གཉིད་དང་རྨི་ལམ་ལ་འབྲེལ་བའི་འཕྲོད་བསྟེན།
གཉིད་ནི་ལུས་ལ་ངལ་གསོ་སྟེར་བའི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་ཞིང་དེས་ལུས་ཕུང་གི་སྙོམ་སྒྲིག་ལ་ཕན་པ་ངེས་ཅན་སྤྲོད་ཀྱི་ཡོད་སྟབས་འཕྲོད་བསྟེན་གྱི་མ་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད། ལུས་སེམས་ལ་ངལ་གསོ་སྟེར་བ་དང་ལུས་ཀྱི་འབྱུང་ཁམས་སྙོམ་ཕྱིར་རྒྱུན་ལྡན་གྱི་གཉིད་མ་བྱུང་ཚེ་ལུས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཡོང་སྲིད་དེ། ཡན་ལག་བརྒྱད་པར། བདེ་སྡུག་སྦོམ་སྐེམ་སྟོབས་ཆེ་ཆུང་། ། བུད་མེད་ལ་ཕོད་མི་ཕོད་དང་། ཤེས་དང་མི་ཤེས་འཚོ་དང་འཆི། ། གཉིད་ལ་རག་ནི་ལས་པ་ཡིན། ། ཞེས་གཉིད་མ་བྱུང་ཚེ་ཤ་སྐེམ་པ་དང་སྟོབས་ཆུང་བ། ཤེས་པ་མི་གསལ་བ་སོགས་ཀྱི་སྐྱོན་འབྱུང་བར་གསལ་བཤད་བྱས་ཡོད། དེའི་ཕྱིར་གཉིད་ནི་མིའི་འཕྲོད་བསྟེན་དང་དམ་དུ་འབྲེལ་ཡོད་པས་མི་ཚོས་རྟག་པར་གཉིད་ལ་དོ་སྣང་དང་ཞིབ་འཇུག་བྱེད་རྒྱུར་རིན་ཐང་ཆེ་བ་ཡིན་ལ། དེའང་དུས་ཀྱི་འབྲེལ་བས་འགྱུར་ལྡོག་འབྱུང་གི་ཡོད་དེ། མཚན་མོ་གཉིད་མ་ལོག་ན་མཚན་མོ་ཟླ་ཁམས་རྒྱུ་ཚུལ་འཁྲུགས་ཏེ། ལུས་ཀྱི་རྩ་རླུང་གི་ཁམས་འཁྲུགས་ནས་རླུང་འཕེལ་བ་དང་ལུས་མི་བདེ་ཞིང་སེམས་རྨོངས་ནས་ལུས་སེམས་གཉིས་ཀར་རྩུབ་པ་དང་། ཉིན་མོ་གཉིད་ལོག་ན་ལུས་སེམས་ལ་ལྕི་བར་གྱུར་ནས་ཟས་སྐོམ་མི་འཇུ་བ་དང་བད་ཀན་དང་མཁྲིས་པ་བསྐྱེད་པ་དང་། ཚ་བ་སྐྱེ་བ་དང་བློ་རིག་འཐིབས་པར་འགྱུར་བའི་སྐྱོན་འབྱུང་བ་དང་། སོ་གའི་དུས་ལ་མཚན་མོ་ཐུང་ཞིང་རླུང་འཕེལ་ནས་ལུས་སྟོབས་འཕྲོག་ཅིང་རྩུབ་པས་ཉིན་གཉིད་ལོག་ན་ཕན་པ་སྟེ། བཤད་རྒྱུད་དུ། སོས་ཀ་རྩུབ་ཅིང་མཚན་མོ་ཐུང་བས་ན། ། ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར། ། ཉིན་པར་གཉིད་ལོག་སྣུམ་ཅིང་འགྱུར་བས་ཕན། །ཞེས་གསུངས་པ་དང་། ལྷག་པར་དུ་ཆང་གིས་བཟི་བ་དང་ལུས་ཟུངས་ཞན་པ། དུབ་ཅིང་མྱ་ངན་ཆེ་བ། རྒས་པ་དང་རླུང་ནད་ཅན་དག་ལ་ནི་ཉིན་པར་གཉིད་ལོག་ན་ཅི་སྣུམ་གྱི་ནུས་པས་ཕན་པར་འགྱུར་བ་ཡིན། དེ་མིན་དུས་མིན་ལ་གཉིད་ལོག་ཚེ་བད་ཀན་འཕེལ་ཞིང་ལུས་སྐྱ་སོབ་ཏུ་སྐྲངས་པ་དང་། ཤེས་པ་རྨོངས་བག་ཏུ་འགྱུར་བ་དང་། རིམས་ནད་དང་རྨུགས་ཤིང་ཆམས་པས་འདེབས་པ་དང་། མགོ་ན་ཞིང་སྒྱིད་སྐྱུར་བ་དང་། རྩ་རྒྱུན་འགགས་ནས་ཕོ་བའི་མེ་དྲོད་ཉམས་པས་སྤང་བར་བྱའོ། ། རྒྱུན་དུ་གཉིད་འཕེལ་ཞིང་ཤས་ཆེ་ན་སྨྱུང་པར་གནས་པ་དང་འཁྲིག་པར་བསྟེན་ན་བད་ཀན་ཟད་ནས་གཉིད་ཡང་དུ་འགྲོ་བ་ཡིན་ལ། གཉིད་ཡེར་ན་གླལ་མང་དབང་པོ་མི་གསལ་ཞིང་མགོ་འཁོར་བ་དང་ཟས་མི་འཇུ་བར་རླུང་ནད་བསྐྱེད་པར་བྱེད་པ་ཡིན་པས་དེ་ལ་མཚན་མོ་ཅི་བཞིན་གཉིད་ལོག་པ་དང་། འོ་མ་དྲོན་མོ་དང་། ཞོ་དང་། ཆང་དང་ཤ་ཁུ་སོགས་རླུང་སྣ་གླན་པའི་དྲོ་བཅུད་ཀྱི་ཟས་སྐོམ་བསྟེན་པར་བྱ་བ་དང་། རླུང་གསང་ཁག་ལ་ཏིལ་མར་སོགས་ཀྱིས་སྣུམ་བྱུག་བྱ་ཞིང་བསྐུ་མཉེ་བྱས་ན་སྨན་པ་སྟེ། བཤད་རྒྱུད་བྱ་བ་སྤྱོད་ལམ་གྱི་གནས་སུ། གཞན་དུ་ཉིན་གཉིད་བད་ཀན་སྐྱེད་ཅིང་སྐྲངས། ། རྨོངས་བག་མགོ་ན་སྒྱིད་སྐྱུར་རིམས་འདེབས་འགྱུར། ། གཉིད་འཕེལ་སྐྱུགས་དང་སྨྱུང་བྱ་བུད་མེད་བསྟེན། ། གཉིད་ཡེར་འོ་མ་ཞོ་ཆང་ཤ་ཁུ་བཏུང་། ། མགོ་བོ་བསྐུ་ཞིང་རྣ་བ་སྣུམ་གྱིས་དགང་། ། ཞེས་གསུངས་སོ། ། མ་གོམས་པར་གཉིད་མ་ལོག་པར་ནང་པར་ཟས་སྐོམ་མ་བསྟེན་པར་སྨྱུང་པར་བྱས་ནས་གཉིད་མ་ལོག་པ་དེའི་ཡུན་གྱི་ཕྱེད་ཙམ་ལ་གཉིད་ལོག་ན་གཉིད་ཀྱིས་ངོམས་པ་ཡིན། གཉིད་ལོག་པའི་ལུས་གནད་ནི་དཔུང་གཡས་ས་ལ་ཕབས་ནས་ཉལ་ན་སྙིང་དང་ཁྲག་གི་འཁོར་རྒྱུག་ལ་ཕན་པ་དང་། ཙོག་ནས་གཉིད་ནའང་བད་ཀན་མེད་ཅིང་མི་རྩུབ་པར་འགྱུར་བ་ཡིན། གཉིད་དང་རྨི་ལམ་འབྲེལ་བ་གཏིང་ཟབ་ཡོད་དེ། གཉིད་མེད་ན་རྨི་ལམ་མེད་པ་དང་། རྨི་ལམ་མེད་ནའང་གཉིད་ཡོད་སྲིད་ན་ཡང་། རྨི་ལམ་ཁ་ཅིག་གིས་གཉིད་ལ་གནོད་སྐྱོན་ནམ་ཕོག་ཐུག་འབྱུང་བ་ཡིན་ཏེ། དངངས་སྐྲག་དང་ཞེད་སྣང་ཆེ་བའི་རྨི་ལམ་བཏང་རྗེས་མི་འགའ་ཞིག་དེའི་རྐྱེན་གྱིས་གཉིད་ལོག་དཀའ་བ་དང་གཉིད་ལོག་ཚེ་དེ་འདྲའི་རྨི་ལམ་ཡང་བསྐྱར་འོང་བར་འཇིགས་ནས་གཉིད་ལོག་གི་མེད་པ་ཡིན། རྒྱུ་རྐྱེན་གང་རུང་གིས་རྨི་ལམ་ཡག་པོ་ཞིག་བཏང་ནས་སད་རྗེས་སེམས་ལ་དགའ་སྤྲོ་ཆེ་ན་བཟང་བ་དང་། རྨི་ལམ་མི་འདོད་པ་བཏང་ནས་ཡིད་མི་དགའ་ཞིང་ལས་ཀ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པས། རྨི་ལམ་ངན་པ་རྟག་ཏུ་རྨི་བ་དག་བཟང་དུ་བསྒྱུར་ཐུབ་ན་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་པ་འབྱུང་སྲིད་པ་ཞིག་དང་། ལུས་ལ་ཉིན་གྱི་ཉི་མའི་ཁམས་དང་མཚན་གྱི་ཟླ་ཁམས་རྒྱུ་བའི་རང་བྱུང་གི་སྣང་ཚུལ་དུས་ལྟར་ཚུལ་བཞིན་རྒྱུ་བ་ནི་ལུས་ཀྱི་རང་བྱུང་བདེ་ཐང་གི་རྩ་བ་ལྟ་བུ་ཡིན་ནོ། །