དབུ་ཤོག>བོད་ལུགས་གསོ་རིག
  • རྨི་ལམ་དབང་དུ་བསྒྱུར་ཐབས་ཀྱི་གསང་བའི་རྫས་དང་སྔགས།

  • ཡོང་ཁུངས།  བོད་ཀྱི་གསོ་རིག་ཁང་།   |     སྤེལ་དུས།  2016-06-21

    རྨི་ལམ་དབང་དུ་བསྒྱུར་ཐབས་ཀྱི་གསང་བའི་རྫས་དང་སྔགས།

    རྩ་ཁམས་དང་རླུང་སེམས་ཀྱི་དབང་གིས་རྨི་ལམ་འབྱུང་ཕྱིར་རྩ་རླུང་སེམས་གསུམ་དབང་དུ་བསྒྱུར་བའམ་དེ་དག་ལ་གནད་དུ་བསྣུན་ན། རྨི་ལམ་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་། ཐ་ན་རྨི་ལམ་དབང་དུ་བསྒྱུར་ནས་གསང་བ་རྟོགས་ཐུབ་པའམ་རྨི་ལམ་བཀོལ་སྤྱོད་བྱེད་ཐུབ་པ་ཡིན། འདི་དག་གི་ལག་ལེན་ནི་སྔ་རབས་ཀྱི་མཁས་པ་མང་པོས་གསུངས་ཡོད་དེ། དཔེར་ན། མི་ཕམ་པའི་ལས་སྣ་ཚོགས་པའི་སྔགས་ཀྱི་བེ་བུམ་དགོས་འདོད་ཀུན་འབྱུང་གཏེར་གྱི་བུམ་པ་བཟང་པོ་ཞེས་པ་ལས། རྨི་ལམ་དང་ཉམས་སྒྲུབ་པའི་སྔགས། ཨ་ནན་ཏི། ཏན་ཏི་ལི། མོ་ཏི་མོ་ཏི་ནི། ལས་མུན་ཙ། ཤ་ན་མ། ཤ་མ་ཧ། ས་མ་ཡེ་སོ་ཧ། ཆུ་ཁྱོར་བ་གང་ལ་སྔགས༡༠༨བཏབ་པས་བྱད་བཀྲུས་ཁ་བཤལ་ནས་མི་དང་མི་སྨྲ་བར་ཉལ་ན་རྨི་ལམ་རྣོ། ཚེས་གཅིག་ནས་བརྒྱད་ཀྱི་བར་དུ་བྱས་ན་ལོ་བཅུ་གསུམ་གྱི་བར་དུ་རྨི་ལམ་གསལ། ལོ་གཅིག་བྱས་ན་སྣང་སྲིད་ཐམས་ཅད་གསལ། ནུབ་གཅིག་བྱས་ན་དེ་ནུབ་རྨི་ལམ་རྣོ། འདི་སྒྲུབ་དུས་མི་གཙང་སྤྱི་དང་ཁྱད་པར་ཡུགས་ས་མ་འཛེམས། རྟ་བོང་གི་ཤ་མི་ཟ། དམིགས་པ་རང་ལུས་ཤེལ་གྱི་རང་བཞིན་མགོ་མཇུག་མེད་པར་མིག་གིས་གང་བར་བསྒོམ། ཤིན་ཏུ་ཟབ་པོ་ཞེས་འབྱུང་བ་ལྟར་སྔགས་བཟླ་ཐབས་ལ་བརྟེན་ནས་རྨི་ལམ་གྱི་ངོ་བོ་བསྒྱུར་བ་དང་། གཞན་ཡང་གོང་འཕྲོས་སུ། ཨོགྷུ་ན་ཎ་ཌེ་ཤྲ་བ་ཎ་པི་ཤ་ཙི་ས་ཧ་སྔོན་དུ་སྟོང་ཕྲག་གཅིག་བསྙེན་ལ། ཉལ་དུས་རུ་རྟའི་ལྡེ་གུར་ཉེར་གཅིག་སྔགས་ཏེ་རྐང་ལག་ལ་བྱུགས་ཏེ་དོན་གང་ཡིན་ཡིད་ལ་བྱས་ནས་གཙང་བའི་ཕྱོགས་སུ་ཉལ་ན་དགེ་མི་དགེ་རྨི་ལམ་དུ་སྟོན་པར་བྱེད་དོ། ། ཞེས་སྔགས་རྫས་ཀྱི་ནུས་པས་རྨི་ལམ་ལ་ལུང་སྟོན་པར་འབྱུང་བ་དང་། གཞན་མི་ཕམ་པའི་རྫས་འཕྲུལ་སྒྱུ་མའི་བེ་བུམ་ངོ་མཚར་སྟོང་ལྡན་ལས། རྨི་ལམ་སྒྲུབ་པར། གི་ཝང༡། གུར་གུམ༢། ཅུ་གང༡རྣམས་ཀྱི་ཕྱེ་མ་ལ་ཨོཙནད་དེ་བ་སུ་བུ་རི་ལི་ཡེ་ས་ཧ། བརྒྱ་རྩ་བརྒྱད་བཟླས་རྫས་ལ་བཏབ་སྟེ་ཟོས་ན་རྨི་ལམ་ན་ཅི་ལྟར་སྤྱོད་པ་ཤེས་པར་འགྱུར་རོ་ཞེས་སོགས་བཀའ་གཏེར་ཆོས་ཀྱི་གཞུང་དུ་མང་པོ་བཞུགས་པས་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་སྙམ། དེ་བཞིན་རྣལ་འབྱོར་བས་བསྒོམ་སྟོབས་ཀྱིས་རྨི་ལྟས་ཁྱད་པར་བ་འབྱུང་བ་མདོ་སྔགས་ཀྱི་གཞུང་མང་པོ་ལས་གསུངས་པ་དེས་མིའི་སེམས་ཀྱི་ནུས་པས་རྨི་ལམ་ལ་དབང་བསྒྱུར་ཐུབ་པའམ་རྨི་ལམ་གྱི་སྣང་ཚུལ་ལ་བསྟེན་ནས་སེམས་ཀྱི་གསང་བའི་ནུས་པ་ཕྱིར་འདོན་ཐུབ་པ་ཡིན་ལ། དེ་ནི་མི་ལ་ལྷན་སྐྱེས་སུ་ཡོད་པའི་ནུས་ཤུགས་རླུང་སེམས་རྣལ་མའི་སྣང་ཤུགས་ལས་ཕྱིར་ཐོན་པ་ཞིག་ཡིན། སྤྱིར་སེམས་ལ་ལྷན་སྐྱེས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་ནའང་། ཉིན་སྣང་དུས་ལ་དབང་པོ་སྒོ་ལྔ་ལས་ཚོགས་དྲུག་གི་སྣང་བ་ཤར་ཏེ་སེམས་སྟོབས་གཅིག་ཏུ་གྱུར་མ་ཐུབ་ནས་གསང་བ་དེ་དག་མངོན་མ་ཐུབ་པ་དང་། གཉིད་ཀྱི་དུས་སུ་དབང་པོའི་སྒོ་རྣམས་འགག་ནས་ལུས་སེམས་རྣལ་དུ་བབ་ནས་སེམས་ནུས་གཅིག་ཏུ་གྱུར་སྐབས་གསང་ནུས་ཀྱིས་མ་འོངས་པ་སོགས་སྟོན་ཐུབ་པ་ཡིན་ཏེ། དཔེར་ན། ཆུ་ཕྲན་དག་ལ་ནུས་ཤུགས་ཆེན་པོ་མེད་ནའང་དེ་དག་གཅིག་ཏུ་འདུས་ན་ནུས་སྟོབས་སྔར་ལས་ལྡབ་འགྱུར་གྱིས་ཆེ་བ་བཞིན་དུ། རླུང་སེམས་ཀྱི་ནུས་པའང་རྗེས་སུ་མཐུན་ནོ། །

    སྨྲས་པ། ཉིང་འཁྲུལ་རྨི་ལམ་སྒྱུ་མའི་མི་ཚེ་གཉིས། །

    གཅིག་ཏུ་མཐོང་མཁན་སྒྱུ་མའི་མི་ང་ཡིས། །

    གཞན་ལ་ཕན་བསམ་སྒྱུ་མའི་གཏམ་འདི་འདྲ། །

    གླེང་བར་སྒྱུ་འཁྲུལ་མང་ན་མཐོལ་ལོ་བཤགས། །

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།