ཚེས་18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྨན་ཁང་བཙུགས་ནས་ལོ་100འཁོར་བའི་གསར་འགྱུར་ཡོངས་བསྒྲགས་འཚོགས་འདུ་འཚོགས་ཏེ། སྨན་རྩིས་ཁང་གི་འཕེལ་རྒྱས་འབྱུང་རིམ་དང་སྨན་ཁང་བཙུགས་ནས་ལོ་100འཁོར་བའི་རྟེན་འབྲེལ་བྱེད་སྒོ་སོགས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
སྨན་རྩིས་ཁང་གི་སྔ་མིང་ལ་1916ལོར་བཀྲས་ཁང་སྤྱི་ཁབ་མཁན་པོ་དང་མཁས་དབང་མཁྱེན་རབ་ནོར་བུ་རྣམ་གཉིས་ཀྱིས་ལྷ་སར་བཙུགས་པའི“སྨན་རྩིས་ཁང”ཞེས་བརྗོད་ཀྱི་ཡོད། 1980ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཞེས་པར་རིམ་སྤོར་བྱས་པ་དང་། ད་བར་ལོ་100ཡི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་ཡོད། མིག་སྔར་སྨན་རྩིས་ཁང་ལྗོངས་ཡོངས་ཀྱི་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། སྔོན་འགོག་བདེ་སྲུང། སྨན་སྦྱོར་ཐོན་སྐྱེད། རིག་གནས་ཁྱབ་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་ཀ་པ་རིམ་པ་གསུམ་པའི་སྨན་རྩིས་ཁང་འབའ་ཞིག་དང་རྒྱལ་ཡོངས་ཀྱི་མི་རིགས་སྨན་བཅོས་འཛུགས་སྐྲུན་གྱི་གཙོ་གནད་ཚན་པ་དང་པོ་དེར་གྱུར་ཡོད།
ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་སྐོར་གཟིགས་པ་གཞོན་པ་དང་། ལྗོངས་སྨན་རྩིས་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཡོན་ཀྲང་གཞོན་པ་ཡེ་ཤེས་དབྱངས་འཛོམས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་རྩིས་ཁང་འཕེལ་རྒྱས་ཕྱིན་པ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པའི་མཚོན་ཚུལ་ཞིག་རེད། དེ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པ་མ་ཟད། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་ཆེད་དུ་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཡང་ཕུལ་ཡོད་པ་རེད།