དབུ་ཤོག>བོད་ལུགས་གསོ་རིག
  • བདུད་རྩི་རྡོ་རྗེ་ལགས་ཀྱི་དྲི་བ་ལྔ་ལ་ལན་བཏབ་པ།

  • ཡོང་ཁུངས།  བོད་ཀྱི་གསོ་རིག་ཁང་།   |     སྤེལ་དུས།  2016-06-21

    དྲི་བ། ༡ རྒྱུད་བཞི་དང་འབུམ་བཞི་གཉིས་ལ་ཁྱད་པར་ཅི་ཡོད།

    ལན། གསོ་རིག་འབུམ་བཞི་ནི་གཤེན་རབ་མི་བོ་ཆེའི་སྲས་ཆེ་བ་དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས་པར་གྲགས་པ་དང་། གསོ་རིག་རྒྱུད་བཞི་ནི་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། དེ་ཡང་གཡུ་ཐོག་རྙིང་མས་རྨང་བྲིས་པ་དང་གཡུ་ཐོག་གསར་མས་ཁ་སྐོང་དང་བཅས་ཆ་ཚང་བརྩམས་པའི་ལོ་རྒྱུས་གཡུ་ཐོག་སྙིང་ཐིག་གི་ལོ་རྒྱུས་ན་ཤིན་ཏུ་གསལ། སྤྱིར་གསོ་རིག་གི་བསྟན་བཅོས་འདི་གཉིས་འདྲ་ཧ་ཅང་ཆེ། བོད་སྨན་པ་གཞོན་སྐྱེས་མཁས་པ་རིན་ཆེན་རྒྱལ་གྱིས་བྲིས་པའི་འབུམ་བཞི་དང་རྒྱུད་བཞིའི་དཔྱད་རྩོམ་ཞིག་ཏུ་སྨན་དཔེ་དེ་གཉིས་ཀྱི་བརྒྱ་ཆའི་གོ་དགུ་ཙམ་གཅིག་ཡིན་པ་བསྟན་འདུག ཁོང་གིས་དཔེ་ཆ་དེ་གཉིས་ཞིབ་བསྡུར་བྱས་རྗེས་དྲང་སྲོང་གི་མཚན་མི་གཅིག་པ་དང་ལེའུའི་གོ་རིམ་མི་གཅིག་པ་ཙམ་ལས་གཞུང་ཕལ་ཆེ་བ་གཅིག་ཡིན་པ་ར་སྤྲོད་བྱས་འདུག། ང་ཚོའི་བལྟ་ཚུལ་ལ་དེང་དུས་ཀྱི་འབུམ་བཞི་འདི་རྒྱུད་བཞི་དང་གཅིག་པ་རེད། གནའ་བོའི་འབུམ་བཞི་ངོ་མ་དེ་གཞན་པ་ཞིག་ཡོད་སྙམ་པས་འབུམ་བཞི་ངོ་མ་ཞིག་རྙེད་ཐུབ་རྒྱུའི་རེ་བ་ཡོད། གལ་སྲིད་འབུམ་བཞི་ངོ་མ་དེ་རྙེད་ཐུབ་ན་བོད་ཀྱི་གསོ་རིག་གི་ལོ་རྒྱུས་ལ་ཕན་ཐོག་ཆེན་པོ་ཡིན་པ་གདོན་མི་ཟའོ།

    དྲི་བ། ༢ དེང་རབས་ཕྱི་ལུགས་སྨན་གྱིས་མི་ཕན་པའི་ནད་གཞི་སྐོར་ཞིག་བོད་སྨན་གྱིས་དྲག་སྐྱེད་བྱུང་ཟེར་བ་མང་། ངོ་མ་དེ་འདྲ་ཡིན་ན་བོད་སྨན་ཁྱབ་བསྒྲགས་མི་བྱེད་པ་དང་ཕྱི་གླིང་བའི་མི་ཕལ་ཆེེར་བ་བོད་སྨན་ཟེར་བ་མི་ཤེས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ།

    དྲིས་ལན། བོད་སྨན་པ་མཁས་པ་ཚོའི་ཕྱག་ལེན་ལ་མཆིན་ནད་རིགས། མེ་དྲོད་ནད། སྙིང་ནད། ཁྲག་ནད། གཞན་ཡང་མོ་སྐྲན་རིགས་དང་འབྲས་ནད་སོགས་ལ་སྨན་གཞན་ལས་བོད་སྨན་གྱིས་ཕན་བསྐྱེད་ཆེ་བ་གསལ་པོ་རེད། འོན་ཀྱང་སྤྱིར་དེང་དུས་ཚན་རིག་གིས་བོད་སྨན་ལ་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་ཉུང་རེད། ཚན་རིག་ཞིབ་འཇུག་གི་སྒོ་ནས་བོད་སྨན་གྱིས་བཅོས་ཐུབ་པའི་ནད་གཞི་རིགས་ལ་ཞིབ་འཇུག་བྱ་ཐུབ་ན་ཧ་ཅང་ལེགས། ཡིན་ན་ཡང་ཚན་རིག་ཞིབ་འཇུག་རྩ་ནས་བྱས་མེད་པའང་མ་རེད། དཔེར་ན་ཡོ་རོབ་གྱི་སུད་སི་རྒྱལ་ཁབ་ན་ཡོད་པའི་པད་མ་སྨན་སྦྱོར་ཁང་གིས་འཇར་མན་དང་སུད་སི་སོགས་ཀྱི་སྨན་ཁང་རྒྱུད་བོད་སྨན་ག་བུར་ཉེར་ལྔ་དང་སེ་འབྲུ་ལྔ་པ་སོགས་ལ་ཞིབ་འཇུག་བྱས་པར་འབྲས་བུ་ཆེན་པོ་ཐོབ་ཡོད་ལ། དེའི་སྐོར་ཕྱི་གླིང་པ་མང་པོས་ཤེས་ཡོད། ཚན་རིག་ཞིབ་འཇུག་མུ་མཐུད་བྱ་རྒྱུ་ནི་བོད་སྨན་འཕེལ་གྱི་གནད་གལ་ཆེན་ཞིག་ཡིན་ནོ།།

    དྲི་བ། ༣ བོད་སྨན་ཕྱི་རྒྱལ་ཁག་དུ་དར་སྤེལ་གཏོང་མི་ཆོག་པའི་རྒྱུ་རྐྱེན་གཙོ་བོ་གང་དག་ཡིན་ནམ།

    ལན། ཕྱི་རྒྱལ་དུ་དར་སྤེལ་གཏོང་ཆོག་པ་རེད། འོན་ཀྱང་ཕྱི་རྒྱལ་དུ་སྨན་གྱི་ཁྲིམས་ཧ་ཅང་དམ་པོ་ཡོད་སྟབས་སྨན་རིགས་གཞན་གྱི་དར་སྤེལ་དང་འཕེལ་རྒྱས་ལ་བར་ཆད་དུ་གྱུར་ཡོད། སྤྱིར་ཕྱི་གླིང་དང་ཁྱད་པར་ནུབ་ཕྱོགས་རྒྱལ་ཁབ་ན་བོད་སྨན་གྱི་སློབ་གསོ་སྤེལ་མཁན་དང་ཁྱབ་བསྒྲག་དང་སྨན་བཅོས་བྱ་མཁན་ཉུང་ཉུང་རེད། ཁྱད་པར་རྒྱ་གར་ཚེ་ཡི་རིག་བྱེད་དང་རྒྱ་ནག་གི་ཀྲུང་ཡི་དང་བསྡུར་ན་བོད་སྨན་གྱི་སློབ་གསོ་མི་སྣ་དང་སྨན་ཁང་སོགས་ཧ་ཅང་ཉུང་། མ་འོང་པར་བོད་སྨན་གྱི་ཚོགས་པ་མང་དུ་འགྲོ་རྒྱུའི་རེ་བ་བྱ་བཞིན་ཡོད། ཁྲིམས་དང་མཐུན་ན་རིག་གནས་དང་སྨན་ཅི་ཡིན་ཡང་དར་སྤེལ་བྱ་ཆོག་པ་རེད། དེ་ལ་ཚད་ལྡན་མི་ཤུགས་དང་དཔལ་འབྱོར་ཡང་ངེས་པར་དུ་དགོས་པ་རེད།

    དྲི་བ། ༤ བསྐུ་མཉེ་ཟེར་བ་བོད་ལུགས་གསོ་རིག་གི་ལེའུ་གང་གི་ཁོངས་སུ་གཏོགས་ཤིང་དེའི་འབྱུང་ཁུངས་གཙོ་བོ་གང་ཡིན་ནམ།

    ལན། སྤྱིར་བསྐུ་མཉེ་ཟེར་བའི་ཐ་སྙད་དེ་ཏོན་ཧུང་ནས་ཐོན་པའི་མེ་བཙའི་ཡིག་ཆ་ལས་ཀྱང་མཐོང་ཐུབ། གཡུ་ཐོག་རྙིང་མའི་རྣམ་ཐར་ན།་སོག་པོའི་ལུགས་ལ་ནད་ཕྱིར་འདྲེན་པ་གཏར་ཁའི་རྒྱུད། ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད། ཨོ་རྒྱན་གྱི་ལུགས་ལ་ནད་གྱེན་དུ་འདྲེན་པ་སྐྱུགས་ཀྱི་རྒྱུད། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད། གཡང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད་། ཅེས་གསུངས་པའི་བྱུག་ཟེར་བ་ནི་བྱུག་པ་ཡིན་ལ་དེ་ནི་བོད་སྨན་གྱི་ལུགས་ན་དཔྱད་བཅོས་ཆེན་པོ་དྲུག་ཡོད་པའི་ཡ་གྱལ་ཡིན་ལ། གསོ་རིག་རྒྱུད་བཞི་ལས་ཕྱི་མ་རྒྱུད་ན་བྱུག་པའི་ལེའུ་ཡོད་པ་དེ་ནི་བསྐུ་མཉེའི་ཁུང་གཙོ་བོ་ཡིན། དེང་དུས་མཐོང་རྒྱུ་ཡོད་པའི་སྨན་པ་ཉི་ཟླས་བྲིས་པའི་བསྐུ་མཉེའི་ལག་དེབ་གྱི་ཁུང་ནི་བོད་ལྗོངས་ལྷོ་ཁ་སྨན་རམས་པ་འཇམ་དབྱངས་ལྷུན་གྲུབ་གྱི་ཕྱག་ལེན་ཡིན་ནོ། །

    ༥ དེང་དུས་ཕྱི་རྒྱལ་ན་བོད་ཀྱི་བསྐུ་མཉེ་ཡིན་ཞེས་ཕྱག་ལས་གནང་མཁན་མང་པོ་ཞིག་ཡོང་དང་ཡོང་བཞིན་འདུག ཁོང་ཚོས་དོན་དངོས་བསྐུ་མཉེ་སྦྱང་་ཡོད་དམ་མེད། སྦྱང་ཡོད་པ་ཡིན་ན། གཙོ་བོ་གང་ནས་སྦྱངས་པ་ཡིན་ནམ།

    ལན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཁང་གིས་བོད་སྨན་དང་བསྐུ་མཉེའི་སློབ་གསོ་ངེས་ཅན་སྤྲོད་བཞིན་ཡོད་ཀྱང་། བོད་པ་སློབ་མ་ཁ་ཤས་ལས་མེད། གསོ་རིག་ཁང་གིས་བསྐྱང་པའི་སློབ་མ་ཚོའི་ལག་ལེན་ནི་བསྐུ་མཉེ་ལག་དེབ་ལྟར་བོད་སྨན་གྱི་གཞུང་དང་མཐུན་པར་སྨན་དཔྱད་ཚད་ལྡན་ཞིག་ཡིན། ཡིན་ཡང་བོད་ཀྱི་བསྐུ་མཉེ་སོགས་ཅི་ཡང་མ་སྦྱངས་པར་རྒྱ་གར་ནག་དང་ཐེ་ལན་གྱི་བྱུག་པ་སོགས་ཁ་ཐོར་ཙམ་སྦྱངས་ནས་བོད་ཀྱི་བསྐུ་མཉེ་ཡིན་ཞེས་རང་ཁ་གསོ་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་ངན་རྟགས་ཤིག་རེད། དཔེར་ན་བོད་ཀྱི་རིག་གནས་ངོ་མ་ཞིག་མ་སྦྱངས་པར་རྒྱ་ལུགས་ཀྱི་རིག་གནས་ཤིག་སྦྱངས་ནས་འདི་ནི་བོད་ཀྱི་རིག་གནས་ཡིན་ཞེས་བཤད་ན་རིག་གནས་སྐྱག་རྫུན་ཡིན། ང་ཚོ་ལ་མེད་པ་ཞིག་མེད་ཅེས་ཁས་ལེན་རྒྱུ་དང་ཡོད་པ་ཞིག་ཡིན་ན་རང་ལུགས་དེ་རྒྱུ་མཚན་དང་ལྡན་པར་སྦྱང་རྒྱུ་གལ་ཆེ། གང་ལྟར་མ་འོང་པར་ཁོང་ཚོས་བོད་ལུགས་ཀྱི་བསྐུ་མཉེ་ཚད་ལྡན་སློབ་གཉེར་བྱ་ཐུབ་པའི་རེ་བ་ཡོད་དོ།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།