དབུ་ཤོག>བོད་ལུགས་གསོ་རིག
  • རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།

  • ཡོང་ཁུངས།  མཚོ་སྔོན་པོ་དྲ་བ།   |     རྩོམ་པ་པོ།  དེའུ་དམར་བསྟན་འཛིན་ཕུན་ཚོགས།   |     སྤེལ་དུས།  2016-07-20

    རྒྱ་གར་སྐད་དུ། བཛྲ་དཎྜི་ཨུཔདེཤ་སརྦ་རོག་གྲཧ་མཐཁཾ་ལོཧ་སབྦིབྔཎ་ནྰམ། ༄༅། །བོད་སྐད་དུ། རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ།

    བླ་མ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སྐྱེ་མེད་ཆོས་སྐུ་མངོན་གྱུར་བླ་མ་རྗེ། །འགགས་མེད་ལོངས་སྐུར་སྣང་སྟོང་ཡི་དམ་ལྷ།། གང་འདུལ་སྤྲུལ་སྟོན་ཌཀྐི་སྲུང་མར་བཅས། །དད་པའི་ཡུལ་དེར་ཕྱག་འཚལ་བརྩེར་དགོངས་གཟིགས། །འགྲོ་མང་སྡུག་བསྔལ་ནད་ཀྱི་གཟིར་བ་ལ། །ཕན་བྱེད་རྡོ་རྗེ་དབྱུག་པའི་མན་ངག་ནི། །བརྒྱུད་ལྡན་བླ་མའི་ཕྱག་ལེན་བདེ་བླག་ཏུ། །རྟོག་བྱེད་ཡི་གེར་འགོད་འདི་གནང་བ་སྩོལ། །འདི་ལ་རྡེག་བྱེད་རྡེག་ཡུལ་རྡེག་བྱ་གསུམ།།

    དང་པོ་རྡེག་བྱེད་སྨན་པའི་བྱ་བ།

    དང་པོ་རྡེག་བྱེད་སྨན་པའི་བྱ་བ་ལ། །བརྒྱུད་པ་ངོ་བོ་དབང་དང་གསུམ་ལྡན་དགོས། །དང་པོ་བརྒྱུད་པ་ཆོས་སྐུ་ཡེ་ཤེས་ཀྱི། །མཁའ་འགྲོའི་དབང་མོ་ཉི་མའི་འོད་ཟེར་གྱིས། །མཁས་གྲུབ་ཆེན་པོ་ཨོ་རྒྱན་པ་ལ་གནང་། །དེས་ཀྱང་མཁས་མཆོག་ཟླ་བ་སེང་གེར་སྩལ། །དེ་ནས་རིམ་པར་བྱང་ཆུབ་སེང་གེ་དང་།  །བསོད་ནམས་དལལ་དང་རྒོད་ཕྲུག་ཆོས་ཀྱི་རྗེ། །གྲགས་པ་འབྱུང་གནས་གྲུབ་ཆེན་རྒྱ་མཚོ་དཔལ། །ཁ་རག་གྲུབ་ཆེན་ཀུན་མཁྱེན་རྒྱལ་དབང་རྗེ། །ངག་དབང་ཆོས་རྒྱལ་གྲགས་པ་རྒྱལ་མཚན་དཔལ། །པུཎྜ་རི་ཀ་རྗེ་བཙུན་ངག་དབང་བཟང་། །དཔག་བསམ་དབང་པོ་ཀུན་དགའ་ལྷུན་གྲུབ་རྗེ། །མི་ཕམ་ཆོས་དབང་ཀུན་དགའ་བསྟན་འཛིན་ལས། །རིམ་པས་བརྒྱུད་དེ་ཕྱག་ལེན་བྱིན་རླབས་སྲོལ། །མ་ཉམས་པ་ལས་ཁོ་བོས་ལུང་ཐོབ་ཅིང་། །ཕྱག་ལེན་དམར་ཁྲིད་འཁྲུལ་མེད་བརྒྱུད་པ་ནི། །ཡེ་ཤེས་མཁའ་འགྲོས་ཨོ་རྒྱན་པར་གནང་ནས། །རིམ་པས་སྙེ་མོ་ཀུན་དགའ་དོན་འགྲུབ་དང་། །ཀརྨ་རང་བྱུང་རྡོ་རྗེ་གཡུང་སྟོན་པ། །མཁས་གྲུབ་དར་རྒྱལ་བ་དང་མཁའ་བསྐྱོད་དབང་། །དེ་ནས་ཀར་མ་དེ་བཞིན་གཤེགས་པ་དང་། །སྐུ་ཅེར་རྟོགས་ལྡན་སྤྱོད་པ་སངས་རྒྱས་དཔལ། །སངས་རྒྱས་བསམ་འགྲུབ་གོང་མ་ཆོས་ཀྱི་གྲགས། །ཤེས་རབ་རྒྱ་མཚོ་རོལ་པའི་རྡོ་རྗེ་དང་། །ཀུན་མཁྱེན་རྗེ་དང་པུ་རནྡ་མ་ཏི། །ཆོས་སྐྱོང་དོན་འགྲུབ་ཀར་མ་བདེ་སྐྱིད་དང་། །ཀར་མ་བྱམས་ལྡན་ནམ་མཁའ་ཤེས་རབ་འབར། །རིམ་པར་བརྒྱུད་ལས་ཁོ་བོས་ལེགས་པར་ཤོས།།

    གཉིས་པ་རྡེག་པར་བྱེད་པའི་ངོ་བོ་ནི། །དེ་ལྟའི་བརྒྱུད་ལྡན་བླ་མས་ལུང་དང་ཁྲིད། །ཐོབ་ནས་ཉམས་སུ་ལེན་དགོས་དེ་ལ་ཡང་། །རབ་འབྲིང་ཐ་མ་གསུམ་གྱི་མཚན་ཉིད་ནི། །རབ་ནི་སྡོམ་པ་གསུམ་ལྡན་ཁྱད་པར་དུ། །གསང་ཆེན་རྡོ་རྗེ་ཐེག་པའི་ལམ་རྩལ་རྫོགས། །རྩ་རླུང་ཐིག་ལེའི་བྱེད་པ་ལས་རུང་དགོས། །གཉིས་པ་འབྲིང་ནི་བསླབ་ཁྲིམས་གསུམ་ལྡན་དགོས། །གསུམ་པ་ཐ་མ་འང་སྡིག་སྤང་དགེ་བསྒྲུབ་དགོས། །བྱང་ཆུབ་སེམས་འབྱོང་རྒྱུ་དྲུག་ལྡན་པ་དགོས།།

    གསུམ་པ་དབང་ལ་གང་ཡང་མན་ངག་འདི། །བསྒྲུབ་ལ་དབང་ཕྱིར་ལུས་ཐོབ་བསྐྱེད་རྫོགས་དང་། །རླུང་སྔགས་བཟླས་བརྗོད་ལ་བརྩོན་ལག་ལེན་དང་། །ཚད་ལྡན་དབྱུག་པ་ངེས་གནང་གསང་ཤེས་འཇོམས། །ཚོད་ཐིག་ལོག་གནོན་རྗེས་ལ་མཁས་ཞིབ་དགོས།།

    གཉིས་པ་རྡེག་ཡུལ་བསྟན་པ།

    གཉིས་པ་རྡེག་ཡུལ་རུང་མིན་རྣམ་པ་གཉིས། །དང་པོ་རྡེག་ཏུ་མི་རུང་སྤང་བྱ་ལ། །ནད་གནས་དུས་གསུམ་གྱིས་སྟོན་དང་པོ་ནད། །རིམས་ནད་ཁྲག་མཁྲིས་ཚ་བར་གྱུར་པ་དང་། །དོན་སྣོད་འགྲམས་དང་ཚ་སྐྲན་ཚ་ཆུ་བསགས། །ཕོ་ལྷོག་ཚ་ལྷོག་རྨ་སྐྲངས་གག་ལྷོག་སྲིན། །དུག་ནད་གཉན་གཟེར་འབྲུམ་བུ་མེས་ཚིག་དང་། །ཕྱི་ཚད་ཆེ་དང་ཁོང་སྙོམ་ལུས་ལྕི་བ། །ལྕེ་ལ་བད་མཁྲིས་ཆགས་དང་མ་སྨིན་རིགས། །ལུད་པ་དམར་དང་མཁལ་གཅོང་ལྒང་པའི་རྡེལ། །ནང་ནད་ཕྱིར་མི་མངོན་དང་སྤྱིར་ཁྱབ་པའི། །ནད་དམིགས་མེད་པ་རྣམས་ལ་སྤོང་བར་བྱ། །མདོར་ན་ཁྲག་ཚད་གཉན་གསུམ་ལྡན་ལ་སྤང་།།

    གཉིས་པ་མི་རུང་གནས་ཀྱི་ཁྱད་པར་ནི། །སོ་སོགས་སྲིན་གཟེར་སྟེང་དང་དབང་སྒོ་ལྔ། །ཕོ་མོའི་མཚན་མ་སྒྲོ་བ་ནུ་མ་གཉིས། །ལྟེ་བ་གཉེར་པོ་ཆེ་དང་ཉྭ་མགོ་རྣམས། །པུས་མོའི་ལྷ་ང་གཉན་གོང་སོག་པའི་མཐིལ། །སྙིང་མཆིན་མཆེར་མཁལ་སྟེང་དང་མཆན་ཁུང་གཉིས། །སྣེ་ས་ཁུད་དང་མིག་ཕོར་ཁ་འཁོར་གཉིས། །ཚངས་བུག་མཁུར་འཛུམ་གཉིས་དང་ལྟག་རྩ་ནག །མཇིང་པ་རྩེ་ཆུང་གཉིད་ལོག་རྣ་རྕེ་དང་། །གཉན་རྨ་ཆུ་རྒྱུས་འཕར་རྩའི་སྟེང་ལ་སོགས། །གཉན་པའི་གནས་ཀུན་དང་ནི་ཨོལ་མདུད་སྤོངས།།

    གསུམ་པ་དུས་ཀྱི་སྒོ་ནས་མི་རུང་བ། །ཧ་ཅང་རྒས་དང་བྱིས་པ་སྦྲུམ་མའི་ལྟོ། །བླ་གནས་གསང་ལ་གནས་དུས་བིཥྚི་དང་། །དྲག་པོའི་ཚེས་གཉན་རྒྱུ་དུས་སྤང་བར་བྱ།།

    གསུམ་པ་བརྡེག་རུང་བ་ལ་ནད་གནས་གཉིས། །དང་པོ་ནད་ནི་བད་རླུང་ལས་གྱུར་རིགས། །ནད་དམིགས་གཟེར་མིག་ཡོད་ས་ཀུན་དང་ནི། །མགོ་བོའི་གནས་ལ་འཕར་རྩ་ཕལ་ཡང་རུང་།།

    གཉིས་པ་བརྡེག་རུང་གནས་ཀྱི་གསང་ལ་ཡང་། །ནད་ཀྱི་བབས་གསང་ནད་པས་བཙལ་བ་དང་། །རང་བཞིན་གནས་གསང་སྨན་པས་བཙལ་བ་གཉིས། །དང་པོ་བབས་གསང་ནད་པས་ཤེས་པ་ནི། །ནད་དམིགས་གཟེར་ཡོད་མནན་ཚེ་ན་བ་དང་། །མནན་ན་ཕན་སྙམ་གྲང་ཤ་ཟ་བ་དང་། །གཟེར་དམིག་མཐེབ་རྗེས་འོང་དང་བ་སྤྲུ་ལོག །ཤ་མདོག་འགྱུར་དང་ཁྱད་པར་སྐྱ་གསོབ་འཁྱག །ཟ་འཕྲུག་འབྲུམ་ཆུང་མང་བ་རྣམས་སུ་གདབ།།

    གཉིས་པ་རང་བཞིན་སྨན་པས་བཙལ་གསང་ལ། །མགོ་དང་ཡན་ལག་མདུན་རྒྱབ་སྒལ་སྨད་དྲུག །དང་པོ་མགོ་གསང་སྤྱི་བོའི་གཙུག་དེ་ནི། །དོན་སྙིང་ལྔ་སོགས་ནང་རྩ་ཐམས་ཅད་འདུས། །ཀླད་པའི་རྒྱ་ལ་རླུང་ཞུགས་འབོག་པ་དང་། །གཞུངས་ལ་རླུང་དང་ཆུ་སེར་ཞུགས་པ་ཡིས། །རྒུར་པོར་སོང་བ་སོགས་ལ་ཕན་ཕྱིར་བརྡེག །ལྟག་པ་གཡས་པ་གློ་གསང་གཡོན་པ་ནི། །མཆེར་པའི་གསང་ཡིན་ལྟག་འབོར་མཁལ་མའི་གསང་། །དཔྲལ་བའི་ཟུར་གཉིས་མཆིན་གསང་དཔྲལ་དཀྱིལ་ནས། །ཚོན་གསུམ་གྱེན་དུ་བཅལ་བ་མཚོག་མའི་གསང་། །གཙུག་གི་གཡས་གཡོན་སོར་བཞི་ལག་གཉིས་གསང་། །དེ་ཡི་སྔ་ཕྱི་སོར་བཞི་ཟུར་གསང་བཞི། །གཟེར་བཞི་ཞེས་གྲགས་དེ་དག་ཀུན་གྱིས་ནི། །མགོ་ནད་སྤྱི་དང་ཁྱད་པར་རང་ནད་སེལ། །སྨིན་མའི་མཚམས་ནས་སོར་བཞི་གྱེན་བཅལ་ནས། །གཡས་གཡོན་སོར་བཞི་རེ་བཅལ་གང་དམིགས་པའི། །རང་ཕྱོགས་ཟུང་རྡུང་སྣ་ཁྲག་འཛག་པ་གཅོད། །རླུང་གི་རྣ་བ་འོན་ལ་རྣ་ལྟག་གི། །རུས་པ་འབུར་པོའམ་ནི་སྣེ་འུ་ཆུང་གི། །མདུན་དུ་སྣུམ་བསྐུས་ཕྱི་ལ་དལ་བུས་བརྡེག །ལྕེ་མི་བདེ་ཞིང་དིག་པར་གྱུར་བ་ལ། །མཁུར་ཚོས་ངོས་ནས་རྣ་ཤལ་ངོས་སོར་བཞི། །རྩེའུ་ཆུང་དང་རྣ་ཤལ་ནས་འཐེན་ལ། །ལྟག་པའི་གདོང་ལ་རྡེག་པས་མགོ་འཁོར་ནས། །འགྱེལ་དང་བུབ་པར་བྱེད་པ་དག་ལ་ཕན། །དེ་ཡི་གཡས་གཡོན་སོར་བཞི་མིག་རྩ་གནས། །དེ་ལ་མ་ཕོག་མ་འཁྲུགས་གཟབ་པར་གནད། །ལྟག་ཁུང་ཀྱོང་མོ་བརྡུང་པས་མིག་ནད་སེལ། །མིག་གཉིས་ཕྱི་ཟུར་ཚོན་རེར་མིག་འགྲིབ་སེལ། །སྙིང་མི་དགའ་ན་སྐྲ་མཚམས་དབུས་སུ་བརྡུང་། །ལྟག་ཟུར་གཡས་གཡོན་སྤུ་འཁྱིལ་ལ་བསྣུན་པས། །མཇིང་པ་རེངས་དང་མིག་མི་བདེ་བ་སེལ། །དྲི་མི་ཚོར་ན་སྣ་ཡི་ཕྲུམ་ཕྲུམ་མཉེ། །སོ་འགྲམ་ན་ན་གང་ནའི་མུར་འགྲམ་དང་། །ཨོལ་སྒོའི་འཕར་རྩ་དལ་བུས་བརྡུང་ན་ཕན། །སྨྱོ་ཞིང་འབོག་ན་རྙ་ཆུའི་(མ་མཆུའི་)སྤུ་འཁྱིལ་དང་། །འབྲེལ་འཚམས་དེ་དང་སྒྲོག་རུས་ནང་དུ་བསྣུན། །སྙིང་མི་དགའ་ཞིང་ཤེས་འཕྱོ་ཚིག་པ་ཟ། །དེ་ལ་དཔྲལ་དཀྱིལ་སྐྲ་ཡི་མཚམས་སུ་བསྣུན། །གླལ་མང་སྨྲ་དིག་ཨོལ་སྒོའི་ཟུར་ན་རྡེག །རྟག་ཏུ་མཆུ་ན་མ་མཆུས་གཤོང་མོ་བརྡུང་། །དང་ག་མི་བདེ་བ་དང་བུ་བཙས་རྗེས། །སྐྲངས་པ་ཨོལ་སྟོང་ཁུང་དུ་བརྡུང་བར་བྱ། །གྲེ་འགགས་མིད་པ་འཁྱིལ་(འཆུས་)ལ་ཨོལ་མདུད་ནས། །འོག་ཏུ་ཚོན་གང་བཅལ་ལ་དལ་བུས་བརྡུང། །གཉིད་དངངས་སྣ་རྩེའི་ཐད་ཀྱི་སྐྲ་མཚམས་བརྡུང། །ཡ་སོ་ན་ལ་མུར་གོང་ཕྱི་ཁུང་བརྡེག །ཁ་འཐམ་པ་ལ་སྣ་ཞོལ་གཡས་གཡོན་ནས། །འཕྲེད་ལ་ཚོན་གང་བཅལ་ས་བརྡུང་པས་ཕན། །རྣ་བ་ན་ན་དེ་མདུན་ཀྱོང་མོར་རྡེག །དེ་ནི་མགོ་གསང་རྐྱང་འདེགས་བཅུ་དགུ་ཡིན། །ཟུང་ཡ་བགྲང་ན་རྡེག་དམིགས་བཞི་བཅུ་བདུན།།

    གཉིས་པ་ལག་པའི་གསང་ནི་འདི་ལྟ་སྟེ། །རོ་སྟོད་ན་ལ་རྒྱས་ཤིང་རྒྱང་པ་དང་། །སྙིང་མི་དགའ་ན་ཕྲག་གོང་གཉིས་ལ་བསྣུན། །ངུ་འདོད་སྙིང་མི་དགའ་ལ་ལག་མགོ་ཡི། །མཁྲིག་མཚམས་གྱེན་སོར་བཞི་ལ་རྡེག་པར་བྱ། །དཔུང་པ་ལག་པའི་སྒང་ནས་ན་བ་ལ། །འབྲེལ་མཚམས་ཕྱི་ནང་གང་ནར་བསྣུན་པས་ཕན། །ལག་པ་མི་ཐེག་ཕྲག་གོང་དཔུང་ལག་གི། །འབྲེལ་མཚམས་དག་ལ་རྡེག་པར་བྱས་ན་ཕན། །ལག་མགོ་ན་ན་མཐེབ་ཆེན་ཀྱོང་མོར་བརྡུང་། །ལག་པ་མདུན་དུ་མ་འཁྱོག་དཔུང་མགོ་གཉིས། །འབྲེལ་མཚམས་རྒྱབ་ཕྱོགས་བརྡུངས་པས་ཕན་པར་འགྱུར། །གྲུ་མོ་ན་ན་ཕྱི་ཡི་སྐྱོང་མོ་བརྡུང་། །སོར་མོ་ན་ན་ནང་གི་འབྲེལ་མཚམས་བརྡུང་། །སྨྱོ་ཆུ་འབོག་ན་གཉའ་ཆུ་གཡས་གཡོན་དང་། །དཔུང་མགོ་ལུག་གཞུག་མཚམས་སུ་རྡེག་པར་བྱ། །དེ་ལ་ལག་པའི་ཕན་གསང་བཅུ་ཞེས་འབོད། །ལག་པའི་བརྡུང་དམིགས་སུམ་ཅུ་ཐམ་པ་ཡོད།།

    གསུམ་པ་མདུན་གསང་ཨོལ་སྒོའི་སྟོང་སྟོང་པོར། །སྲོག་རྩའི་མདུན་གསང་ཞེས་བྱ་དེ་བརྡུང་པས། །རླུང་གྱེན་ལོག་པས་སྙིང་འཆུས་གློ་དང་སྐྱུགས། །སྟོད་འཚང་གྲེ་འགགས་མགྲིན་པ་མི་བདེར་ཕན། །སྒྲོག་རུས་ཕུག་གི་འགྱིངས་(མཇིང་)མཚམས་དབྱུག་རྩེ་ཡིས། །དལ་བུས་བསྣུན་པས་སྒྲོག་རུས་ཕུག་གསང་འདིས། །སྔངས་དང་དབུགས་འདྲེན་མི་ཤེས་སྒྲོག་རུས་གཟེར། །སྣ་ན་རྣ་འགགས་སོགས་ལ་ངེས་པར་ཕན། །སྒྲོག་རུས་སྟེང་འོག་རྩིབ་བར་བཞིར་བསྣུན་པས། །རོ་སྟོད་དགྱེས་དང་སྙིང་མི་དགའ་ལ་ཕན། །ནུ་མའི་སྟེང་ནས་གྱེན་ཚོན་གང་གི་ས། །སྙིང་གསང་སྒོང་མོ་ཞེས་བྱ་སྙིང་དང་ནི། །སྲོག་རྩ་འདོམས་པའི་ས་ཡིན་དེར་བསྣུན་པས། །སྲོག་གི་རླུང་དང་སྙིང་ནད་གྲང་བ་སེལ། །ནུ་མའི་ཕྱི་ངོས་ཚོན་གང་སྲོག་རྩ་ལ། །ཆུ་སེར་རླུང་ཞུགས་གསང་བརྡུང་དེ་ལ་ཕན། །ནུ་འོག་ཐུར་དུ་ཚོན་གང་སྙིང་འཁྱུས་གསང་། །བརྡུང་པས་སེམས་ངལ་སྙིང་ཆུ་བསགས་ལ་ཕན། །ནུ་མའི་མདུན་ནས་བྲང་ངོས་ཚོན་གང་ནི། །སྙིང་ལོག་བད་རླུང་ཆུ་སེར་རླུང་འཁྱིལ་ཕན། །སྙིང་གསང་ཕོར་གཡོན་མོ་ལ་གཡས་པ་གཙོ། །ནུ་ཐད་གཞུང་འཛོམས་དཀར་ནག་མཚམས་དབུས་ལ། །སྲིན་མཛུབ་གཡོན་ནས་བཟུང་བསྡམ་བསྣུན་པ་ལ། །གདོན་གྱིས་བཏབ་པའི་ནད་ཀུན་འཇོམས་པར་ནུས། །དེ་ཡི་གཡས་གཡོན་ཚོན་རེ་བཅལ་བའི་སར། །གློ་སྙིང་འདོམས་པའི་གསང་ཡིན་དེར་བསྣུན་པས། །སྟེང་རླུང་སྐྲན་དང་ཆུ་སེར་ཞུགས་པ་སོགས། །གློ་སྙིང་གྲང་རླུང་ཆུ་སེར་རྒྱས་ལ་ཕན། །སྒྲོག་རུས་དཀྱིལ་ནས་རྩིབ་བུ་གསུམ་འདས་མཚམས། །གོ་ཆེན་གསང་ཡིན་དེ་ནས་རྕེ་སོར་བཞི། །མར་བཅལ་གོ་ཆུང་གསང་ཡིན་དེར་བརྡུང་པས། །སྟོད་དུ་ཆུ་སེར་ཞུགས་པའི་སྐྲན་ལ་ཕན། །མཆན་ཁུང་འཛུམ་ནས་སོར་བཞི་ཐུར་བཅལ་བའི། །རྩིབ་མ་གསུམ་འདས་གོ་བར་མཛོད་བུ་ཆུང་། །གློ་བའི་ནད་ལ་ཕན་པའི་བརྡུང་གསང་ཡིན། །ནུ་མ་གཡོན་ནས་ཐུར་དུ་ཚོན་དོ་ནས། །མཆེར་པའི་མདུན་གསང་ཞེས་བྱ་མཆེར་ནད་སེལ། །ནུ་གཡས་འོག་ཏུ་ཚོན་དོ་རྩིབ་མཐའ་ནི། །མཆིན་པའི་མདུན་གསང་དེར་མཐུན་(བསྣུན་)མཆིན་ནད་སེལ། །ཕོ་གསང་རིམ་དགུ་ལྷེན་སྣའི་རྩེ་མོ་ནས། །ཐུར་དུ་ཚོན་གསུམ་རེ་རེ་གཡས་གཡོན་དུ། །ཚོན་རེ་བཅལ་བའི་གཡས་གཡོན་བཅས་ཁ་གསུམ། །གོང་མ་ཁ་གསུམ་ལྷེན་གྱི་གསང་གསུམ་ཡིན། །བར་གསུམ་སྐྲན་གསང་འོག་གསུམ་མེ་མཉམ་གསང་། །དེ་དག་གང་ན་བརྡུང་པས་ལྷེན་ལྕགས་དྲེག །ཕོ་སྐྲན་མ་ཞུ་མེ་ཉམས་རིམ་པས་སེལ། །འོག་མས་སྦོས་འགྱིངས་ཕོ་ལྷོག་ནད་ལ་ཕན། །དེ་ཡང་ཕོ་བ་ཚ་ལོག་ཚ་འཁྱུག་གཟེར། །དེ་ལ་དབྱུག་སྤང་གྲང་ལོག་སྦོ་འཁྲོག་གྲང་། །སྟོད་བརྒྱང་ལག་པས་བརྡུང་ཚེ་དིང་དིང་སྒྲོག །དེ་སྟེང་སྐད་ཉག་དྲོད་མེད་གྲང་བར་རྡེག །ལྟེ་བའི་གཡས་གཡོན་ཚོན་རེ་ལོང་ཕུག་གསང་། །དེར་བསྣུན་མ་ཞུ་ལོང་སྐྲན་སྦོས་འཁྲོག་དང་། །གྲང་བས་ཆུ་སེར་འཁྲུ་འབྱམས་པ་ལ་ཕན། །ལྟེ་འོག་ཚོན་གང་ཁ་གསུམ་རྒྱུ་སྟོད་གསང་། །དེ་འོག་ཚོན་གང་ཁ་གསུམ་རྒྱུ་སྨད་གསང་། །གང་ནར་བཏབ་པས་རྒྱུ་མའི་གྲང་རླུང་གིས། །སྦོས་འཁྲོག་འཁྲུ་དང་རྒྱུ་མའི་མཁྲིས་སྐྲན་དང་། །སྲིན་ལོག་ལ་སོགས་གཉན་མེད་རྒྱུ་ནད་སེལ། །དེ་འོག་ཚོན་གང་ཁ་གསུམ་སྤུ་མཚམས་ནི། །ལྒང་པའི་གསང་བརྡུང་གྲང་བས་བསྐྱེད་པ་ཡི། །ཆུ་ཁ་སྲ་སྙི་མཁལ་སྐེད་ན་བ་དང་། །ཕོ་ཡི་འབྲས་སྐྲངས་མོ་ཡི་རྡུལ་འབྱམས་སེལ། །རྩ་ཆུ་བསྡམ་དང་དབང་མེད་འཆོར་བ་དང་། །བུད་མེད་བུ་ཡིས་ནད་ཀྱི་འཆིར་ཐུག་ན། །ལྒང་གསང་གསུམ་དང་བཤུལ་ཤའི་གསང་གཅིག་དང་། །སྨད་ཀྱི་དྲུག་མདོ་རྣམས་ལ་བརྡུང་པས་ཕན། །ཡང་ན་བཤང་གཅིའི་མཚན་དབྲག་བར་ལ་བསྣུན། །གཡས་གཡོན་སྤྱི་(དཔྱི་)ཡི་ཁ་གཟར་ཟུར་གཉིས་ནས། །རྒྱུ་ཞབས་ཐེར་དུ་ཆག་གང་བཅལ་བའི་ཁར། །སྨད་ཀྱི་དབྱེ་གསང་གཉིས་ཡིན་གྲང་བ་ཡིས། །ཆུ་ཁ་སྲ་རྙི་རླིག་སྐྲངས་ས་བོན་འཛག །བུད་མེད་ཟླ་མཚན་ཆུ་སེར་འབྱམས་རྣམས་སེལ། །སྡོམ་པས་ཉེར་གསུམ་གདབ་གསང་ང་གཉིས་ཡིན།།

    བཞི་པ་རྒྱབ་གསང་སོག་པའི་འདབས་གཉིས་ན། །བྱང་ཁོག་སྟོད་ཀྱི་གསང་ཆེན་གཉིས་ཡོད་པས། །དེ་ཐད་ཕྱི་ཡི་རྩིབ་ཟུར་ཟུར་གསང་སྟེ། །དེ་དག་བརྡུང་བས་རོ་སྟོད་ན་ཁེངས་སེལ། །རྣ་ཤལ་གུང་མཛུབ་ཀྱིས་བཟུང་གྲུ་མོ་ཡིས། །གར་སླེབས་ཕྱི་རྒྱབ་སོགས་ཀྱིས་རྩིབ་ཐུང་ཟུར། །ཟུར་གསང་འོག་མ་ཞེས་བྱ་བྱང་ཁོག་སྟོད། །སྤྱི་དང་ཕོ་མཆིན་རྩིབ་ལོགས་མཆིན་དྲིའི་ནད། །གར་བརྡུང་གཡས་གཡོན་སྟོད་སྨད་ཕྱགས་མཐུན་ཕན། །རྒྱབ་ཀྱི་སྟོད་གསང་སྤྱི་གསུམ་དམིགས་དྲུག་ཡིན།།

    ལྔ་པ་སྒལ་པའི་གསང་ཞེས་རྒྱབ་གཞུང་གི། །ཚིགས་ལས་མ་ལེ་བྲང་སྦྱར་མགོ་བཀུག་ཚེ། །གཉའ་གོང་འབུར་ཆེན་ཚིགས་པ་ཨན་སྟོང་ཞེས། །ཚིགས་པ་དང་པོ་རླུང་གི་གསང་ཡིན་པས། །སྣུམ་བྱུགས་བསྲོས་ལ་བརྡུང་པས་རླུང་ལོག་དང་། །འཕྱོ་འདར་ཁ་ལྕེ་མཆུ་སྐམ་དབུགས་མི་བདེ། །དང་ག་འགགས་དང་གཡས་གཡོན་ཕྲག་གོང་གཟེར། །སྐད་འགགས་པ་དང་ལག་པ་འདེགས་མི་ཤེས། །ཤེས་ཆུང་ལྕི་འཐིབ་གློ་མང་ལུ་བ་དང་། །ཟི་ཐོམ་སྐྱུགས་པ་སོགས་ལ་ཕན་པ་ཡིན། །གཉིས་པ་རུང་མཁྲིས་འདྲེས་གསང་གྲང་མཁྲིས་དང་། །མིག་སེར་རླུང་ཁྲག་འདྲེས་པའི་ནད་ལ་ཕན། །གསུམ་པ་བད་ཀན་གསང་ཡིན་སྐད་འཛེར་དང་། །སྐྱུགས་དང་མགུལ་ལྦ་ཟས་མི་ཞིམ་པ་དང་། །མགོ་དང་གློ་སྙིང་སྟོད་ལ་བད་རྒྱས་སེལ། །བཞི་པ་གློ་བུའི་གསང་ཡིན་སྟོད་འཚངས་དང་། །བད་ཀན་སྟོད་དུ་རྒྱས་པ་སྟོད་གཟེར་དང་། །ལུད་པ་སྔོ་ནག་འབྱིན་དང་གློ་བ་ལ། །བད་ཀན་ཞུགས་པ་རྣམས་ལ་མཆོག་ཏུ་ཕན། །ལྔ་པ་གློ་བ་མ་ལྔའི་གསང་ཡིན་ཏེ། །མཁྲིས་པ་གློར་ཞུགས་ལུད་པ་སེར་བ་དང་། །ལུད་པ་རྣག་འོང་བྲང་རྒྱབ་འབྱར་སྙམ་བྱེད། །གློ་སྐམ་རླུང་ལུ་ཆུ་སེར་རྒྱས་རྣམས་ཕན། །དྲུག་པ་སྲོག་རྩའི་གསང་ཡིན་སྙིང་ཁ་འཚང་། །སྔངས་ཞིང་དབུགས་མི་བདེ་དང་སྲོག་རླུང་དང་། །རླུང་གི་སྒུར་སོགས་ལུས་སྟོད་ནད་ལ་ཕན། །བདུན་པ་སྙིང་གི་གསང་ཡིན་སྲོག་འཛིན་རླུང་། །ལོག་པས་སྙིང་རླུང་དབུགས་འཐུམ་སྨྱོ་འབོག་བརྒྱལ། །སྔངས་སྐྲག་བརྗེད་ངེས་འཕྱོ་རེངས་རྣམས་ལ་ཕན། །བརྒྱད་པ་མཆིན་དྲིའི་གསང་ཡིན་གློ་འགྲམ་དང་། །རྩིབ་ལོགས་གཟེར་དང་མཆིན་དྲིར་བད་ཁྲག་ཆགས། །ལུས་འགྱུར་མི་ཤེས་ཚིགས་པ་དགྱེ་སྒུར་ཟུག །སྟོང་སྒྲ་འོང་ཞིང་སྐྱུགས་དང་མཆིན་ནད་དང་། །རབ་རིབ་མིག་མི་གསལ་ལ་ཕན་པ་ཡིན། །དགུ་པ་མཆིན་པའི་གསང་ཡིན་མཆིན་པ་ན། །མཆིན་རྒྱས་འཕར་དང་མཆིན་པ་སྟོང་རྡེབ་དང་། །མཆིན་ཆུ་སྐྱུགས་དང་མིག་ལ་རབ་རིབ་འོང་། །མཆིན་རྒུད་མཆིན་སྐྲན་བད་རླུང་ཞུགས་པ་ཡི། །རྒྱང་མིག་མི་མཐོང་བ་དང་འགྲིབ་པ་དང་། །བད་མཆིན་ཆུ་སྐྱུར་སྐྱུགས་དང་མཆིན་པའི་རྩའི། །སྦུབས་སུ་ཆང་མ་ཞུ་བ་ལུས་པ་ཡིས། །དམུ་ཆུར་སོང་དང་བད་རླུང་ཟས་མི་འཇུ། །ཤ་དང་གསུས་པ་རྒྱས་དང་སྲིན་ལོག་སེལ། །འདི་ནི་ཁྲག་གི་མཛོད་ཅེས་ཤིན་ཏ་གཉན། །བཅུ་པ་མཁྲིས་པའི་གསང་ཡིན་ཕོ་བ་རུ། །མཁྲིས་ལུད་ཁ་ཁ་མཁྲིས་པ་སྐྱུགས་པ་དང་། །མཁྲིས་སྐྲན་འཁྲུ་འབྱམས་ཟ་མར་ཡི་ག་འགག །དེ་ཀུན་ལ་ཕན་ཕལ་ཆེར་འགའ་ཞིག་ཏུ། །མཁྲིས་གསང་བརྡུང་བརྡེག་མི་རུང་གཉན་ཞེས་་་་བཤད། །བཅུ་གཅིག་མཆེར་པའི་གསང་ཡིན་གཡོན་ལོགས་གཟེར། །རྩ་ཆུ་བསྡམ་དང་སྦྲིད་པ་འགགས་པ་དང་། །སྦོ་ཞིང་འུར་སྒྲ་འདོན་ལ་འཁྲོག་པ་དང་། །མཆུ་ལ་བད་ཀན་ཆགས་དང་མིག་མཆུ་སྐྲངས། །ཕོ་མཆེར་གཅིག་ཏུ་འབྲེལ་ནས་ན་བ་དང་། །གདོང་ལ་ཁྱེ་མ་འོང་དང་རླུང་ཆུ་སེལ། །བཅུ་གཉིས་ཕོ་གསང་ལྷེན་ད་མེ་དྲོད་ཉམས། །མ་ཞུ་བད་རླུང་སྐྲན་དང་སྐྱུགས་ནད་དང་། །འཁྲོག་ཅིང་ཟོས་འཕྲལ་སྦྱོངས་བ་རྣམས་ལ་ཕན། །བཅུ་གསུམ་དོན་སྣོད་སྤྱི་གསང་ལ་བསྣུན་པས། །ཁུ་ཁྲག་འཛག་དང་གྲང་རླུང་དམུ་ཆུ་འཁྲུ། །མངལ་སྐྲན་སེམས་འཕྱོ་སྣོད་ནད་སྤྱི་ལ་ཕན། །འདི་ལ་རིན་ཆེན་དབྱིག་ཆགས་བྱ་བ་སྟེ། །དོན་སྣོད་སྤྱི་ཞབས་ནད་རྣམས་འདྲེན་གསང་ཡིན། །བཅུ་བཞི་མཁལ་གསང་མཁལ་རྐེད་ན་བ་ཡིས། །སྒུར་པོར་སོང་དང་གོམ་འདེགས་མི་ཤེས་དང་། །ཚིགས་པ་ཕྱི་ནང་འགྱུར་ཞིང་འབུར་བ་དང་། །དཀར་དམར་ཁམས་མི་བརྟེན་པས་འཆོར་བ་སེལ། །དེ་ཡི་གཡས་གཡོན་ཚོན་རེར་མཁལ་མའི་རྩ། །ན་གུ་བྱ་བ་ཡོད་དེར་བསྣུན་པས་ན། །སྣང་བ་སྣ་ཚོགས་འཆར་དང་འཇིགས་སྐྲག་སྐྱེ། །མཁལ་མ་གྲང་འཁྱགས་ནད་ལ་ཕན་པ་ཡིན། །དེ་འོག་ཚོན་གང་ས་ན་མཁལ་འབྲས་གནས། །དེར་རྡེག་མི་རུང་དེ་འོག་ཚོན་གང་ན། །མཁལ་མའི་ཚིལ་ཡོད་མཁལ་མའི་གྲང་རླུང་སེལ། །བཅོ་ལྔ་བསམ་སེའུ་ཐིག་ལེ་དཀར་དམར་གསང་། །ཤིན་ཏུ་གཉན་ཡང་དལ་བུས་བྲིད་བསྣུན་པས། །གྲང་རླུང་ཞུགས་དང་ཕོ་ཁར་སྲིན་ཞུགས་སེལ། །ཁ་ཅིག་གཉན་པས་བརྡུང་མི་རུང་ཞེས་གསུངས། །བཅུ་དྲུག་ལོང་གསང་འུར་འཁྲོག་རྩམ་པ་དང་། །ལྗང་སེར་འཁྲུ་བའི་ནད་ལ་ཕན་པས་བརྡུང། །བཅུ་བདུན་རྒྱུ་གསང་འཁྲོག་ཅིང་བེལ་སྦས་འཁྲུ། །རྒྱུ་སྲིད་དང་བཅས་་་་དང་ལྟེ་བ་མན། །ན་བའི་བད་མཁྲིས་གྲང་རླུང་ཀུན་ལ་ཕན། །བཅོ་བརྒྱད་ལྒང་གསང་དྲི་ཆུ་སྲི་བ་དང་། །ཡང་ན་མི་ཐུབ་ལྒང་པའི་ནད་རྣམས་སེལ། །བཅུ་དགུ་གྲང་གསང་ཆུ་ནད་ས་བོན་འཛག །གྲང་བས་འཁྲུ་ནད་མ་ལུས་སེལ་བར་བྱེད། །ཉི་ཤུ་ཐུར་སེལ་རླུང་གི་སྒོ་གསང་སྟེ། །འོག་རླུང་བསྡམ་དང་མི་ཐུབ་སྐྱེས་པ་ཡི། །ས་བོན་དྲོད་ཆུང་བུ་ཚ་མི་ཆགས་དང་། །བུད་མེད་ཟླ་མཚན་དུས་མིན་འཛག་གམ་བསྡམ། །ཕྱེན་མི་ཐུབ་པ་རྣམས་ལ་མཆོག་ཏུ་ཕན། །ཐུར་སེལ་ལོག་པས་དྲི་ཆུ་བསྡམ་པ་དང་། །ཐིག་ལེ་འཛག་ཅིང་མཁལ་རྐེད་ན་བ་ལ། །མཁལ་འབྲས་སྟེང་ནས་ཕྱི་ལ་སོར་བཞི་ས། །མཁལ་མའི་བྱ་འདབ་འདི་དང་གྲུ་མོ་ཡི། །སླེབས་པའི་བཤུལ་ཤའི་གསང་བརྡུང་ཕན་ཞེས་ཐོས། །ཉེར་གཅིག་འཁྲུ་འཁྲོག་མཇུག་སྲིན་ཟ་བ་སེལ། །ཉེར་གཉིས་འབྲུམ་ནག་ནད་ཀྱིས་བཟུང་བར་ཕན། །ཉེར་གསུམ་ཕོ་མོའི་མཚན་མ་ལུག་པ་དང་། །སྐྱེས་པའི་འབྲས་བུ་ཁོང་དུ་བྲོས་པ་དང་། །ཐུར་སེལ་གྱེན་ལོག་འོག་རླུང་སྟོད་འཚང་སེལ། །ཉེར་བཞི་མཇུག་ཏོ་ཏོག་ཏོག་ལ་བརྒྱབ་ན། །དབུགས་འཁྱིལ་མི་སྡོམ་ཐིག་ལེ་འཁྱིལ་བ་སེལ། །ལར་ནི་སྒལ་ཚིགས་ཉི་ཤུ་བརྒྱད་ཟེར་བ། །ཨན་སྟོང་དང་པོ་ཡན་གྱི་སྐེ་ངོས་ལ། །རུས་པའི་འཕང་ལོ་བཞི་ཡོད་དེ་རྣམས་དང་། །མར་གྱི་ཉི་ཤུ་མན་ནས་འཇུག་ཏོ་ཡི། །ཏོག་རྩེ་ཡན་གྱི་ཚིགས་པ་བརྒྱད་པོ་དེར། །ཕན་ཡོན་རེ་རེ་བཤད་ཀྱང་ཚེ་རྟགས་ཀྱི། །ཚེ་ཡི་སྲོག་རྩ་ནག་པོ་དང་འགྲོགས་པས། །ཁེ་ལས་ཉེས་ཆེ་བརྡུང་པར་སུ་ཡི་ནུས། །ཨན་སྟོང་ཉག་ལ་བརྒྱབ་ན་གཉིད་ཡེར་སེལ། །རྒྱབ་ཚིགས་ཉེར་བཞི་ཟུར་བཅས་ཉེར་དགུའོ།།

    དྲུག་པ་སྨད་ཀྱི་བརྡུང་གསང་བསྟན་པ་ནི། །བཅུ་དྲུག་མདོར་བསྣུན་རླུང་ཚད་རེངས་པར་ཕན། །དཔྱི་མིག་སྟེང་ནས་གྱེན་ཚོན་རེར་བསྣན་པས། །མཁལ་རྐེད་སྨད་གྲང་བརླ་ཟུར་ཆུ་སེར་བབས(འབམ)། །རྐང་པ་བཤལ་བ་རྣམས་ལ་མཆོག་ཏུ་ཕན། །བརླ་སྤྱི་(དཔྱི་)འབྲེལ་མཚམས་དཔྱི་མིག་ལ་གཏད་ནས། །ལུས་གསང་སོར་མོ་བསྐུམ་ནས་ལག་བརྐྱང་པས།  །གར་སླེབ་མཚམས་བརྡུང་རྐང་པ་ན་བཤལ་དང་། །ཆུ་སེར་ཞུགས་དང་འདེགས་བྱེད་རྩ་དཀར་སེལ། །པུས་མོའི་ལྷ་ངར་བྱོལ་བའི་མཐའ་བསྐོར་དང་། །རྗེ་ངར་གདོང་ཟུར་བྱ་རོག་མིག་བརྡུང་པས། །རྐང་ནད་ཆུ་སེར་ཞུགས་ལ་ཕན་པར་བཤད། །སྒྱིད་ཁུང་བརྡུང་པས་བྱིན་པ་འཁུམས་ལ་ཕན། །ངར་གདོང་ཚིགས་འབྲེལ་མཚམས་བསྣུན་ཆུ་རྒྱུས་ན། །ཆུ་སེར་ཞུགས་སོགས་རྩ་ཡི་ནད་ཀུན་སེལ། །ལོང་མོའི་རུས་མིག་གཉིས་བརྡུང་རྒྱ་ཚིགས་ལ། །ཆུ་སེར་ཞུགས་པ་ལ་ཕན་བོལ་གོང་གི། །སྐྱོང་(ཀྱོང་)གཉིས་སོར་མོའི་འབྲེལ་མཚམས་ཀྱོང་མོར་བསྣུན། །བོལ་སོགས་རྐང་མགོ་ན་བ་རྣམས་ལ་ཕན། །མཐེབ་ཆུང་སྤུ་སྐྱེས་བརྡུངས་པས་སྙིང་རླུང་སེལ། །བོལ་ཕྲག་གོང་དང་ཕྱི་ཟུར་ལོང་འབུར་ཚིགས། །བརྡུངས་པས་དྲེག་གི་ནད་ལ་ཕན་པ་ཡིན། །རྒྱུ་མ་ཁུག་བརྡུངས་རླུང་རེངས་སྟོད་འཚང་དང་། །སྙིང་གཟེར་མགོ་ནད་དག་ལ་ཕན་པ་ཡིན། །དེ་ལྟར་སྨད་གསང་ཉི་ཤུ་རྩ་ལྔ་ཡིན།།

    མགོ་སོགས་ས་དཔྱད་དྲུག་གི་གསང་ས་ནི། །བརྡུང་དམིགས་བརྒྱ་དང་གྱ་དགུ་བསྟན་ཟིན་མོད། །དམིགས་བསལ་དེ་དག་རྣམས་ལ་མ་ལྟོས་པར། །རྩ་འཁྲོས་རླུང་འཁྲོས་གར་འཁྲོས་དེ་རུ་བརྡེག །གཞན་ནི་དམིགས་ཀྱི་གསང་རྣམས་བརྡུང་པའི་ཚེ། །ཟུར་ལོག་འཆོལ་དང་ཉེས་པ་འབྱུང་བ་མང་། །ཁྱད་པར་མྱ་ངན་རྩ་གསུམ་བརྡུང་མི་རུང་། །དེ་ཡང་ཉམས་པའི་རྩ་ནི་མཁལ་མར་གནས། །བརྡུང་ན་རླུང་དང་སེམས་འདུས་ཉམ་ང་འབྱུང་། །མྱ་ངན་རྩ་ནི་རྐང་མཐེབ་གཉིས་ལ་ཡོད། །དེར་བསྣུན་རླུང་སེམས་འདུས་ནས་མྱ་ངན་འབྱུང་། །འདྲེ་རྩ་ལག་པའི་མཐེ་བོང་གཉིས་དང་ནི། །སྲིན་ལག་གཉིས་ལ་ཡོད་དེ་བརྡུང་བ་ན། །རླུང་སེམས་འདུས་ནས་མྱ་ངན་ཉོན་མོངས་ནོན། །འདྲེ་གདོན་ཀུན་ལྡང་གནོད་པ་ཚབས་ཆེན་འབྱུང་། །དེ་ཕྱིར་དེ་འདྲའི་ཉན་ལ་མ་བརྡོ་(བསྡོ་)བར། །ཚབ་ཚུབ་ཆལ་ཆོལ་ཐོ་ཅོ་མེད་པ་ཡིས། །གསང་ལ་ཚེར་མ་ཟུག་པ་འདོན་བཞིན་བསྣུན། །གཉན་པའི་གནད་ལ་མིག་འབྲས་བཞིན་དུ་འཛེམ།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།