དབུ་ཤོག>བོད་ལུགས་གསོ་རིག
  • ​ བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་བཤད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-09-20

    “བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་གདལ་གཏོང་རྒྱུ་དེ་ཀྲུང་གོའི་མངའ་ཁོངས་སུ་སྣུར་སྲིང་བྱས་ནས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། ཚེས་13ཉིན་ཕྱི་ལུགས་གསོ་རིག་ཐོག་ནས་གསལ་བཤད་རྒྱག་ཐབས་མེད་པའི་ནད་གཞི་གསར་པ་དང་རྙོག་འཛིང་ཆེ་བའི་ནད་ཐོན་པས་ཕྱི་ལུགས་སྨན་གྱི་ནུས་པ་རིམ་བཞིན་ཤོར་བས་སྲོལ་རྒྱུན་གྱི་སྨན་དང་སྨན་བཅོས་དང་ལྷག་པར་དུ་བོད་ལུགས་གསོ་རིག་དང་བོད་སྨན་ལ་དེ་བས་རྒྱ་ཆེ་བའི་འབྱུང་འགྱུར་བཏོད་ཡོད”ཅེས་ཨོ་སི་ཁྲུ་རི་ཡའི་ཚན་རིག་ཁང་གི་སྤྱི་ཚོགས་དང་མིའི་རིགས་ཀྱི་རིག་པའི་ཞིབ་འཇུག་སུའོ་ཡི་འབུམ་རམས་པ་ཧྲི་ཏི་ཧྥན་གྱིས་ལྷ་སར་དེ་ལྟར་བཤད།

    སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་འཚོགས་རིང་། སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་ཚོགས་ཆེན་དང་ཀྲུང་གོའི་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་དང་པོ་ཚེས་13ཉིན་ལྷ་སར་འཚོགས་པ་རེད། ཨ་རི་དང་། ཨོ་སི་ཁྲུ་རི་ཡ། ནེ་པ་ལ། མོང་གོལ་བཅས་དང་དེ་བཞིན་རྒྱལ་ཡོངས་ས་གནས་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དེ་གར་མཉམ་འཛོམས་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་སོགས་མི་རིགས་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་ལྷུག་པོར་གླེང་བ་རེད། རྒྱལ་ཁོངས་ཕྱི་རྒྱལ་ཡིན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་སྨན་རྩིས་ཁང་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ལ་གདེང་འཇོག་ཡག་པོ་བྱས་པ་དང་། ཧྲི་ཏི་ཧྥན་གྱིས་སྨན་རྩིས་ཁང་གིས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་དང་དེ་བཞིན་དེང་རབས་ཅན་གྱི་སྒྱུར་བཅོས་ཐོག་ནུས་པ་གལ་ཆེན་ཐོན་ནས་བོད་ལུགས་སྨན་པ་མི་རབས་གསར་པ་གསོ་སྐྱོང་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བྱ་གཞག་གི་རྒྱུན་འཛིན་དང་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ཁྲོད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བཤད་པ་རེད།

    མོང་གོལ་གྱི་སྲོལ་རྒྱུན་གསོ་རིག“སྨན་པ་གྲ་ཚང”གི་གསོ་སྦྱོང་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་སྣང་གསལ་རྡོ་རྗེས་གསར་འགོད་པར་ལོ་ངོ་1000ལྷག་ཙམ་གོང་མོང་གོལ་སྨན་པ་བོད་དུ་སྨན་པ་སྦྱོང་བར་ཡོང་མྱོང་ཡོད་པ་དང་བོད་ཀྱི་སྨན་པ་ཡང་མོང་གོལ་དུ་སྨན་པ་སྦྱོང་བར་སྐྱོད་མྱོང་ཡོད་པས་མོང་གོལ་གྱི་སྲོལ་རྒྱུན་སྨན་དང་སྨན་རྫས་རིག་པ་དང་བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་དབར་འབྲེལ་བ་དམ་ཟབ་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་གྱི་རྣམ་པ་ཡག་པོ་ཡོད་པས་ནུབ་ཕྱོགས་ཀྱི་མཁས་དབང་དང་སྨན་པ་དཀའ་བཅུ་པ་མང་པོས་བོད་ཀྱི་གསོ་བ་རིག་པར་ཞིབ་འཇུག་བྱེད་ཀྱི་ཡོད་པས་རང་ཉིད་དགའ་ཚོར་ཆེན་པོ་འདུག་ཅེས་བཤད།

    “འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྲོལ་རྒྱུན་གྱི་གསོ་བ་རིག་པར་ཁས་ལེན་དང་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པས་དུས་རབས་21པར་སྲོལ་རྒྱུན་གྱི་གསོ་བ་རིག་པ་དང་ལྷག་པར་དུ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་རིག་པས་འཛམ་གླིང་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་ནས་འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་བདེ་ཐང་དང་སྤྲོ་སྣང་ཆེད་དུ་ལེགས་སྐྱེས་འབུལ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་སྣང་གསལ་རྡོ་རྗེས་བཤད།

    ལོ་བརྒྱ་འཕེལ་རྒྱས་ཕྱིན་པ་བརྒྱུད་དེ་སྔོན་སྨན་བཅོས་དང་སློབ་གསོའི་ལས་འགན་གཉིས་འཁུར་མཁན“སྨན་རྩིས་ཁང”ད་ཆ་རྒྱལ་ཡོངས་སུ་ཁག་དང་པོ་དང་བོད་དུ་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། སྔོན་འགོག་འཕྲོད་སྦྱོར། སྨན་རྫས་ལས་སྣོན་ཐོན་སྐྱེད། རིག་གནས་བརྒྱུད་སྤེལ་བཅས་གཞི་གཅིག་ཏུ་བསྡུས་པའི“ཀ་པ་རིམ་པ་གསུམ་པའི”མི་རིགས་གསོ་བ་རིག་པའི་སྨན་ཁང་གཅིག་བུ་དེ་དང་རྒྱལ་ཡོངས་ཀྱི་ཁག་དང་པོའི་གཙོ་གནད་ཀྱི་མི་རིགས་སྨན་ཁང་འཛུགས་སྐྲུན་ཚན་པར་གྱུར་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རིང་མིན་གོང་ལྷ་སར་སྨན་རྩིས་ཁང་བཙུགས་ནས་ལོ་བརྒྱ་འཁོར་བའི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུའི་ཐོག་ཨ་རིའི་ཅ་ཀྲོའུ་སློབ་ཆེན་ཅིའུ་ཅིན་ཧྲན་ཡན་ལག་སློབ་གྲྭའི་གསོ་བ་རིག་པ་དང་མིའི་རིགས་རིག་པའི་དགེ་རྒན་ཆེ་མོ་བ་ཝུན་སེན·ཨའེ་ཏི་མན་གྱིས་རྒྱལ་སྤྱིའི་སློབ་མ་དང་དེ་བཞིན་མཁས་དབང་དེ་བས་མང་བ་བོད་དུ་བསྐྱོད་ནས་སློབ་སྦྱོང་སྤེལ་རེས་བྱས་ཏེ་ཐུན་མོང་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སློབ་ཁྲིད་དང་ཞིབ་འཇུག་གི་རྒྱལ་སྤྱི་ཅན་གྱི་ལས་སྟེགས་ཤིག་སྐྲུན་དགོས་པའི་གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།