་ནི་ལུས་ཁམས་ཀྱི་ཚིགས་གཞི་ཐམས་ཅད་ཁོལ་བུར་ན་ཞིང་བརླན་གྲང་གི་ཡུལ་དུ་སྡོད་དྲགས་པ་སོགས་ཀྱིས་སློང་སླ་བ་དང་། དྲེག་ནད་ནི་ཐོག་མར་རྐང་པའི་མཐེ་བོང་ལ་གཙོ་བོར་གནས་ཤིང་རིམ་གྱིས་ལག་པའི་གྲུ་ཚིགས་སོགས་ཀྱི་ཆུ་རྒྱུས་ལ་མཆེད་ཅིང་ཟས་སྐོམ་སྣུམ་བཅུད་དང་། ལྷག་པར་ནང་ཁྲོལ་ལམ་ཆང་རག་གི་རིགས་དང་སྤྱོད་ལམ་ལུས་དལ་བར་སྡོད་ཆེ་བ་སོགས་ཀྱིས་སློང་སླ་བའོ། ག རྩ་དཀར་ནད་དང་འཁྲུལ་སོ་བསལ་བ། དྲེག་ནད་དང་རྩ་དཀར་ནད་གཉིས་ཡན་ལག་རེངས་ཤིང་སོར་མོ་འཁུམས་པ་དང་། ཚོར་བ་ཉམས་པ་འདྲ་ཡང་། རྩ་དཀར་ལ་ཁ་མིག་གཡོ་ཞིང་ཞ་སྦྲིད་དང་། དྲན་པ་ཉམས་པ་སོགས་འབྱུང་བས་མ་འཁྲུལ་བ་དགོས།
ལྔ་པ། སྤྱིའི་བཅོས་ཐབས་བཤད་པ།
དྲེག་ནད་ཀྱི་སྤྱིའི་བཅོས་ཚུལ་ནི་དང་པོ་ནང་སྐྱོན་བསལ་དགོས་ཏེ་རླུང་བཅོས་ཅི་རིགས་ཀྱིས་རླུང་བསལ་ཏེ་སྣུམ་བཅོས་བྱ་བ་དང་། དེ་རྗེས་གཏར་བ་གྲངས་མང་དུ་བྱ་ཞིང་ཁྲག་བོངས་ཉུང་ངུ་རྐང་ལག་གང་འབབ་ཀྱི་རྩ་ནས་དབྱུང་དགོས། འོན་ཀྱང་ཉམ་ཆུང་རླུང་ཤས་ཆེ་ན་གཏར་མི་རུང་ཞིང་ན་བའི་སར་རྭ་འཇིབ་རྒྱག་པ་དང་། སྐྲངས་ཆེ་ལ་དམར་ན་ཐུར་མས་བཙགས་པ་དང་། རྔབས་རྭའི་ཤུལ་དེ་གཙགས་བུས་དྲལ་ཏེ་ཁྲག་འདོན་པར་བྱ་བ་དང་། དེ་ཡང་རླུང་མཁྲིས་ཁྲག་དང་བད་ཀན་སོགས་དྲེག་ནད་ཐམས་ཅད་ལ་བད་ཚིལ་ཞི་ཞིང་རླུང་ཁྲག་སྙོམས་པར་བྱེད་པ་གཙོ་བོར་བཅོས་དགོས་སོ། སྙིང་བསྡུས་ལས། དེར་ནི་ཕྱུག་པོའི་རླུང་ནད་ཀྱིས། གསོ་བ་དྲེག་ནད་གསོ་བར་བྱ། ཁྲག་ནི་དྭངས་བར་བྱེད་པ་ཡིས། སྣུམ་དང་སྨན་གྱིས་སྦྱར་བར་བྱ། ཞེས་གསུངས་སོ། དྲེག་ནད་ལ་སྤྱིའི་གཉེན་པོ་ནི་ཐོག་མར་སྨན་དྲེག་ཐང་དང་སླེ་ཏྲེས་ལྔ་ཐང་། ཀླུ་བདུད་བཅོ་བརྒྱད། ཁྱུང་ལྔ། དངུལ་ཆུ་བཅོ་བརྒྱད་སོགས་བཏང་ནས་གཉན་ཚད་གཅོག་ཐབས་བྱེད་པ་དང་། རྗེས་སུ་སེ་འབྲུ་དྭངས་གནས་དང་། སྤོས་ཁྱུང་བཅོ་ལྔ། སེང་ལྡེང་ཉེར་གསུམ་དང་ཉེར་ལྔ། མགྲིན་མཚལ་ཉེར་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་གང་ལ་གང་འཚམ་གྱིས་བསྟེན་པ་དང་། རྭ་འཇིབ་རྒྱག་པ་དང་། ཆུ་ཚན་རྒྱག་པ་སོགས་ནས་བཅོས་དགོས། དེ་མིན་གསོ་རིག་ཀུན་བསྡུས་ལྟར་ཁོང་དུ་གཉན་ཚད་གཅོག་པར་བྱེད་པའི་སྨན་གུ་གུལ་བཅུ་པའམ་ཡང་ན་སྤོས་ཁྱུང་བཅོ་ལྔའམ་བོང་ཁྲག་ཉེར་ལྔ་སེང་ལྡེང་ཁུ་བས་དབུལ་ལ་བཏང་། སྐབས་སུ་དྭངས་མ་གནས་འཇོག་ཀྱང་བཏང་། ཡུང་བ་དང་བོང་ནག་གཉིས་ར་དཀར་འོ་མས་བྱུགས་ན་ན་ཟུག་གཅོག ཡང་ན་རུ་རྟ་བདུན་སྦྱོར་བྱུགས་པས་དྲེག་ནད་ན་ཟུག་གཅོག་ཅིང་གཏིང་འདོན་བྱེད། དེ་ལྟར་གསོ་ཐབས་བྱས་ཀྱང་དཀའ་ན་དངུལ་ཆུ་རིན་ཆེན་བཅོ་བརྒྱད་པའམ་སྤོས་དཀར་བཅོ་བརྒྱད་པའམ་བཏང་བར་བྱའོ།
དྲུག་པ། རྗེས་གཅོད་བསྟན་པ།
མཇུག་ཏུ་རང་བྱུང་གི་ཆུ་ཚན་ཁག་དང་། རྩ་བ་ལྔ་དང་། བདུད་རྩི་ལྔའི་སྨན་ལུགས་རྣམས་ཀྱིས་དྲེག་ནད་ཀྱི་རྗེས་གཅོད་ལ་ཕན་ཆེ་ཞིང་། ཟས་དཀར་དམར་སྐྱུར་གསུམ་གྱི་རིགས་དང་སྤྱོད་ལམ་དྲག་པོའི་རིགས་སྤངས་བར་ཤིན་ཏུ་གལ་ཆེའོ། མན་ངག་ལྷན་ཐབས་ལས། རྗེས་སུ་མུ་ཟི་ལ་སོགས་ཆུ་ཚན་འཕྲོད། ཆུ་སེར་སྐྱེད་ཟས་དཀར་མངར་སྐྱུར་རྣམས་སྤངས། སྤྱོད་ལམ་དྲག་ཤུལ་མ་ཡིན་བྲེལ་བར་བཅག ཞེས་གསུངས་སོ།
མདོར་ན། བོད་ཀྱི་གསོ་བ་རིག་པ་ནི་མེས་རྒྱལ་གསོ་རིག་བང་མཛོད་ནང་ཆེས་བཀྲག་མདངས་ལྡན་པའི་ནོར་བུ་ཞིག་ཡིན་པ་དང་། དེ་ནི་སྔོན་བྱོན་མེས་པོ་མཁས་པའི་ཕྱག་རྗེས་ཡིན་པས། ང་ཚོ་རྗེས་འཛིན་གསོ་རིག་སྦྱོང་མཁན་གྱི་ལས་དང་པོ་ཞིག་གི་ངོས་ནས་བརྗོད་ན། ནོར་བུ་འདིའི་རིན་ཐང་དེ་བས་ཆེས་ཆེར་གཏོང་རྒྱུ་ནི་ང་ཚོའི་ཕྲག་ཐོག་ཏུ་འབབ་པའི་འོས་འགན་ཉག་ཅིག་ཡིན། སྐབས་འདིར་རང་ཉིད་ཀྱིས་བོད་ཀྱི་གསོ་བ་རིག་པའི་དྲེག་ནད་རྟགས་བཅོས་སྐོར་ལ་དཔྱད་པ་ཅུང་ཙམ་བྱས་ཀྱང་། རང་ཉིད་སྐྱེས་སྦྱང་ཡོན་ཏན་གྱི་ན་ཚོད་ཤིན་ཏུ་ཕྲ་ཞིང་། ནད་ཐོག་ལག་ལེན་མྱོང་གོམས་ཆེས་དམན་ཕྱིར། ནོར་སྐྱོན་གྱི་དྲི་མ་དང་ལྡན་པས་གཟུར་གནས་མཁས་དབང་རྣམས་ཀྱི་ལེགས་བཅོས་དགོངས་འཆར་ལྷུག་པོར་གནང་རོགས་ཞུའོ། (བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་པ་སངས་ཚེ་རིང་གིས)
འགན་འཁུར་རྩོམ་སྒྲིག་པ། 米玛
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣