དབུ་ཤོག>བོད་ལུགས་གསོ་རིག
  • དཔྱད་ལྔའི་ལག་ལེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཆུང་བདག་གིས   |     སྤེལ་དུས།  2016-12-31

    353138_yis_1482899970030_s.jpg

    དཔྱད་ཀྱི་ལག་ཆའམ་ཆ་བྱད།

    བོད་ལུགས་གསོ་རིག་ནི་བོད་རིགས་མི་དམངས་ཚོས་དུས་ཡུན་རིང་པོའི་ནང་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་ཐོག་མི་རིགས་གཞན་གྱི་གསོ་རིག་ལེགས་བྱ་ཡང་བླངས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་བས་ད་ཆ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་རིགས་གཞུང་གི་མ་ལག་ཆ་ཚང་བའི་གསོ་རིག་གི་གཞུང་ལུགས་ཤིག་ཏུ་གྲུབ་པ་མ་ཟད། ཀླད་སྐྱོན་སྙིང་ནད་དང་། རྩ་དཀར་གྱི་ནད། གཅོང་ནད་བཅས་ལ་མཆོག་ཏུ་སྨན་པའི་ཐོག་ཆ་བྱད་དཔྱད་ཀྱི་ལག་ལེན་ཏེ། གཏར་བཅད་སྲེག་གསུམ་གྱི་ལག་ལེན་ནི་དེང་གི་གཤགས་བཅོས་རིག་པའི་ནུས་པ་དང་མཚུངས་པ་མ་ཟད། ཕྱི་ལུགས་དང་ཀྲུང་ལུགས་གསོ་རིག་གང་ལ་ཡང་མེད་པའི་ནད་བཅོས་ཀྱི་ལག་ལེན་ཁྱད་དུ་འཕགས་པ་ཞིག་ཡོད།

    དཔྱད་ནི་ལུས་ཀྱི་ཕྱི་ནས་ནད་ཀུན་འབྱིན་པ་དང་། ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ཞེས་པ་ལྟར་ཐབས་དང་རིག་པར་བརྟེན་ནས་ཕྱི་རོལ་ནས་ནད་གཞི་འཐེན་པའི་ཐབས་མཆོག་ཅིག་ཡིན། དཔྱད་ཀྱི་བཅོས་ཐབས་ལ་རྣམ་གྲངས་བཅུ་ཡོད་ཅིང་། ནད་དུས་ཀྱི་དབང་ནས་བརྗོད་ན་ཟུང་རྔུ་འབྱིན་པ་སོགས་ཐོག་མར་དཔྱད་དུ་ཞུགས་པ་དང་། སྐྲན་འཇུ་འབྱིན་བྱེད་པ་སོགས་བར་དུ་དཔྱད་བཅོས་བྱེད་པ། རེངས་འཁུམས་འདོན་པ་སོགས་མཐའ་མར་དཔྱད་ལ་ཞུགས་པ་བཅས་ཡིན།

    དཔྱད་ནི་ཚ་གྲང་ནད་ཀྱི་འཕེལ་ཟད་ནད་རྐྱེན་དངོས་ལུས་ཀྱི་བ་སྤུ་དང་གསང་མིག་གི་གནས་ནས་ཕྱིར་འཐེན་པར་བྱེད་པའི་དུགས་ལུམས་བྱུགས་གསུམ་དང་ཆ་བྱད་ཏེ། དཔྱད་ཀྱི་དམིགས་བསལ་ལག་ཆར་བརྟེན་ནས་ཤ་རུས་དོན་སྣོད་ཀྱི་གནས་སུ་གཞི་ཚུགས་པའི་ནད་རྐྱེན་དངོས་ཕྱིར་འདོན་པར་བྱེད་པའི་གཏར་བསྲེག་སོགས་ལུས་ཀྱི་འབྱུང་བ་མ་སྙོམས་པ་ལུས་ཀྱི་ཕྱི་ནས་སྙོམས་པར་བྱེད་པའི་བོད་ལུགས་གསོ་རིགས་ཀྱི་སྲོལ་རྒྱུན་སྨན་བཅོས་བྱ་ཐབས་ཐུན་མོང་མིན་པ་ཞིག་ཡིན། དེར་འཇམ་རྩུབ་ཀྱི་དབྱེ་བ་དང་ལྡན་ཏེ། ཇི་ལྟར་རིག་ན་དེ་ལྟར་དཔྱད་དེ་བསྟེན་ནས་ནད་རྣམས་ཕྱིར་འབྱིན་པ་དང་། དཔྱད་བྱེད་དུས་ཟུག་རྔུ་མེད་ན་འཇམ་པ། ཟུག་རྔུ་དང་བཅས་པས་རྩུབ་པ། སྟོབས་ལྡན་མྱུར་བས་དྲག་པོ་དང་བཅས་གསུམ་ཡོད། དེར་འཇམ་པའི་དཔྱད་ལ་དུགས་དང་། ལུམས། བྱུག་པ་བཅས་གསུམ་ཡོད་པ་དང་། རྩུབ་པོའི་དཔྱད་ལ་གཏར་དང་། བསྲེག དབུག་པ་བཅས་གསུམ། དེ་བཞིན་དྲག་པོའི་དཔྱད་ལ་འདྲལ་བ་དང་། གཅོད་པ། འདྲུད་པ། འབྱིན་པ་བཞི་བཅས་ཁྱོན་དཔྱད་ལ་རྣམ་པ་བཅུ་ཡོད། དེ་མིན་རྩུབ་དཔྱད་དང་དྲག་དཔྱད་གཉིས་ལ་རྩུབ་དཔྱད་དུ་འབོད་པ་དང་། དུགས་ལུམས་བྱུག་གསུམ་ལ་འཇམ་དཔྱད་ཅེས་དཔྱད་ལ་སྤྱིའི་དབྱེ་བར་འཇམ་རྩུབ་གཉིས་སུ་ཕྱེ་གི་ཡོད།

    རྣམ་ཀུན་ལྟར་ན། གཏར་ག་དང་། མེ་བཙའ། དུགས་། ལུམས། བྱུག་པ་བཅས་དཔྱད་ལྔ་ཞེས་འབོད་སྲོལ་ཡོད། འོན་ཀྱང་ཞིབ་ཕྲའི་ལག་ལེན་ཐོག་ཏུ་ཕབ་སྐབས་གཏར་སྲེག་སྟེ། ཁྲག་རྩའི་གཏར་དམིགས་སྟེང་ནས་ཁྲག་གཏར་བ་དང་། མེ་བཙའི་གསང་དམིགས་སྟེང་བསྲེག་པར་བྱེད་ཀྱི་ཡོད། དེ་ཡང་གཏར་རྩ་སྟེ། གཙག་བུ་བརྡེགས་ནས་ཁྲག་གཏར་དུ་རུང་བའི་རྩ་སྟེ། ནང་གསེས་སུ་དབྱེ་ན་རྩེ་ཆུང་དང་། སྣོད་ཁ། རྩ་བོ་ཆེ་སོགས་བདུན་ཅུ་རྩ་བདུན་ཡོད་པ་དང་། མེ་བཙའ་ཏེ། སྤྲ་བ་རི་མོར་དྲིལ་ནས་ནད་ཀྱི་སྟེང་དུ་བཞག་སྟེ་མེ་སྤར་བ་ལྟ་བུ་དང་ཏེལ་པ་མེར་བསྲེག་ནས་ནད་དམིགས་སྟེང་བརྡེག་པ་ལྟ་བུ་ཡིན། འོན་ཀྱང་དེ་དག་གི་ལག་ལེན་ཞིབ་ཅིང་ཕྲ་བས། ཚ་བའི་ནད་རོ་འདོན་པ་ཁོ་ནར་གཏར་ག་77དང་། གྲང་བའི་ནད་ཤུགས་བཅག་པ་ལ་མེ་བཙའ་71ལྡན་འདུས་ཀྱི་བལ་ཀན་འཇོམས་པར་དུགས་པ་30ལྡན་འདུས་ཀྱི་མཁྲིས་པ་འཇོམས་པར་ལུམས་24ལྡན་འདུས་ཀྱི་རླུང་ནད་འཇོམས་པར་ལུམས28བཅས་ཡོད་པར་གྲགས།

    དཔྱད་ཀྱི་གཞུང་ལུགས་ཆ་བྱད་དང་བཅས་པ་ནི་གཡུ་ཐོག་ཡོན་ཏན་མགོན་པོས་མི་ལོ་ཆིག་སྟོང་གི་ཡར་སྔོན་ནས《རྒྱུད་བཞིའི》ནང་ཞིབ་ཕྲ་བཀོད་ཡོད་པ་དང་ཡུན་རིང་གི་ལག་ལེན་ནང་འགྲོ་བ་ནད་པ་མང་པོ་ནད་གདུང་ལས་བསྐྱབས་ཡོད། ལྷག་དོན་སྨན་པས་ལག་ལེན་ཚུལ་བཞིན་ཐུབ་ན། ནད་རིགས་ཕལ་ཆེ་བར་སྤྱད་ཆོག་ལ་ཆེ་སར་ཁྲག་ངན་ཆུ་སེར་འདྲེན་པ་དང་འབྲས་སྐྲན་བཤིག་པའི་ནུས་པ་ལྡན་པ་དང་ཆུང་སར་ཤ་སྐམ་དྲགས་པ་རྒྱགས་ཏུ་གཏོང་བ་དང་རྒྱགས་དྲགས་པ་སྐམ་དུ་གཏོང་ཞིང་། ནད་རྐྱེན་འཕྲལ་དུ་སེལ་ཐུབ་པའི་ནུས་པ་ལྡན་ཡོད། འོན་ཀྱང་མངོན་མིན་རིག་གནས་ཤུལ་བཞག་ཏུ་གཏོགས་པའི་དཔྱད་ཀྱི་ལག་ལེན་དེར་ད་ལྟ་མི་མང་པོས་ཉེན་ཁའི་རང་བཞིན་དུ་བརྩི་བ་དང་སྨན་དོན་པ་ཚོས་ཀྱང་དེར་བཏང་སྙོམས་ཀྱི་རྣམ་པ་འཛིན་ཏེ་ལག་ལེན་བསྟར་མཁན་ཇེ་ཉུང་དུ་འགྲོ་བའི་སྣང་ཚུལ་མངོན་པས་བོད་ལུགས་གསོ་རིག་གི་ཐུན་མོང་མིན་པའི་དཔྱད་གྱི་བཅོས་ཐབས་དེ་མི་ཉམས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་སྨན་དོན་ཚན་པ་དང་སྨན་བཅོས་རྒྱུན་འཛིན་པ་ཚོའི་ཕྲག་ཐོག་གི་འོས་འགན་བླ་ན་མེད་པ་ཞིག་ཡིན།


    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།