དབུ་ཤོག>བོད་ལུགས་གསོ་རིག
  • རྨི་ལམ་གྱི་དབྱེ་བ་དང་དུས་ཚོད་བར་གྱི་འབྲེལ་བ།

  • ཡོང་ཁུངས།  བོད་ཀྱི་གསོ་རིག་ཁང་།   |     སྤེལ་དུས།  2016-06-21

    རྨི་ལམ་གྱི་དབྱེ་བ་དང་དུས་ཚོད་བར་གྱི་འབྲེལ་བ།

    སྤྱིར་རྨི་ལམ་ལ་ནད་ཅན་དང་ནད་མེད་ཀྱི་རྨི་ལམ་དང་གསང་བའི་རྨི་ལམ་བཅས་རིགས་གསུམ་དུ་འབྱུང་བ་ཡིན་ཏེ། རླུང་སེམས་ཐ་མལ་གནས་སྐབས་ཀྱི་འབྱུང་ཁམས་ཐ་མལ་བའི་རྨི་ལམ་དང་ནད་ཅན་དུ་གྱུར་བའི་དུས་ཀྱི་ནད་ཁམས་དང་བསྟུན་པའི་རྨི་ལམ། རྟོགས་པར་དཀའ་བའི་ལྐོག་གྱུར་གྱི་རྨི་ལམ་བཅས་ཁག་གསུམ་དུ་འགྱུར་བ་ཡིན། ཐ་མལ་འབྱུང་ཁམས་དང་བསྟུན་པའི་རྨི་ལམ་ལ་བཟང་ངན་བར་གསུམ་སྟེ། གང་ཟག་སོ་སོའི་ཡིད་ལ་འདོད་པའི་རྨི་ལམ་སད་ནས་སྤྲོ་བ་འཕེལ་བ་ནི་བཟང་བ་དང་། ཡིད་ལ་མི་འདོད་པ་རྨི་ལམ་ངན་པ་བྱུང་ནས་སད་རྗེས་སེམས་མི་སྐྱིད་པ་ནི་ངན་པ་དང་། བཟང་ངན་གྱི་རྣམ་རྟོག་མེད་པའམ་བརྗེད་ནས་མི་དྲན་པ་བར་མ་བཅས་དང་། དེ་ལ་རྨི་ལམ་ངན་པ་ལྟར་དུ་སྣང་ནའང་སད་རྗེས་ཡིད་བདེ་ཞིང་སྤྲོ་ན་ནི་རྨི་ལམ་བཟང་བར་འདོད་དེ། རྨི་ལམ་ངན་པ་དེ་བརྒྱུད་ནས་འབྱུང་ཁམས་སྙོམ་པ་དང་ནད་ཁམས་སངས་པར་བཤད་པ་དང་། དེ་ལྟར་རྨི་ལམ་བཟང་བོ་ལྟ་བུ་རྨིས་ནའང་སད་ནས་སེམས་མི་སྐྱིད་པ་རྨི་ལམ་ངན་པ་ཡིན་སྐད། གསང་བའི་རྨི་ལམ་ལ་རང་བཞིན་བྱུང་བ་དང་བསྒོམ་བྱུང་གཉིས་ཡོད་པ་ལས། སྔ་མ་ནི་མི་ཐ་མལ་བ་རྣམས་ལ་མ་འོངས་པའི་སྐོར་རྨི་ལམ་དུ་གསལ་བོར་རྨི་བ་དང་། ཕྱི་མ་ནི་རྣལ་འབྱོར་བའི་བསྐྱེད་རྫོགས་གང་རུང་ཟབ་མོའི་ཆོས་བསྒོམ་སྟོབས་ཀྱིས་བྱུང་བ་ཡིན་ནོ། ། ནད་ཁམས་ཀྱི་རྨི་ལམ་ལ་གདོས་བཅས་ལུས་ཕུང་གི་ནད་རིགས་ལས་བྱུང་བའི་རྨི་ལམ་དང་སེམས་ཀྱི་འགྱུར་བ་དང་ཕྱིའི་འཁོར་ཡུག་གི་ཕོག་ཐུག་ལས་བྱུང་བའི་རྨི་ལམ་བཅས་སུ་དབྱེ་བ་ལྟར་དུ། གསོ་རིག་བཤད་རྒྱུད་དུ་རྨི་ལམ་ལ་དབྱེ་བ་དྲུག་ཏུ་དབྱེ་ཡོད་དེ། མཐོང་ཐོས་མྱོང་དང་གསོལ་བ་བཏབ་པ་དང་། ། གྲུབ་པ་ནད་ལས་བྱུང་དང་རྣམ་པ་དྲུག། ཅེས་པ་སྟེ། ༡.ཉིན་སྣང་ལ་མིག་གིས་གསལ་བོར་མཐོང་ཞིང་ཉམས་སུ་མྱོང་བ་རྨི་ལམ་དུ་དེའི་སྐོར་གྱི་གནས་ཚུལ་ཡོང་བ་དང་། ༢.རྣ་ཡི་ཤེས་པས་ཉིན་སྣང་ལ་གོ་ཐོས་བྱུང་བ་ལ་བག་ཆགས་ཟབ་མོ་བྱུང་ནས་དེའི་སྐོར་རྨི་ལམ་དུ་བྱུང་བ། ༣.གཟུགས་སྒྲ་དྲི་རོ་རེག་བྱ་སོགས་རང་གིས་མངོན་སུམ་དུ་ཉམས་སུ་མྱོང་བའི་བྱ་དངོས་རྨི་ལམ་དུ་བྱུང་བ། ༤.རང་ཉིད་འདོད་དོན་ཞིག་འགྲུབ་པར་རེ་བའམ་དོན་གཉེར་དེ་ལ་ཆེད་དུ་གསོལ་བ་བཏབ་པའི་སྐོར་གང་རུང་རྨི་ལམ་དུ་བྱུང་བ། ༥.མ་འོངས་པར་འབྱུང་བའམ་རེག་པའི་དོན་དངོས་རྨི་ལམ་དུ་ཡོང་བ། ༦.རླུང་མཁྲིས་བད་ཀན་མ་སྙོམ་པའི་ནད་ཁམས་ལས་བྱུང་བའི་རྨི་ལམ་བཅས་ཡིན་ལ། འདི་ལས་དང་པོ་ནས་གསུམ་པའི་བར་བག་ཆགས་ཁོ་ན་ལས་བྱུང་བ་དང་། བཞི་བ་དང་ལྔ་བ་ནི་གསང་བའི་རྨི་ལམ་ཡིན་པ་དང་། མཐའ་མ་ནི་ནད་ཁམས་ལས་བྱུང་བའོ། །

    དེ་ཡང་དུས་རྐྱེན་གྱིས་རླུང་སེམས་ལ་འགྱུར་ལྡོག་འབྱུང་ཕྱིར་རྨི་ལམ་ལ་དུས་ཀྱི་སྒོ་ནས་ནང་དོན་མི་འདྲ་བ་འབྱུང་གི་ཡོད་ལ། དུས་ཀྱི་ཁྱད་པར་ལ་ལྟོས་ནས་རྨི་ལམ་མི་མཐུན་པ་མངོན་པ་ཡིན། ཉིན་སྣང་གི་བག་ཆགས་ལ་དུས་ཀྱི་བར་ཐག་ཉེ་རིང་དང་མཚན་གྱི་འབྱུང་ཁམས་རྒྱུ་སྟངས་ཀྱིས་དབྱེ་བ་གཙོ་ཆེ་བ་གསུམ་འདོད་དེ། ནམ་སྟོད་དང་ནམ་སྨད། ཐོ་རེངས་ཀྱི་དུས་བཅས་སོ། ། ནམ་སྟོད་ཀྱི་རྨི་ལམ་ནི་ཉིན་མོའི་སྣང་བ་ནུབ་པ་དང་ཐོག་མར་ཤར་བའི་རྨི་ལམ་ཡིན་སྟབས། སྤྱིར་ཉིན་དེའི་བག་ཆགས་ཆེ་ཤོས་དང་ཡང་ན་འདས་དུས་ཀྱི་བག་ཆགས་ཟབ་མོ་གང་རུང་གི་ཤུགས་རྐྱེན་ཐེབས་ནས་རྨི་ལམ་ཕལ་ཆེ་བ་དེའི་སྐོར་རྨི་བ་ཡིན། འོན་ཀྱང་ཕྱི་རོལ་འཁོར་ཡུག་དང་ལུས་ཀྱི་འབྱུང་ཁམས་སོགས་ཀྱི་རྒྱུ་རྐྱེན་གང་རུང་ལ་ལྟོས་ནས་བག་ཆགས་དེའི་རིགས་མཚན་གང་རྨི་བའང་མང་པོ་ཡོད་པ་དང་། ཕྱི་ནང་གི་རྐྱེན་གང་རུང་གིས་བག་ཆགས་ལ་འབྲེལ་བ་མེད་པའང་རྨི་སྲིད། མཚན་གྱི་ཟླ་བའི་ཁམས་རྒྱུ་བ་སྟོབས་ཆེ་ཕྱིར་ལུས་ཀྱི་རྩ་རླུང་གི་ཁམས་ལ་འགྱུར་བ་བྱུང་ནས་རྨི་ལམ་ལ་ཉིན་སྣང་དང་མཐུན་དཀའ་བ་དང་སེམས་ཡུལ་དང་འབྲེལ་བ་མེད་པ་ལྟ་བུ་སོགས་རྨི་བ་དང་། དུས་འདི་གཉིས་ལ་ནད་གཞི་ཡོད་མེད་དང་དྲག་བསྐྱེད་ཡོད་མེད་ཀྱི་སྐོར་འབྱུང་བ་ཐོ་རེངས་ལས་ཉུང་ངོ་། ། ཐོ་རེངས་ནང་པར་དུས་ལ་རྩ་རླུང་གི་རྒྱུ་བ་རང་སོར་རྒྱུ་འགོ་ཚུགས་པ་དང་རླུང་སེམས་ཀྱི་འདུ་སྦྱོར་ཁྱད་པར་ཅན་གྱིས་ལུས་སེམས་ལ་ལྷོད་ཆ་འབབ་པའམ་རྣལ་མར་རྒྱུ་ཕྱིར། སེམས་ཀྱི་ལྐོག་གྱུར་གྱི་ནུས་པའམ་ཀུན་གཞིའི་རྣམ་ཤེས་ཀྱི་སྟོབས་མངོན་ཆེར་གྱུར་ནས་མ་འོངས་འབྱུང་འགྱུར་གྱི་བྱ་དངོས་སྐོར་གྱི་རྨི་ལམ་འབྱུང་བ་ཡིན། དེ་ལྟར་ཁམས་མི་འདྲ་བས་རྨི་ལམ་མི་མཐུན་པ་དུས་དང་བསྟུན་ནས་འབྱུང་བ་སྟེ། དང་པོའི་ཐུན་ལ་བད་ཀན་ཤས་ཆེ་བ་དང་། ནམ་ཕྱེད་དུས་ལ་མཁྲིས་ཁམས་ཤས་ཆེ་བ་དང་ཐོ་རེངས་དུས་སུ་རླུང་ཁམས་རང་བཞིན་ཤས་ཆེ་བས་རྨི་ལམ་དུའང་དེ་ལྟར་ཁམས་ཤས་དང་མཐུན་པར་འབྱུང་བ་ཡིན་། ཕྱི་ནང་གི་འབྱུང་ཁམས་རྒྱུ་སྟངས་ཀྱིས་དུས་ཀྱི་དབྱེ་བ་གཙོ་བོ་ཉིན་མཚན་གཉིས་ལས་གོང་དུ་བསྟན་པ་དག་ནི་མཚན་བྱུང་རྨི་ལམ་ཡིན། འོ་ན་ཉིན་མོའི་རྨི་ལམ་ཅི་ལྟར་འགྱུར་སྙམ་ན། དེ་ནི་ལུས་སེམས་ཀྱི་བག་ཆགས་སྟོབས་ཀྱིས་རྨི་ལམ་འབྱུང་བ་དང་། གཞན་ཡང་གནམ་གཤིས་དང་སྒྲ་སོགས་ཀྱི་རྐྱེན་གྱིས་རྨི་ལམ་དེ་ལྟར་བྱུང་བ་ཡིན། ཕྱི་རྐྱེན་གྱི་ཤུགས་ལས་བྱུང་བའི་རྨི་ལམ་ནི་དཔེར་ན། ཕྱི་རོལ་དུ་འཛེར་སྐད་བྱུང་ན་རྨི་ལམ་དུའང་བྱ་དངོས་གང་རུང་གིས་སྐད་དེ་དང་འདྲ་བ་ཞིག་འབྱུང་བ་ལྟ་བུ་ཡིན། དེ་བཞིན་གང་ཟག་སོ་སོའི་རླུང་མཁྲིས་བད་ཀན་གྱི་ཁམས་རྐྱེན་གྱིས་ནམ་རྒྱུན་གྱི་རྨི་ལམ་ཡོང་སྟེ། རྨི་ལམ་མཚོན་རྟགས་ལ་སྤངས་དང་མེ་ཏོག་སྔོན་པོ་དང་། གོས་དང་ཁང་པ། ནམ་མཁའ་སྔོན་པོའམ་སྔོ་ནག་རིགས་དང་། དེ་བཞིན་རྨི་ལམ་དུ་མཐོང་བའི་སྲོག་ཆགས་སོགས་བྱ་དངོས་རིགས་མང་པོ་སྔོན་པོའམ་ནག་པོར་སྣང་བ་ཤས་ཆེ་བ་དང་། ནམ་མཁར་འཕུར་བ་དང་རྟ་ལ་ཞོན་པ། རྨི་ལམ་གྱི་བྱ་དངོས་རྣམས་འགྱུར་བ་ཆེ་ཞིང་སྣང་བ་ཐུང་བ་སོགས་རླུང་སྡེའི་རྨི་ལམ་དང་། ས་གཞི་དམར་སེར་དང་། གོས་རྒྱན་དང་མེ་ཏོག་སྐྱེ་དངོས་སོགས་དམར་སེར་དུ་སྣང་བ་དང་། མེ་འབར་བ་དང་ཉི་མ་ཤར་ནས་ཚ་སྣང་ཆེ་བ་སོགས་བྱ་དངོས་ཐམས་ཅད་དམར་སེར་ཤས་ཆེ་བ་དང་། བཀྲག་དང་ལྡན་ཞིང་ཚ་སྣང་ཡོད་པའི་རིགས་དག་མཁྲིས་པའི་སྡེ་ཚན་གྱི་རྨི་ལམ་དང་། ས་ཕྱོགས་ཐམས་ཅད་ཁ་བས་གཡོག་ནས་དཀར་པོར་སྣང་བ་དང་། གོས་དང་རྒྱན་ཆ་སོགས་དང་། མེ་ཏོག་དང་སྐྱེད་ཚལ་སོགས་དཀར་པོར་སྣང་བ་དང་། རྨི་ལམ་གྱི་སྣང་བ་བརྟན་པ་དང་བདེ་བ་ཤས་ཆེ་ཞིང་། ཆུའི་རིགས་མང་དུ་རྨི་བ་སོགས་བད་ཀན་གྱི་རྨི་ལམ་སྡེ་ཚན་ལྟ་བུ་དང་། དེ་དག་འདྲེས་པ་ལས་རྨི་སྣང་འདྲེས་པ་འོང་ལ། དེ་ནི་གང་ཟག་རང་ཁམས་གང་ཞིག་ཤས་ཆེ་བ་ལ་དེ་ལྟར་གྱི་རྨི་ལམ་འབྱུང་བ་དང་། དུས་མི་འདྲ་བ་གསུམ་ལ་ལྟོས་པའི་ཁམས་བཞིན་འབྱུང་བའོ། ། མི་ཁ་ཅིག་གིས་དོན་དངོས་གང་རུང་ཞིག་རྨི་ལམ་དུ་འབྱུང་བར་རེ་བ་བྱས་ནའང་དེ་ལྟར་མི་འབྱུང་བའི་རྒྱུ་མཚན་ནི་དྲན་ཤེས་ཀྱི་བག་ཆགས་དེ་སེམས་ངོར་རང་བཞིན་གྱིས་མི་གསལ་བས་ཡིན་པ་དང་། སྤྱིར་སེམས་ལ་འཇགས་པའི་བྱ་དངོས་ནི་རང་བཞིན་གྱིས་རྨི་ལམ་འོང་བ་མང་ངོ་། ། སེམས་དང་རླུང་ཕྲ་མོ་འབྲེལ་བའི་ཕྱིར་གང་ཟག་གཞན་ཞིག་གིས་མི་ཞིག་ལ་བསམ་བློ་ཤུགས་བཏང་བའམ་ཁོང་ཁྲོ་ཆེན་པོ་རྒྱུན་རིང་པོར་ལངས་ན་མི་དེའི་རྨི་ལམ་བརྒྱུད་ནས་དོན་དེ་རྟོགས་དཀའ་སླ་གཉིས་ལས་མངོན་ཐུབ་པ་ཡིན་ཏེ། སེམས་ཀྱི་ནུས་པ་རླུང་དང་སྡོང་ནས་ཕ་རོལ་པོ་ལ་ནུས་ཤུགས་ཆེ་ཆུང་འབྱུང་ངོ་། །

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།