དབུ་ཤོག>བོད་ལུགས་གསོ་རིག
  • རྣམ་པར་གྱུར་པའི་རྨི་ལམ་དང་དེའི་དབྱེ་འབྱེད།

  • ཡོང་ཁུངས།  བོད་ཀྱི་གསོ་རིག་ཁང་།   |     སྤེལ་དུས།  2016-06-21

    རྣམ་པར་གྱུར་པའི་རྨི་ལམ་དང་དེའི་དབྱེ་འབྱེད།

    རླུང་སེམས་དང་རྩ་ཁམས་ལས་རྨི་ལམ་འབྱུང་ཕྱིར་ལུས་ལ་ནད་གཞི་བྱུང་ན་ངེས་པར་དམིགས་བསལ་གྱི་རྨི་ལམ་ཡོང་སྟབས། ཡིད་འཇུག་བུ་ག་ནད་ཀྱིས་བཀག་ཕྱིར་མཐོང་། ། ཞེས་ནད་ཀྱིས་རྨི་ལམ་ལ་འགྱུར་ལྡོག་ཡོད་པ་བསྟན་ཡོད་པ་དང་། འདི་གཙོ་བོ་ནད་ཅན་རང་ལ་ལྟོས་ནས་བྱུང་པ་ཞིག་ཡིན། ནད་ཅན་གྱི་རྨི་ལམ་ལས་ནད་གཞི་ངོས་འཛིན་དང་དྲག་བསྐྱེད་བྱུང་ཡོད་མེད་སོགས་ལ་བརྟག་དཔྱད་བྱེད་པར་ནད་ཐོག་ལག་ལེན་ལ་ཕན་ཐོགས་ངེས་ཅན་ཡོད་པ་ཡིན། ཡིན་ན་ཡང་། ཐོག་མར་རྨི་ལམ་འཁྲུག་བྱེད་ཀྱི་རྒྱུ་རྐྱེན་གཞན་དག་ཡོད་མེད་ལ་བརྟག་ཞིབ་མ་བྱས་ན་ནོར་འཁྲུལ་འབྱུང་ཉེན་ཡོད་དེ། དཔེར་ན། སྙིང་གི་ན་ཚ་ཡོད་པའི་མི་ཁ་ཤས་ལ་ཁང་སྟེང་དང་གཡང་སོགས་ནས་མར་ཟགས་པ་དང་རྔམ་དྲག་ཆེན་པོ་ཡོད་པའི་རྨི་ལམ་གཏོང་བ་ཡིན། འོན་ཀྱང་། ལག་པའི་སྙིང་ཁ་བཀབ་པ་དང་ཉལ་ཆས་མཐུག་དྲག་པ་དང་། ཁ་སྦུབ་ཏུ་ཉལ་བ་སོགས་ཀྱི་རྐྱེན་གྱིས་སྙིང་ལ་ཤུགས་རྐྱེན་ཐེབས་ནས་རྨི་ལམ་དེ་རིགས་གཏོང་སྲིད། དེའི་ཕྱིར། ནད་པ་ཞིག་ལ་རྨི་ལམ་བརྟག་དཔྱད་བྱ་ཚེ། མི་དེའི་ཉལ་སྟངས་ཅི་འདྲ་ཡིན་པ་དང་། ཉལ་ཆས་མཐུག་མིན་སོགས་ངེས་པར་དུ་ཤེས་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་ཕྱིའི་རྐྱེན་གྱི་ཤུགས་ཀྱིས་ལུས་འཁྱགས་པ་དང་ཕྱི་སྣང་གི་སྐད་སྒྲ་སོགས་རྨི་ལམ་དུ་སྣང་ཚུལ་གཞན་ཞིག་གི་སྟེང་ནས་རྨི་ལམ་སྒྱུ་ལུས་འཁྱགས་པ་དང་སྒྲ་གོ་བ་སོགས་མངོན་པ་ཡིན། སྤྱིར་ནད་ཅན་གྱི་རྨི་ལམ་ལ་རྟོགས་སླ་བ་ཞིག་དང་དོན་དཀའ་བའི་རིགས་གཉིས་འབྱུང་བ་ཡིན་ལ། རྟོགས་སླ་བའི་རིགས་ནི། དོན་སྣོད་དང་མ་ལག་ལ་ནད་ཡོད་ཚེ་རླུང་དང་རྩ་ཁམས་ཀྱི་འབྲེལ་བས་དེ་དང་རྒྱུ་མཐུན་དུ་རྨི་ལམ་དུ་འབྱུང་བ་ཡིན་ཏེ། དཔེར་ན། སྲོག་རླུང་དང་སྙིང་ནད་ཡོད་ཚེ་དངངས་སྐྲག་ཆེ་བའི་རྨི་ལམ་མང་པོ་གཏོང་བ་དང་། གློ་བར་ནད་ཡོད་ཚེ་རྨི་སྣང་དུ་དབུགས་བསུབ་ཐེབས་པ་སོགས་སྣང་བ་དང་། ཚ་བ་ཆེ་ཚེ་ཚ་འཁྲུལ་གྱིས་རྨི་ལམ་ཟ་ཟི་མང་པོ་རྨི་བ་དང་། མཁལ་མ་དང་གཅིན་ལམ་ལ་ནད་གཞི་ཡོད་ཚེ་རྨི་ལམ་ལ་གཅིན་པ་གཏོང་དཀའ་བ་དང་ཡང་ན་གཅིན་པ་གཏོང་འདོད་ཀྱིས་གསང་སྤྱོད་འཚོལ་བ་དང་གཅིན་ཡང་སྲིད་གཏོང་བ་སོགས་འོང་བ་དང་། མིག་ལ་ནད་ཡོད་ཚེ་མིག་གིས་བྱ་དངོས་དག་གསལ་པོ་མི་མཐོང་བ་དང་། རྣ་ནད་ཅན་གྱིས་རྨི་སྣང་དུ་སྒྲ་གསལ་པོ་མི་གོ་བ་སོགས་འོང་། གོ་དོན་རྟོགས་པར་དཀའ་བའི་རིགས་ནི། རྨི་ལམ་གྱི་སྣང་བས་གསང་བའི་སྒོ་ནས་ནད་གཞི་ཡོད་པར་སྟོན་པ་སྟེ། དཔེར་ན། གཅིན་འབབ་མ་ལག་ལ་ནད་གཞི་ཡོད་ཚེ་ཆུ་རྒྱས་པ་དང་ཆུ་རུ་བྱིང་བ་དང་། ཆར་ཞོད་ཆེན་པོ་འབབ་པ་སོགས་ཆུ་དང་འབྲེལ་ཡོད་ཀྱི་རྨི་ལམ་མང་པོ་འོང་བ་དང་། མཆིན་མཁྲིས་ལ་ནད་གཞི་ཡོད་ཚེ་མེ་འབར་བ་དང་ཉི་འོད་ཚ་བ་སོགས་ཚ་དྲོད་ཆེ་བའི་དངོས་པོ་མང་པོ་རྨི་བ་དང་། ཁྲག་ལ་ནད་གཞི་ཡོད་ཚེ་བྱ་དངོས་ཕལ་ཆེ་བ་དམར་པོར་ཤར་བའི་སྣང་བ་འབྱུང་བ་ལྟ་བུ་ཡིན་པས། ནད་རྟགས་གཞན་དང་མཉམ་དུ་བསྡུར་ནས་ནད་ངོས་འཛིན་རྒྱུ་གལ་ཆེ་བ་ཡིན།

    ནད་པ་ཞིག་ལ་སྨན་བཅོས་བྱ་ཚེ་རྨི་ལམ་བརྒྱུད་ནས་དྲག་བསྐྱེད་ཡོད་མེད་རྟོགས་ཐུབ་པ་སྟེ། དཔེར་ན། ནད་པ་ཞིག་ལ་མ་ཞུ་བ་ལྟ་བུའི་ནད་གཞི་ཡོད་ཚེ་རྨི་ལམ་དུ་ཁ་ལས་ཁྲག་དང་དངོས་རྫས་གཞན་སོགས་སྐྱུག་ཅིང་དེ་རྗེས་ན་ཟུག་མེད་པ་ལྟ་བུ་བྱུང་བ་དང་། ཁྲུས་བྱས་པ་དང་གོས་གཙང་མ་གྱོན་ན་ནད་ཞི་བའི་སྤྱི་རྟགས་ཡིན་པ་དང་། མིག་མི་གསལ་བའི་ནད་གཞི་ཅན་གྱི་རྨི་ལམ་ལ་གསལ་པོར་མཐོང་བ་དང་སད་རྗེས་དངོས་གནས་དྲག་བསྐྱེད་བྱུང་བ་ལྟ་བུ་དང་། གཞན་ཡང་རྨི་ལམ་གྱི་རྐྱེན་གྱིས་སེམས་ལ་དགའ་སྐྱོའི་འདུ་ཤེས་བྱུང་ནས་ནད་པའི་ནད་གཞི་ལ་འགྱུར་ལྡོག་འབྱུང་བའང་ཡོད་དེ། དཔེར་ན། ནད་པའི་རྨི་ལམ་དུ་ནད་གཞི་ལྕི་རུ་ཕྱིན་པ་ལྟ་བུ་རྨིས་ཚེ་དོན་དངོས་ཐོག་འགྱུར་བ་མེད་ནའང་སེམས་སྡུག་གིས་ནད་གཞི་ལྕི་རུ་འགྲོ་བ་དང་། འགའ་ཤས་དེའི་ལྡོག་ཕྱོགས་སུ་ཡོང་བའང་ཡོད་པ་སོགས་ནི་སེམས་ནུས་ལས་བྱུང་སྟབས་སྨན་པས་དེའི་སྐོར་ལ་དོ་སྣང་ངེས་ཅན་བྱེད་དགོས།

    རྨི་ལམ་དུ་ནད་འབྱུང་མི་འབྱུང་གི་སྔ་ལྟས་ཡོང་བ་ནི་དཔེར་ན། ཐོ་རེངས་ལ་རྨིས་པའི་རྨི་ལམ་དུ་གོ་ཆ་བགོ་བ་སོགས་རྨིས་ན་འགོས་ནད་སོགས་ཀྱིས་མི་ཚུགས་པ་དང་། སིལ་ཏོག་བདུད་རྩི་ཟོས་ཚེ་རིང་པོར་འགྱུར་བའི་རྟགས་སོགས་དང་། མི་གཙང་བའི་ཟས་སྐོམ་བསྟེན་པ་དང་གོས་ཧྲུལ་གྱོན་པ་དང་ལུས་ལ་སྲོག་ཆགས་འབྱུང་བ་དང་། ཁྱི་དང་གཅན་གཟན་སོགས་ཀྱིས་སོ་བཏབ་པ་སོགས་བྱུང་ན་ན་བའི་སྔ་ལྟས་ཡིན། རྨི་སྣང་གི་སྲོག་ཆགས་དང་ཕྱོགས་སོགས་ལ་འབྱུང་ཁམས་ཀྱི་ནུས་པ་འཕེལ་རྒུད་དང་གནས་མི་གནས་སོགས་ཀྱི་འགྲེལ་བཤད་ཞིབ་ཏུ་ཡོད་ནའང་འདིར་རེ་རེ་བཞིན་མ་བཤད། དེ་ལས་མ་འོངས་པར་ན་བའི་ལྟས་དང་ནད་པའི་འཆི་ལྟས་སུའང་རྨི་ལམ་འབྱུང་བ་བཤད་རྒྱུད་དུ་བསྟན་པའི་གཞུང་ཚིག་གི་འབྲེལ་བ་ལ། མེས་ཞལ་དུ། མི་གང་ཞིག་ནད་ཀྱིས་མནར་བའི་རྨི་ལམ་དུ་བྱི་ལ་དང་། སྤྲེའུ་དང་། སྟག་དང་། ཝ་དང་། རོ་ལ་སོགས་པ་ལ་རང་ཉིད་ཀྱིས་ཞོན་པར་རྨིས་ན་འཆི་བདག་གི་ཞགས་པས་ཟིན་པའི་རྟགས་ཡིན་ལ། དེ་བཞིན་དུ་མ་ཧེ་དང་རྟ་དང་། ཕག་དང་བོང་བུ་དང་། རྔ་མོ་རྣམས་ལ་གཅེར་བུར་ཞོན་ནས་གཤིན་རྗེ་གནས་པའི་ས་ལྷོ་ཕྱོགས་སུ་འགྲོ་བར་རྨིས་ན་ཡང་འཆི་བར་འགྱུར་ཞིང་། ནད་པ་རང་ཉིད་ཀྱི་སྤྱི་བོར་འོད་མ་ལ་སོགས་པའི་ལྕུག་མའམ། སྡོང་པོའི་རིགས་སྐྱེས་ཏེ་བྱ་ཚང་བཅས་སམ། ཏ་ལའི་སྡོང་བོ་དང་ཚེར་མ་ཅན་གྱི་ཤིང་ལ་སོགས་པ་སྙིང་གར་སྐྱེས་པའམ། སྙིང་ནས་པད་མ་ཕྱི་རོལ་དུ་ཕྱུང་། ཡང་ན་གཡང་དུ་ལྷུང་བ་དང་། དུར་ཁྲོད་དུ་ཉལ་བ་དང་། མགོ་བོ་ཆག་པ་དང་། བྱ་རོག་དང་ཡི་དྭགས་དང་རྨེ་ཤ་ཅན་རྣམས་ཀྱིས་ཡོངས་སུ་བསྐོར་བ་དང་། རྐང་ལག་གི་པགས་པ་ས་ལ་ལྷུང་བ་དང་། སླར་ཡང་མིའི་མངལ་དུ་འཇུག་པ་དང་། ཆུས་ཁྱེར་བ་དང་། འདམ་དུ་བྱིང་བ་དང་། ཉ་ཆེན་པོའི་ཁར་མིད་པ་དང་། ལྕགས་དང་གསེར་མང་པོ་རྙེད་པ་དང་། ཚོང་དང་འཐབ་མོ་གཉིས་ཀ་ཕམ་པ་དང་། བྲོ་བོའི་ཁྲལ་འདེད་པ་དང་། བག་མ་ལེན་པ་དང་། གཅེར་བུར་འདུག་པ་དང་། སྐྲ་དང་ཁ་སྤུ་བྲེགས་པ་དང་། རང་གི་གཉེན་བཤེས་སྔར་ཤི་བའི་གཤིན་པོ་རྣམས་དང་ལྷན་དུ་ཆང་འཐུང་ཞིང་། ཡང་ན་དེས་ཐུར་ལ་འདྲུད་པར་བྱེད་པ་དང་། ལུས་ལ་གོས་དམར་པོ་དང་ཕྲེང་པ་དམར་པོ་བརྒྱན་པ། དེ་དང་འདྲ་བའི་གཤིན་པོ་དག་དང་ལྷན་ཅིག་ཏུ་གར་བྱེད་པ་སྟེ། དེ་ལ་སོགས་པ་བཀྲ་མི་ཤིས་པའི་མཚན་མ་རྨི་ལམ་དུ་བྱུང་བའི་ནད་པ་དེ་དག་ནི་འཆི་བདག་གི་དབང་དུ་སོང་བའི་ལྟས་ཡིན་ལ། ནད་མེད་རྣམས་ལ་རྨིས་ཀྱང་མི་ཤིས་པ་སླད་ནས་འབྱུང་བས་ཤེས་པར་བྱའོ། ། ཞེས་བསྟན་པ་དང་། གོས་དམར་གྱོན་པ་དང་། ལུས་མདོག་དམར་བ། བུད་མེད་དགོད་པ་རྨིས་ན་ཁྲག་མཁྲིས་ནད་ཀྱིས་འཆི་བ་དང་། མ་ཧེ་ཞོན་པ་རྨིས་ན་གཅོང་ནད་ཀྱིས་འཆི་བ། ཚེར་མ་ཅན་དང་འོད་མའི་ཏ་ལ་སྐྲན་གྱིས་འཆི་བ། སྦྱིན་བསྲེག་བྱེད་པ་དང་། བྱུག་པ་བྱེད་པ། པད་མ་སྙིང་ཁར་ཕྱུང་བ་མཛེ་ནད་ཀྱིས་འཆི་བ། རྨེ་ཤ་ཅན་དང་མཉམ་དུ་སྣུམ་འཐུང་བ་གཅིན་ནད་ཀྱིས་འཆི་བ། སྲིན་པོ་དང་གར་བྱེད་པ་དང་ཆུར་བྱིངས་པ་སྨྱོ་བྱེད་ཀྱི་ནད་ཀྱིས་འཛིན་རྟགས་དང་། ར་རོ་གར་བྱེད་པ་དང་ཤི་མིས་ཁྱེར་བ་རྨིས་ན་བརྗེད་བྱེད་ཀྱི་ནད་ཀྱིས་འཛིན་པ། ཉི་ཟླ་ལྷུང་བ་རྨིས་ན་མིག་ལོང་བའི་ནད་འབྱུང་བ་སོགས་བེ་སྔོན་དུ་བསྟན་འདུག གཞན་དམིགས་བསལ་གྱི་ནད་ལ་རྨི་རྟགས་འབྱུང་བ་དཔེར་ན། ཀླུ་ནད་འབྱུང་བའི་སྔ་ལྟས་ལ། བེ་སྔོན་དུ། རྨི་ལམ་དུ་ཆུ་དང་ཤིང་དང་ནེའུ་གསིང་རྣམས་ནི་གཏད་དུ་ཚུད་པའི་རྟགས་དང་། སྦལ་བ། ལྕོང་མོ། ཉ། སྦྲུལ། འབུ། སྦྲང་བུ། སྡིག་པ། སྡོམ། རྟ་བླ། གྲོག་མ་སོགས་ལུས་ལ་འབྱར་བ་དང་དེ་དག་གི་གསེབ་ན་འདུག་པ་དང་། གཡག་དང་མཛོ་དང་གཅན་གཟན་ལ་སོགས་པ་རྣམས་ཀྱིས་དེད་པ་ནི་གདོན་གྱི་རྟགས་དང་། མི་ཤོང་བའི་སྒོའམ་འཕྲང་ལ་འཛུལ་བ་དང་གཡང་ལ་ལྷུང་བ་རྣམས་མནན་པར་ཚུད་རྟགས། ཉི་མ་ནུབ་པ་དང་། ས་སྲོས་པ་དང་། སེར་བ་འབབ་པ་དང་། མདའ་འཐུ་བ་སོགས་བྱད་ཁ་སྤྱིའི་རྟགས། བུད་མེད་དག་གིས་ལུས་ཟུངས་འབྱིན་པ་རྨི་བ་ནི་མོ་གདོན་གྱི་རྟགས་ཏེ། དེ་ལྷས་ཚོར་བའི་དུས་ཡིན་ཏེ་གདོན་གྱིས་འདེབས་པའི་རྟགས་དང་། ཞེས་གདོན་གྱིས་འདེབས་པའི་དུས་བསྟན་པ་དང་། ལྷ་འདྲེའི་བར་གཅོད་གཏོང་བ་ལ། རྨི་རྟགས་གསལ་པོ་འབྱུང་བ་ནི། དཔེར་ན། གཡུ་ཐོག་སྙིང་ཐིག་བླ་སྒྲུབ་ཀྱི་ལས་ཚོགས། ལྷ་སྨན་རྒབ་འདྲེ་མནན་ཐབས་མཐུ་སྟོབས་གསེར་གྱི་རི་བོ་ལས། ཐེའུ་རང་གི་རྟགས་ལ། དེ་རྟགས་རྨི་ལམ་བྱིས་པ་ནི། །ཐལ་མདོག་མང་པོ་རྩེས་པ་རྨི། ། ཞེས་བྱིས་པ་ཐལ་མདོག་གིས་ཐེའུ་རང་མཚོན་པ་དང་། དམ་སྲི་བྱ་གདོང་མྱུལ་ལེའི་རྟགས་ལ། རྨི་ལམ་བྱ་ཁྱི་གཅན་གཟན་དང་། ། རྒྱལ་པོའི་ཆོ་འཕྲུལ་ཤས་ཆེར་འབྱུང་། ། ཞེས་དང་། དེ་བཞིན། འདྲེ་མོ་ལ་རྨི་ལམ་ཐིག་ལེ་འཛག་པར་བྱེད། ཅེས་དང་། དེ་རྟགས་བུད་མེད་ཤས་ཆེར་རྨི། ། ཞེས་འདྲེ་གདོན་གྱིས་རྨི་ལམ་འཁྲུགས་པ་དང་དེའི་རྟགས་ལས་གང་ཞིག་གནོད་པ་ཤེས་ཐུབ་པས་ན། དེ་བཟློག་པའི་ཐབས་མ་ནོར་བ་ལ་བརྩོན་ཆོག་གོ།

    དེ་ལྟར་སྤྱིར་བཏང་རྨི་ལམ་དུ་འབྱུང་བའི་བྱ་དངོས་ལ་དམིགས་བསལ་གྱི་ནང་དོན་མི་འདྲ་བ་ཡོད་པས། མིའི་ཁམས་དང་། གནས་སྐབས་གང་དང་དོན་ཅི་ཡིན་སོགས་ལ་ཞིབ་དཔྱད་ནན་ཏན་བྱེད་དགོས་པ་སྟེ། དཔེར་ན། ཆུ་ལ་མཚོན་ན། ཆུ་བཞུར་བ་དང་རྒྱ་མཚོ་སོགས་བད་ཀན་ཁམས་ཀྱི་མི་ལ་རྨི་བ་དང་། ཆུ་རྙོག་ཅན་མི་གཙང་བ་ཆུ་ནད་ཅན་ལ་རྨི་བ། ཆུས་ཁྲུས་བྱེད་པ་རྨིས་ན་ནད་སྒྲིབ་དག་པ་མཚོན་པ་དང་། ཆུ་རྒྱས་དང་ཆུ་མིག་བརྡོལ་བ་སོགས་རྒྱུ་ནོར་འཕེལ་བའི་རྟགས་སུ་རྨི་བ་དང་། ཆུ་བོ་བརྒལ་ཐུབ་མིན་ལས་དོན་དག་འགྲུབ་མིན་བརྟག་པ་སོགས་དང་། གཞན་མི་རིགས་དང་ས་ཆ་སོ་སོའི་ཡུལ་སྲོལ་མི་འདྲ་བ་དང་འཚོ་བའི་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་མི་རིགས་རེ་ལ་དངོས་པོ་གཅིག་པར་འགྲེལ་ཚུལ་མི་འདྲ་བ་ཡོང་སྲིད་པ་དང་། དེ་བཞིན་སྤྱི་མཐུན་གྱི་ངོས་འཛིན་འདྲ་བའང་ཡོད་སྲིད་དེ། སྦྲུལ་གྱི་ངོ་བོ་ཞེ་སྡང་དུ་གྲུབ་ཕྱིར་སྦྲུལ་གྱིས་ཞེ་སྡང་མཚོན་པ་འཇིག་རྟེན་ཡོངས་ལ་གཅིག་མཐུན་དུ་ཡོང་བ་ལྟ་བུའོ། །

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།