དབུ་ཤོག>བོད་ལུགས་གསོ་རིག
  • ཐ་མལ་ནད་མེད་ཀྱི་རྨི་ལམ་དང་དེའི་དབྱེ་ཞིབ།

  • ཡོང་ཁུངས།  བོད་ཀྱི་གསོ་རིག་ཁང་།   |     སྤེལ་དུས།  2016-06-21

    ཐ་མལ་ནད་མེད་ཀྱི་རྨི་ལམ་དང་དེའི་དབྱེ་ཞིབ།

    གང་ཟག་རང་ཉིད་ཀྱི་འབྱུང་ཁམས་དང་བསྟུན་ནས་རྨི་ལམ་རྨི་བ་ནི་ཐ་མལ་ནད་མེད་ཀྱི་རྨི་ལམ་ཡིན་པ་དང་། རྨི་ལམ་སྣང་ཚུལ་ནི་རླུང་སེམས་རྩ་ཁམས་སུ་རང་སོར་རྒྱུ་བའི་ལུས་སེམས་ཀྱི་རང་བྱུང་སྣང་ཚུལ་ཞིག་ཡིན་པ་དང་། རྨི་ལམ་བརྒྱུད་ལུས་སེམས་ཀྱི་འབྱུང་ཁམས་སྙོམ་ཐུབ་པ་ཡིན། མི་ཁ་ཅིག་ལ་ལུས་ཀྱི་རྩ་གནས་དོག་པ་ལ་ཡུལ་དོག་པའི་སྣང་བ་འཆར་བ་དང་། རྩ་གནས་ཡངས་པ་ལ་ཡུལ་ཡངས་ཤིང་རྒྱ་ཆེ་བ་མཐོང་བ་ནི་ཐ་མལ་གྱི་རྨི་ལམ་ཁོ་ནར་ངེས་ཏེ། རྩ་དེ་ལུས་ཆགས་དུས་སུ་དེ་ལྟར་གནས་པས་སོ། ། རྨི་ལམ་གྱིས་མ་འོང་གསང་བ་སྟོན་ཐུབ་པའང་ལུས་རང་ལ་གནས་པའི་རྩ་དང་རླུང་སེམས་ཀྱི་འདུ་སྦྱོར་ཐུན་མོང་མིན་པར་རག་ལས་པས་ཡིན་པ་དང་། རྨི་ལམ་ལ་འབྲས་བུ་འབྱིན་མིན་ཡང་ཐ་མལ་ནད་མེད་ཀྱི་རྨི་ལམ་ལ་བརྟག་དགོས་སྟབས། ཐ་མལ་ནད་མེད་ཀྱི་རྨི་ལམ་ཁོ་ན་ལས་གསང་བ་དེ་མི་འབྱུང་སྟེ། རྩ་རླུང་གི་ཁམས་རང་སོར་མ་རྒྱུ་ཚེ་ནུས་པ་དེ་མངོན་མི་ཐུབ་པ་དང་། མ་འོང་བའི་གསང་དོན་མཐོང་བའི་ནུས་པ་ཡོད་པའི་རྒྱུ་མཚན་ཡང་། ནང་པར་དུས་ལ་རྩ་རླུང་གི་རྒྱུ་བ་རང་སོར་རྒྱུ་འགོ་ཚུགས་པ་དང་རླུང་སེམས་ཀྱི་འདུ་སྦྱོར་ཁྱད་པར་ཅན་གྱིས་ལུས་སེམས་ལ་ལྷོད་ཆ་འབབ་པའམ་རྣལ་མར་རྒྱུ་ཕྱིར་སེམས་ཀྱི་ལྐོག་གྱུར་གྱི་ནུས་པ་མངོན་ནས་འབྱུང་འགྱུར་གྱི་བྱ་དངོས་སྐོར་རྨི་ལམ་འབྱུང་བ་ཡིན་ཕྱིར་རྨི་ལམ་ལ་འབྲས་བུ་འབྱིན་པ་ཡིན། གང་ཟག་ཁ་ཤས་ཀྱིས་བསྒོམ་སྟོབས་ཀྱིས་མ་འོངས་པའི་གསང་བ་སྟོན་ཐུབ་པའི་ནུས་པ་ཡོང་བའང་རླུང་སེམས་ཀྱི་ནུས་པ་ལ་དབང་བསྒྱུར་ནས་དེའི་སྟོབས་ཀྱིས་གསང་བ་མཐོང་ཐུབ་པའོ། ། སྤྱིར་མི་གང་ཞིག་ཉེས་གསུམ་གྱི་ཁམས་གང་དང་མཐུན་པ་དང་། ཉེས་གསུམ་གྱི་ཤས་འཕེལ་ཚུལ་གྱིས་དེ་དང་མཐུན་པའི་རྨི་ལམ་འབྱུང་ཕྱིར་དེ་དག་ལ་དམིགས་བསལ་གྱི་འབྲས་བུ་མི་འབྱིན་པ་དང་། དེ་མིན་ཉིན་གྱི་རྨི་ལམ་དང་། རྨི་ལམ་བརྗེད་པ་དང་མི་གསལ་བ་སོགས་ལ་འབྲས་བུ་མེད་པ་དང་། མཚན་སྟོད་དེ་ནམ་ཕྱེད་ཡན་ལ་རྨིས་པ་ལ་ཉིན་སྣང་གི་བག་ཆགས་མིན་པར་འབྲས་བུ་འབྱུང་བ་རྨིས་ནའང་། འབྲས་བུ་དེ་ཐག་རིང་ཞིང་འབྲས་བུ་དེའང་ཤིན་ཏུ་གསལ་པོར་ངོ་འཕྲོད་དཀའ་བ་དང་། ནམ་བར་དུ་འབྱུང་པོ་དང་ལྷ་སྲིན་རྒྱུ་སྟོབས་ཆེ་བ་དང་ཟླ་བའི་ཁམས་རྒྱུ་བའི་དབང་གིས་རྨི་ལམ་ལ་དེ་དག་གི་ཤུགས་རྐྱེན་ངེས་ཅན་འབྱུང་ཕྱིར་རྨི་ལམ་ལ་འབྲས་བུ་མེད་པ་དང་། ནང་པར་བཏང་བའི་རྨི་ལམ་ལ་འབྲས་བུ་འབྱིན་པ་སྟེ། དུས་ཀྱང་མགྱོགས་པར་ཉིན་དེར་འབྲས་བུ་འབྱུང་བའོ། ། རྨི་ལམ་བཟང་བ་ལ་རྨི་ལམ་གཞན་གྱིས་བར་མ་ཆོད་པ་དང་མ་གཉིད་པ་དང་། ཚིག་ངན་པ་སོགས་ཀྱིས་བར་མ་ཆོད་པ་དགོས་པར་དཔྱད་ན། རྨི་ལམ་ངན་པ་ལ་བཟློག་ཚིག་སོགས་ཀྱི་བར་གྱིས་ཆོད་ན་དེའི་དོན་འབྲས་ཆུང་པར་འདོད།

    སྤྱིར་རྨི་སྣང་དུ་བྱ་དངོས་གང་རུང་བྱུང་བ་ལ་མཚོན་རྟགས་མི་འདྲ་བ་ཡོད་སྟབས། ཁམས་དང་རྟེན་འབྲེལ་གྱི་སྒོ་ནས་ལེགས་པར་དཔྱད་ཤེས་ན་ནང་དོན་མི་འདྲ་བ་མང་པོ་ཡོད་པས་རྨི་ལམ་ལ་དབྱེ་ཞིབ་བྱེད་རྒྱུར་ཕན་པ་ཆེན་པོ་ཡོད། རྨི་ལམ་ཞིག་ཏུ་བྱ་དངོས་མང་པོ་འབྱུང་སྲིད་ན་ཡང་དེ་ལས་གནད་གོ་བར་བྱེད་དགོས་ཏེ། དཔེར་ན། རྨི་ལམ་དུ་བྱུང་བའི་དངོས་པོ་གསལ་པོ་ཞིག་གི་ཁ་དོག་དང་དབྱིབས་དང་། ངོ་བོ་སོགས་ལས་གང་ཞིག་ལ་ཆེད་འཛིན་བྱེད་དགོས་པ་ཡིན། དེ་དག་གི་ཞིབ་ཕྲའི་གནད་ནི་འདིར་འགོད་པར་མི་བྱ་སྟེ། རྒྱུ་མཚན་དང་བཅས་ཞིབ་ཚགས་སུ་བརྗོད་ན་ཡིག་ཚོགས་མང་དྲག་པར་མཐོང་ངོ་། ། དེ་ལ་རྒྱུད་བཞིར། བཟང་བའི་རྨི་ལྟས་བསྟན་པ་ནི། ཐ་མལ་ནད་མེད་ཀྱི་རྨི་ལམ་ཡིན་ཏེ། མེས་ཞལ་དུ་ཟླ་ཟེར་གྱི་འགྲེལ་བ་དང་ལྷན་དུ་བསྟན་པ་འདི་ལྟར་ཏེ། ཟླ་ཟེར་ལས། ལྷ་དང་བྲམ་ཟེ་ཁྱུ་མཆོག་དང་། ། བ་ལང་རྒྱལ་པོ་མཛའ་བཤེས་གསོན། ། སྐྱེས་བུ་དམ་པ་གྲགས་ལྡན་དང་། །མེ་འབར་བ་དང་དྭངས་པའི་མཚོ། ། བུ་མོ་ཁྱེའུ་སེར་པོ་དང་། ། གོས་དཀར་གྱོན་ཞིང་མདངས་ལྡན་དང་། ། སྐྱེས་བུ་ཟ་དང་ལུས་འབར་དང་། ། ཁྲག་གིས་ལུས་ཀུན་བྱུག་པ་དག། གང་གིས་མཐོང་བར་གྱུར་པ་དང་། ། ཞེས་བྱ་བ་ལྷ་ལ་སོགས་པའི་རྨི་ལམ་བཟང་པོ་འདི་ལྟ་བུ་གང་གིས་མཐོང་བར་གྱུར་པ་དེའི་ཚེ་རིང་བ་ལ་སོགས་པའི་ཡོན་ཏན་འཐོབ་པར་འགྱུར་རོ། ། ལྷ་ནི་བརྒྱ་བྱིན་དང་ཆུ་ལྷ་ལ་སོགས་པའོ། ། མཛའ་བཤེས་ནི་མཛའ་བོ་སྟེ་དེ་ཡང་གསོན་པའོ། ། སྐྱེས་བུ་དམ་པ་ནི་ཆོས་དང་ལྡན་པའི་ངང་ཚུལ་ཅན་ནོ། ། གྲགས་ལྡན་ནི་སྙན་པས་ཀུན་ཏུ་ཁྱབ་པའི་མིའོ། ། མེ་འབར་བ་ནི་ཤིང་མང་པོ་དང་བཅས་ཏེ་ཤིང་འབར་བའོ། ། དྭངས་པའི་མཚོ་ནི་རྙོག་པ་མེད་པའི་མཚོའོ། ། བུ་མོ་དང་ཁྱེའུ་ནི་ན་ཚོད་དང་པོ་ལ་གནས་པ་སྟེ། དེ་ཡང་ཁ་དོག་སེར་པོ་དང་གོས་དཀར་པོ་གྱོན་པ། མདངས་དང་ལྡན་ཞིང་གཟུགས་བཟང་བའོ། ། སྐྱེས་བུ་ཟ་བ་ནི་ཟས་ཟ་བའོ། ། ལུས་འབར་ནི་ལུས་མེའི་ཕུང་པོ་ལྟར་འབར་བའོ། ། ཁྲག་གིས་ལུས་ཀུན་འགོས་པ་ནི་ཁྲག་གིས་འགོས་ཤིང་བྱུགས་པ་སྟེ། དེ་ལྟ་བུའི་རྣམ་པ་གང་གི་རྨི་ལམ་དུ་མཐོང་བ་དེ་ནི་དགེ་བ་ཡིན་ནོ། ། གདུགས་དང་ཤ་རློན་མེ་ལོང་དུག། སྣ་མ་དཀར་པོའི་གོས་དང་ནི། ། མི་གཙང་གིས་བྱུག་འབྲས་བུ་རྙེད། ། ཅེས་བྱ་བ་ལའང་སྐྱེས་བུ་གང་ཞིག་རྨི་ལམ་གྱི་ནང་དུ་གདུགས་ལ་སོགས་པ་རྙེད་པར་རྨི་བ་དེས་ཀྱང་ཚེ་རིང་བ་ལ་སོགས་པ་འཐོབ་པར་འགྱུར་རོ། ། དུག་ནི་ཧ་ལ་ཧ་ལའམ་བཙན་དུག་ལ་སོགས་པའོ། ། སྣ་མའི་མེ་ཏོག་དཀར་པོ་ནི་བར་བར་ན་ཁ་དོག་རྣམ་པ་བཞི་དང་ལྡན་པའོ། ། མི་གཙང་བས་ལུས་བྱུགས་པ་ནི་བཤང་བས་ལུས་བྱུག་པའོ། ། འབྲས་བུ་ནི་ཨ་མྲའི་འབྲས་བུའི་ཤིང་ཏོག་དང་སྐྱུ་རུ་དང་། སྟར་ཁའི་འབྲས་བུ་ལ་སོགས་པའོ། ། རི་བོ་ཁང་བཟང་འབྲས་བཅས་ཤིང་། ། འཛེགས་དང་སེང་གེ་གླང་ཆེན་ཆེ། ། རྟ་དང་བ་ལང་དག་ལ་ཞོན། ། ཞེས་བྱ་བ་ལ་རྨི་ལམ་ན་རི་བོ་ལ་སོགས་པ་ལ་འཛེག་པར་རྨི་བ་དེ་ཡང་བདེ་བ་ཐོབ་པར་འགྱུར་རོ། ། རི་བོ་ནི་བྲག་རིའོ། ། ཁང་བཟང་ནི་ཁང་བ་བརྩེགས་པ་སྟེ། འབྲས་བུར་བཅས་པའི་ཤིང་ནི་ཤིང་ཏོག་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། དེ་དག་ལ་འཛེག་པ་དང་། ཆུ་བོ་མཚོ་ཕྲན་རྒྱ་མཚོ་བརྒལ། ། ཞེས་བྱ་བ་ལས། ཡང་མི་གང་ཞིག་རྨི་ལམ་དུ་ཆུ་བོ་བརྒལ་ཞིང་ཐར་བ་རྨི་བ་དེ་ཡང་བདེ་བ་ཐོབ་པར་འགྱུར་རོ། ། ཤར་དང་བྱང་དུ་འགྲོ་བ་དང་། ། བགྲོད་མིན་འགྲོ་དང་ཤི་བ་དང་། །ཞེས་བྱ་བ་ཡང་མི་གང་ཞིག་ཤར་རམ་བྱང་གི་ལམ་དུ་རྨི་ལམ་ན་འགྲོ་བ་རྨི་བ་དང་། བགྲོད་མིན་འགྲོ་བ་སྟེ། རང་རང་རིགས་མཐུན་པའི་གདོལ་བ་ལ་སོགས་པ་སྤྱོད་པར་རྨིས་པ་དང་། བདག་ཉིད་ཤི་བར་རྨི་བ་དེ་ཡང་ཚེ་རིང་བ་ལ་སོགས་པ་ཐོབ་པར་འགྱུར་རོ། ། ཉམ་ང་ལས་ཐར་ལྷ་རྣམས་དང་། ། ཕ་མས་མངོན་པར་སྟོད་པ་དང་། ། ངུ་དང་ལྷུང་ལས་ལྡིང་བ་དང་། ། དགྲ་བོ་ཕམ་པར་བྱས་པས་དག། གང་རྨིས་ཚེ་རིང་ནད་མེད་དང་། ། ནོར་མང་པོ་ནི་རྙེད་པར་འགྱུར། ། ཞེས་བྱ་བ་ལ་ཡང་མི་གང་ཞིག་ཉམ་ང་ཞིང་དོག་པའི་གནས་ལས་ཐར་ཞིང་བྱུང་བ་དང་། དེ་བཞིན་དུ་ལྷ་དང་ཕ་མ་སོགས་པས་རྨི་ལམ་གྱི་ནང་དུ་བསྟོད་པ་དང་བཀུར་བ་རྨི་བ་དང་། ཡང་གང་ཞིག་ངུ་ཞིང་མཆི་མ་འབྱིན་པ་དང་། དེ་བཞིན་དུས་ལ་ལྷུང་ཞིང་འགྱེལ་བ་ལས་ལྡང་བ་དང་། དེ་བཞིན་དུ་སྡང་བར་སེམས་པའི་དགྲ་བོ་ཕམ་པར་བྱས་པའི་རྨི་ལམ་སྐྱེས་བུ་གང་གིས་རྨི་བར་བྱས་པ་དེ་ཚེ་དང་སྲོག་གནས་པ་དང་། ནད་མེད་པ་སྟེ་བདེ་བར་གནས་པ་དང་། ནོར་དང་འབྱོར་བ་མང་པོ་རྙེད་ཅིང་ཐོབ་པར་འགྱུར་རོ། ཞེས་སོ། ། གཞན་ཡང་རྨི་ལམ་བཟང་ངན་གཉིས་སྔ་ཕྱིར་བཏང་ན་ཕྱི་མ་དེའི་ཤུགས་སུ་འབྱུང་པར་བཤད་དོ། །

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།