དབུ་ཤོག>བོད་ལུགས་གསོ་རིག
  • རྨི་སྣང་ཇི་ལྟར་འབྱུང་ཚུལ།

  • ཡོང་ཁུངས།  བོད་ཀྱི་གསོ་རིག་ཁང་།   |     སྤེལ་དུས།  2016-06-21

    རྨི་སྣང་ཇི་ལྟར་འབྱུང་ཚུལ།

    རྨི་ལམ་འབྱུང་ཚུལ་ནི། བེ་སྔོན་དུ། སྤྱིར་རྨི་ལམ་ནི་སེམས་ཀྱི་ནང་ཆ་རླུང་དང་བསྡོངས་པ་ལུས་ཀྱི་ཁམས་རྣམས་སུ་སོང་བ་ལས་ཕྱི་ནང་དབྱེར་མེད་ཀྱི་རྟེན་འབྲེལ་ལས་ནད་གདོན་གྱི་བྱེད་པ་སྣ་ཚོགས་པ་མཐོང་བའམ་མྱོང་བར་འགྱུར་བ་སྟེ། ཞེས་པ་ལྟར། རྩ་དང་རླུང་སེམས་ཀྱི་འདུ་འཕྲོད་ལས་རྨི་སྣང་འབྱུང་བ་སྟེ། སྤྱིར་ཐ་མེད་ཀྱི་མི་ལ་ཉིན་པར་རླུང་ཁམས་ཤས་ཆེ་བ་ལྟེ་བ་སྤྲུལ་བའི་རྩ་འཁོར་དུ་རྒྱུ་བ་དང་། དུས་བབས་ཀྱིས་ལུས་སེམས་ལ་ངར་ལྷོང་མེད་པར་ལྷོད་ཆ་ལྡན་ཚེ་རླུང་ཤུགས་སྙིང་ཁར་རྒྱུ་ཞིང་རྣམ་ཤེས་ཚོགས་བརྒྱད་སྙིང་ཁར་སྡུད་ནས་ཐོག་མར་གཉིད་མཐུག་པོ་རྨི་ལམ་མེད་པ་བརྒྱལ་བ་ལྟ་བུ་ཞིག་འབྱུང་བ་ཡིན་། ཉོན་མོངས་ཅན་གྱི་ཡིད་ཤེས་ཀུན་གཞི་རྣམ་ཤེས་དང་ལྷན་དུ་སྲོག་རླུང་གིས་བསྐྱོད་ནས་མགྲིན་པའི་རྩ་འཁོར་དུ་ཡིད་ཀྱི་འདུ་བྱེད་ལངས་པ་ནི་རྨི་ལམ་གྱི་སྣང་བ་འབྱུང་ཚུལ་ཡིན། དེ་ལ་རྨི་ལམ་དེ་ལྟར་འབྱུང་ཚུལ་དང་རྩ་འཁོར་གྱི་དོན་བཤད་ན། གཉིད་ཀྱི་དུས་རིག་པ་སྙིང་ཁར་སྡུད་ཅིང་། འབྱུང་བ་ས་ཁམས་ལྕི་བས་གཉིད་མཐུག་པ་དང་། དུས་དེར་གཉིད་ཀྱི་སྣང་མཆེད་ཐོབ་གསུམ་གྱིས་མཚམས་སྦྱར་ནས་རླུང་སེམས་དབུ་མར་རྒྱུ་བས་རྣམ་རྟོག་ཐམས་ཅད་དང་བྲལ་བས་ཆོས་སྐུའི་དགོངས་པ་མྱོང་བ་སྙིང་ཁ་ཆོས་ཀྱི་འཁོར་ལོ་དང་། དེ་ནས་རླུང་སེམས་དབུ་མ་ནས་དབུ་རྐྱང་དུ་ཤོར་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྒྱུ་དུས་རྨི་ལམ་སྣང་ལ་རང་བཞིན་མེད་པ་འབྱུང་བ་ལོངས་སྐུའི་དགོངས་པ་ཉམས་སུ་མྱོང་བ་ཡིན་སྐད། དེར་སྲོག་རླུང་གིས་བསྐྱོད་ནས་སྤྱི་བོར་སོང་ན་ནམ་མཁར་འཕུར་བ་དང་རི་རྩེར་ཕྱིན་པ་སོགས་ཀྱི་རྨི་ལམ་འབྱུང་བ་དང་། མིག་གི་རྩ་ལ་སོང་ན་གཟུགས་ཤིན་ཏུ་གསལ་བ་མཐོང་བ་དང་། རྣ་རྩར་སོང་ན་སྒྲ་གསལ་པོ་ཐོས་པ་དང་། སྣ་རྩར་སོང་ན་དྲི་གསལ་པོ་སྣུམ་པ་དང་ལྕེ་རྩར་རོ་གསལ་བ་སོགས་ཉིང་འཁྲུལ་གྱི་དབང་པོ་ལྔ་ཡུལ་ལྔ་ལ་འཇུག་པ་ཡིན། དེ་ལྟར་རླུང་སེམས་ཤུགས་ཆེ་བ་སྙིང་ཁ་ལས་སྨད་དུ་གཡོ་ཚེ་གཡང་ལ་འགྲོ་བ་དང་། རི་སོགས་ལས་ཐུར་དུ་འབབ་པ། ཁང་བརྩེགས་དང་ཟམ་ཆེན་ལ་སོགས་ལས་མར་འབབ་པ་སོགས་ཀྱི་སྣང་བ་ཡོང་བ་དང་། རླུང་སེམས་བག་ཆགས་དང་བཅས་བག་ཆགས་ཀྱི་རྨི་ལམ་རྨི་བ་དང་། ལུས་གནད་མ་འགྲིགས་པས་རྩ་ཁམས་འགྱུར་བ་དང་བསྟུན་རླུང་ལ་འགྱུར་བ་བྱུང་ནས་རྨི་ལམ་འཁྲུགས་པ་དང་། ལུས་འཁྱགས་པ་དང་ཕྱི་སྣང་གི་སྐད་སྒྲ་སོགས་ལུས་ཀྱི་དབང་པོ་བརྒྱུད་ནས་རྨི་ལམ་དུ་སྣང་ཚུལ་གཞན་ཞིག་གི་སྟེང་ནས་མངོན་པ་ཡིན། གཉིད་སད་སྐབས་རླུང་སེམས་སྤྱི་བོ་བརྒྱུད་ནས་ལྟེ་བར་འབབ་དུས་ཉིན་སྣང་སྟེ། རྣམ་རྟོག་སྣ་ཚོགས་འཆར་བ་སྤྲུལ་སྐུའི་དགོངས་པ་ཡིན་སྐད། དེ་ལ་བད་ཀན་ཤས་ཆེ་བ་ལ་ནི་རླུང་སེམས་གཉིས་དལ་གྱིས་རྒྱུ་བས་གཉིད་སད་དལ་བ་དང་། རླུང་ཁམས་ཤས་ཆེ་བ་གཉིད་སངས་སྐྱེན་པ་ནི་རླུང་རྒྱུ་དུས་ཀྱི་མགྱོགས་མིན་ལ་རག་ལས་པའོ། ། མི་ཁ་ཅིག་ལ་རྨི་ལམ་མི་འབྱུང་བ་ནི་རླུང་སེམས་གཡོ་འགུལ་དང་བྲལ་ནས་གནས་པས་གཉིད་མཐུག་གི་གནས་སྐབས་ལས་རྨི་ལམ་མེད་པའོ། །

    སྤྱིར་གཉིད་མཐུག་སྐབས་རླུང་སེམས་ཤས་ཆེ་བ་སྙིང་ཁམས་དང་། རྨི་ལམ་དུས་སུ་མགྲིན་པ། སད་པ་དང་སྙོམ་འཇུག་གི་དུས་སུ་སྤྱི་བོར་རྒྱུ་ཞིང་གཉིད་སད་སྐབས་སུ་ལྟེ་བར་འབབ་པ་སྟེ་འདི་ནི་རླུང་སེམས་རྒྱུ་ཚུལ་ཆ་ཚང་བ་ཞིག་ཡིན་པར་འདོད། དེ་ལྟར་རྒྱུ་ཚུལ་གྱི་སྒོ་ནས་ལུས་ཀྱི་འབྱུང་ཁམས་སྙོམ་པ་ཡིན་པས། གཉིད་ཀྱི་འཕྲོད་སྟེན་འདི་ལས་ཤེས་ཐུབ། འོ་ན་རྨི་ལམ་གྱི་སྐབས་སུ་སྤྱི་བོའི་རྩ་ཁམས་དང་སྙིང་གི་རྩ་ཁམས་སུ་རླུང་རྒྱུ་བ་གོང་དུ་བསྟན་པ་གཉིས་འགལ་སྙམ་ན་མིན་ཏེ། རླུང་སེམས་ནི་སྤྱིར་ལུས་ཡོངས་ལ་ཚོར་བའི་ཁྱབ་སར་ཐམས་ཅད་དུ་རྒྱུ་བ་ལས་ཤུགས་ཆེ་ཆུང་ཁོ་ནའི་རྒྱུ་ཚུལ་གྱི་གནས་ལ་བཞག་པ་སྟེ། སྙིང་ཁའི་རླུང་དང་སྤྱི་བོའི་རླུང་རྒྱུད་གཅིག་ཏུ་ངེས་ཕྱིར་མགྲིན་པའི་རྩ་འཁོར་བརྒྱུད་པ་ལས་རྨི་སྣང་འབྱུང་བའོ། །

    མི་འགའ་ཤས་ཀྱི་བསམ་བློར་རྨི་ལམ་ནི་མདོག་མེད་པ་ཞིག་ཏུ་འདོད་པ་དེ་ནི་ནོར་འཁྲུལ་ཞིག་ཡིན། འོ་ན་རྨི་སྣང་གི་ཁ་དོག་དེ་ཅི་ལྟར་བྱུང་ཟེར་ན། དེ་ནི་སྤྱིར་སེམས་ཀྱི་བག་ཆགས་ཁོ་ནའི་སྒོ་ནས་ཁ་དོག་དེ་དག་མཐོང་རྒྱུ་ཡོད་པ་མིན་ཏེ། ལུས་ལ་ལྷན་སྐྱེས་སུ་ཡོད་པའི་འབྱུང་བའི་ཁ་དོག་དང་། ཁྱད་པར་རླུང་རིགས་དང་རྩ་འཁོར་གྱི་མདོག་གིས་ཁ་དོག་དེ་དག་གྲུབ་པ་ཞིག་ཡིན། དེ་ལ་སྲོག་འཛིན་རླུང་དཀར་པོ་ཆུ་ཁམས་དང་མཐུན་པ་དང་། གྱེན་རྒྱུ་རླུང་དམར་པོ་མེ་ཁམས་དང་མཐུན་པ། མཉམ་གནས་རླུང་ལྗང་ཁུ་རླུང་ཁམས་དང་མཐུན་པ་དང་། ཁྱབ་བྱེད་རླུང་སྔོན་པོ་ནམ་མཁའི་ཁམས་དང་མཐུན་པ་དང་། ཐུར་སེལ་རླུང་སེར་པོ་ས་ཁམས་དང་མཐུན་པ་དང་། གཞན་འབྱུང་བའི་རླུང་ལ། ས་རླུང་སེར་སྐྱ་ལྟེ་བའི་འཁོར་ལོ་ནས་རྒྱུ་བ་དང་། ཆུ་རླུང་སྔོ་སྐྱ་སྙིང་གའི་འཁོར་ལོ་ནས་རྒྱུ་བ། མེ་རླུང་དམར་སྐྱ་མགྲིན་པའི་འཁོར་ལོ་ནས་རྒྱུ་བ་དང་། རླུང་རླུང་ལྗང་སྐྱ་བདེ་ཆེན་འཁོར་ལོ་ནས་རྒྱུ་བ་དང་། དེ་བཞིན་རྩ་འཁོར་གྱི་མདོག་གོང་དུ་བརྗོད་པ་ལྟར་དུ་ཡིན་པ་དང་ཁྱད་པར་སྙིང་གའི་རྩ་འདབ་ལ་མདོག་མི་འདྲ་བ་ཁ་ཤས་ཡོད། འདི་དག་ལ་རྩ་བའི་ཁ་དོག་བཞི་གྲུབ་ཕྱིར་མདོག་གཞན་རྣམས་དེ་དག་གི་འདུ་འཕྲོད་ལས་ཤར་ཐུབ་པ་ཡིན་པ་དང་། འདི་དག་ལས་རྩ་འཁོར་དང་རླུང་ཁམས་ཀྱི་མདོག་ནི་མི་འདྲ་བར་སོ་སོར་འདོད་པ་དང་མིའི་ལུས་ཀྱི་འབྱུང་ཁམས་མི་འདྲ་བའི་རྐྱེན་གྱིས་རླུང་དེ་དག་གི་ཚད་དང་ཁ་དོག་རྒྱུ་ཚུལ་སོགས་ལ་མི་མཐུན་པ་འབྱུང་སྲིད་པ་ཡིན། དེ་བཞིན་སྒྲ་དང་རོ་ལ་སོགས་པ་ལུས་ཀྱི་ལྷན་སྐྱེས་འབྱུང་བའི་ཁམས་ལས་འབྱུང་བ་དང་སེམས་ཀྱི་བག་ཆགས་དང་རླུང་གི་སྟོབས་ཀྱིས་ནུས་ཤུགས་ཆེར་གཏོང་བའོ། ། དེ་བཞིན་རྨི་སྣང་སྐབས་ཀྱི་བདེ་སྡུག་འདོད་ཁྲོ་སོགས་ཀྱི་ཚོར་ཤེས་ཀྱང་ལུས་ལ་ལྷན་སྐྱེས་སུ་གནས་པའི་ཉེས་པ་གསུམ་ལས་འབྱུང་གི་ཡོད་དེ། བོད་ཀྱི་མཁས་དབང་དམ་པ་ཁྲོ་རུ་ཚེ་རྣམ་མཆོག་ནས། དེ་བཞིན་དབང་པོ་ལྔས་ཡུལ་ལྔ་འཛིན་པ་དང་། ཁོང་ཁྲོ་བ། འདོད་ཅིང་ཆགས་པ། སེམས་དགའ་བ། སྙིང་སྟོབས་བསྐྱེད་པ། དངངས་སྐྲག་འབྱུང་བ། དྲན་པ་མི་གསལ་བ། བློ་མི་བརྟན་པ་སོགས་ཐམས་ཅད་ཉེས་པ་གསུམ་གྱི་བྱེད་ལས་འབའ་ཞིག་ལ་བརྟེན་པ་ཡིན་ཏེ། ཞེས་གསུངས་པ་ལྟར་ཉིན་སྣང་དང་རྨི་སྣང་གཉིས་ཀར་ཉེས་གསུམ་ཤུགས་ལས་འདོད་གཏི་ཁྲོ་སོགས་འབྱུང་བ་བོད་ལུགས་གསོ་རིག་གི་བཞེད་པ་ཡིན་ནོ། །

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།