དབུ་ཤོག>བོད་ལུགས་གསོ་རིག
  • རྨི་ལམ་དང་འབྲེལ་བའི་ལུས་སེམས་ཀྱི་སྐོར།

  • ཡོང་ཁུངས།  བོད་ཀྱི་གསོ་རིག་ཁང་།   |     སྤེལ་དུས།  2016-06-21

    རྨི་ལམ་དང་འབྲེལ་བའི་ལུས་སེམས་ཀྱི་སྐོར།

    བོད་ཀྱི་གསོ་རིག་གནའ་དཔེ་གྲགས་ཅན་རྒྱུད་བཞིར་འཆི་ལྟས་དང་ནད་གཞིའི་རྨི་ལམ་གྱི་སྐོར་བསྟན་པ་དེས་བོད་ཀྱི་སྔ་རབས་པ་ལྷ་རྗེ་དག་གིས་རྨི་ལམ་ལ་ཞིབ་འཇུག་གནང་བའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཡིན་པ་མཚོན་པ་མ་ཟད། བོད་ཀྱི་གསོ་རིག་དང་རྨི་ལམ་བར་གྱི་འབྲེལ་བ་གསལ་བཤད་བྱས་པ་ཞིག་ཡིན། འོན་ཀྱང་། ནད་ཅན་གྱི་རྨི་ལྟས་བསྟན་པ་ཙམ་ལས་ནད་མེད་ཀྱི་སྐོར་ལ་དམིགས་བསལ་གྱི་འགྲེལ་བཤད་གནང་མེད་པ་དང་། རྒྱུད་འགྲེལ་མེས་ཞལ་དང་བེ་སྔོན་སོགས་སུ་ཁ་སྐོང་ཚུལ་གྱིས་སྔགས་རྒྱུད་དང་འབྲེལ་ནས་ཁ་གསལ་དུ་བཏང་ཡོད་ནའང་། ཞིབ་ཕྲའི་འགྲེལ་བ་གནད་དུ་འཁེལ་བ་ཞིག་བྱུང་མེད་ལ། དུས་རབས་གསར་བར་རྨི་ལམ་སྐོར་གྱི་དཔྱད་རྩོམ་ཁ་ཅིག་བྱུང་བ་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྨི་ལམ་རྣམ་བཤད་དང་རྡོ་ཆག་བཙན་སྒྲིག་གིས་སྦྱར་ཐབས་བྱས་པར་བརྟེན་སྙིང་པོས་དབུལ་བ་འབའ་ཞིག་ཏུ་མངོན། བོད་ལ་མཚོན་ན་རྨི་ལམ་གྱི་རིག་པ་འདི་ནི་གནའ་རབས་ནས་དར་ཁྱབ་ཆེ་ཞིང་བོད་རང་ལ་ཐུན་མོང་མིན་པའི་འགྲེལ་ཚུལ་རང་རྐང་ཚུགས་པ་ཡོད་པ་དང་། བན་བོན་ཆོས་ལས་འཕྲོས་པའི་ནང་དོན་གྱིས་བརྒྱ་ཆའི་བརྒྱད་ཅུ་ཙམ་ཟིན་ཡོད་དེ། དེ་ཡང་བོད་ཀྱི་ཐོག་མའི་རྨི་ལམ་གྱི་འབྱུང་ཁུངས་ནི་ཞང་ཞུང་བོན་ལུགས་ཀྱི་ཕྭ་གཤེན་པའི་ཡེ་རྗེ་སྨོན་པའི་རྨི་ལམ་ཞེས་པ་ཡིན་ལ། འདིའི་ནང་དོན་དུ་གཟའ་ཚེས་ཁྱད་པར་ཅན་དང་ཕྭའི་ལྷ་བསྙེན་པའི་ཐབས་ཤེས་ལ་བསྟེན་ནས་རྨི་ལམ་གསལ་པོའི་སྒོ་ནས་ལུང་བསྟན་ཐོབ་པ་དང་། རྨི་ལམ་དབང་དུ་བསྒྱུར་བ་སོགས་ཀྱི་ཐབས་ཤེས་སྐོར་བསྟན་ཡོད། དེ་ནི་གནའ་རབས་ནས་དར་བའི་བོན་གྱི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཏུ་མངོན་ནའང་། རྨི་ལམ་གྱི་འགྲེལ་བཤད་དང་དེའི་ཕན་གནོད་སོགས་ལ་ཞིབ་ཕྲའི་བརྟག་དཔྱད་བྱས་ན། དེ་རུ་དང་པོ་ནས་འཕྲོད་བསྟེན་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཏུ་མངོན་པ་ཡིན་ཏེ། རྒྱུ་མཚན་ནི། རྨི་ལམ་འབྱུང་ཚུལ་དང་དེའི་བྱེད་ནུས།རྨི་ལམ་བརྒྱུད་ནས་ན་ཚ་དང་གོད་ཁ་ཡོང་མིན་དང་། ནད་གཞི་དྲག་བསྐྱེད་ཅི་འདྲ་ཡོང་མིན། ལུས་སེམས་ཀྱི་གནད་ཀྱིས་རྨི་ལམ་གང་ལྟར་གསལ་བར་བྱེད་པ་སོགས་ཀྱི་སྐོར་མི་ཉུང་བ་ཞིག་གསོ་རིག་གི་ནང་དོན་དང་མཐུན་པ་ཡིན། དེའི་ཕྱིར་རྗེས་སུ་རྨི་ལམ་གྱི་རིག་པ་འདི་བོད་སྨན་གྱི་གཞུང་དུ་རིམ་གྱིས་སྦྱར་བ་ཞིག་ཡིན་པ་དང་། སྨན་གཞུང་དུ་དར་སྤེལ་བྱུང་རྗེས་ཆོས་ལུགས་ལས་བྱུང་བའི་ནང་དོན་ཏེ། གདོན་ནད་སྐབས་སུ་བསྟན་པའི་གདོན་གྱི་རྨི་ལམ་སོགས་དང་། ཆོས་ཀྱི་གཞུང་དང་མ་འདྲེས་པའི་ནང་དོན། སྨན་གཞུང་ཁོ་ནའི་ལག་ལེན་ཉམས་མྱོང་ལས་ཐོན་པའི་ནད་གཞི་གང་འདྲ་ཞིག་ལ་རྨི་ལམ་གང་འབྱུང་བ་དང་། རྨི་ལྟས་གང་འདྲ་ཞིག་བྱུང་ན་ནད་གཞི་གང་གིས་འཆི་བའམ་ཉེན་ཁ་ཡོད་པ་སོགས་བོད་སྨན་པ་དག་གི་ཞིབ་འཇུག་ཕྱག་ལེན་ལས་བྱུང་བ་ཡིན།

    སྤྱིར་རྨི་ལམ་ནི་ཤེས་རྟོགས་དཀའ་བའི་ལུས་སེམས་ཀྱི་གསང་བ་ཞིག་ཡིན་ཕྱིར་གནའ་དེང་ཕྱི་ནང་གི་མཁས་པ་མང་པོར་གཅིག་མཐུན་གྱི་ལྟ་བ་བྱུང་མེད། བོད་ཀྱི་གསོ་རིག་ལ་ནད་དང་འབྲེལ་བའི་སྒོ་ནས་རྨི་ལམ་གྱི་རིག་པ་ཐུན་མིན་ཞིག་བྱུང་ཡོད། རྨི་ལམ་ལ་ཞིབ་འཇུག་གམ་སློབ་སྦྱོང་གཏིང་ཟབ་པོ་བྱས་ན་རྨི་ལམ་ནི་མཁོ་མེད་ཉིང་འཁྲུལ་འབའ་ཞིག་མིན་པ་ཤེས་སླ་བ་ཡིན་ལ། རྨི་ལམ་བརྒྱུད་ནས་ལུས་ཀྱི་འབྱུང་ཁམས་སྙོམ་པ་དང་། ལྷག་པར་གསང་བ་རྟོགས་པའི་དཔེ་བོད་དང་ཡུལ་གཞན་དུ་མང་ཕྱིར་རྨི་ལམ་གྱི་དོན་སྙིང་དེའང་མཐོང་ཐུབ་པ་ཡིན། དེ་ཡང་བོད་སྨན་གྱི་བཞེད་པའི་རྨི་ལམ་ནི་ལུས་ལས་བྱུང་སྟབས་ལུས་སེམས་འདུ་འཕྲོད་ཀྱི་སྣང་ཚུལ་ཞིག་སྟེ། ལུས་ཀྱི་རྩ་རླུང་དང་ཀུན་གཞིའི་རྣམ་ཤེས་སམ་རྣམ་ཤེས་ཚོགས་བརྒྱད་ཀྱི་འཕྲོད་སྦྱོར་གྱིས་ཤར་བའི་སྣང་བ་ཞིག་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། རྨི་ལམ་རླུང་དང་ལྡན་པ་རུ། ། འདོད་པ་ལྔ་ལ་ལོངས་སྤྱོད་དེ། །ཞེས་དང་། སྤྱོད་བསྡུས་ལས་ཀྱང་། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་པོ་རྣམས། ། ཤེས་པ་གཉིས་པོ་དེ་འདིར་རབ་འདུས་ནས། ། ས་སྟུག་གྱུར་པར་གང་ཞིག་རང་གཉིད་ལོག །རླུང་གི་སྟོབས་ཀྱིས་རྨི་ལམ་མཐོང་བར་འགྱུར། །ཞེས་གསུངས་པ་དང་། གསོ་རིག་རྒྱུད་བཞིའི་སྨན་ཐང་དུ། གཉིད་ཀྱི་དུས་རྣམ་པར་ཤེས་པ་རྩ་རླུང་གི་རྒྱུ་ཕྱོགས་ཀྱིས་རྨི་ལམ་བྱུང་ཚུལ་ཞེས་རླུང་སེམས་རྩ་ཁམས་སུ་རྒྱུ་ཚུལ་ཙམ་བྲིས་འདུག རི་མོ་རང་ལ་རྣམ་ཤེས་ལུས་ལས་ཕྱིར་ཐོན་པ་འདྲ་པོ་ཞིག་བྲིས་པ་ནི་ཁ་གསལ་བའི་ཆེད་དུ་དམིགས་པ་ཙམ་ལས་དོན་ལ་ལུས་ནང་གི་རླུང་ཁམས་ཕྱོགས་དང་སྟེང་འོག་ཏུ་རྒྱུ་ཚུལ་མཚོན་པ་ཡིན། དེའི་ཕྱིར། བོད་ཀྱི་གསོ་རིག་དང་མཐུན་པར་རྨི་ལམ་ལ་ཞིབ་འཇུག་བྱེད་ཚེ་ངེས་པར་དུ་ལུས་སེམས་ཀྱི་ཞིབ་ཕྲའི་འབྲེལ་བ་དང་དེ་དག་ཆགས་ཚུལ་དང་རྒྱུ་ཚུལ་སོགས་ལ་གོ་བ་ཟབ་མོ་དགོས་པ་ཞིག་རེད། སྨན་རྒྱལ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་ལྟར། ཐོག་མ་གདོད་མའི་དུས་སུ་སེམས་ལ་འཁྲུལ་མ་འཁྲུལ་གཉིས་སུ་བྱུང་བ་ལས། སེམས་རང་གི་རིག་པའི་ངོ་བོར་མ་འཁྲུལ་པར་ཤེས་པ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དང་། སེམས་ངོ་མ་ཤེས་པར་འཁྲུལ་པར་བརྟེན་ནས་སེམས་ཅན་གྱི་སེམས་དེ་རྒྱུན་ཆགས་སུ་བྱུང་པར་གསུངས། དེས་ན་སེམས་ནི་ཕྱིའི་དངོས་པོས་འགྲུབ་མི་སྲིད་སྟབས་སེམས་ལ་དབྱིབས་དང་མདོག་སོགས་མེད་པས་འབྱུང་བཞི་དང་བྲལ་བའི་སེམས་རང་གི་རྒྱུ་དང་མཐུན་པའི་ཉེར་ལེན་གྱི་རྒྱུ་ཞིག་ཡོད་པ་དང་། ཚེ་འདིའི་སེམས་ནི་རྣམ་ཤེས་ཤིག་ཁུ་ཁྲག་དབུས་སུ་ཉིང་མཚམས་སྦྱར་བ་དང་ཆབས་ཅིག་སེམས་དེ་འགོ་བཙུགས་པ་དང་། མངལ་གནས་སུ་མངལ་བཟུང་བའི་ཉིན་དང་པོ་རྣམ་ཤེས་ཁུ་ཁྲག་གི་བར་དུ་ཐིམ་ཞིང་བརྒྱལ་ནས་སྣང་ཤེས་དེ་མི་གསལ་ཞིང་དེ་ནས་རིམ་གྱིས་ལུས་ཀྱི་ཆ་ཤས་འཕེལ་རྒྱས་དང་བསྟུན་ནས་དྲན་པ་གསལ་དུ་འགྱུར་བ་ཡིན་ལ། དེ་ནི་འཆི་སྐབས་སུ་རྣམ་ཤེས་ཁུ་ཁྲག་བར་དུ་བརྒྱལ་བ་དང་གཅིག་པར་འདོད། བདུན་ཕྲག་བཅུ་གསུམ་ཙམ་ནས་མགོ་བོ་དང་དོན་སྣོད་སོགས་རྩ་དང་བཅས་ཆགས་པས། སེམས་གསལ་ཙམ་གྱིས་ཚོར་བ་ཉམས་སུ་མྱོང་བའི་སྟོབས་ཀྱིས་བདེ་སྡུག་གི་སྣང་བ་འབྱུང་ཙམ་ཡོད་ཀྱང་རྩ་དྲུག་བར་དུ་རབ་ཏུ་རྫོགས་མེད། བདུན་ཕྲག་རྩ་དྲུག་པར་སྐྱེ་བ་མངོན་པར་གྲུབ་པ་ཞེས་བྱ་བའི་རླུང་འཕྲོས་ནས་སེམས་ཀྱི་དྲན་པ་རབ་ཏུ་གསལ་བ་ཞིག་འབྱུང་བ་ནས་བཟུང་། སེམས་ཀྱི་དྲན་ཤེས་ཡུལ་ལ་འཇུག་འགོ་བཙུགས་ཏེ་ཚོགས་དྲུག་གི་སྣང་བ་འབྱུང་བ་ཡིན་ལ། འདིའི་དུས་སུ་མངལ་གནས་སེམས་ཅན་དེས་ཕྱི་རོལ་གྱི་སྒྲ་སོགས་ཧ་ཅང་གསལ་པོར་ཐོས་ཐུབ།

    དེ་ལྟར་བོད་ཀྱི་གསོ་རིག་གི་དགོངས་དོན་ལ་མིའི་ཤེས་པ་ནི་ཀླད་པ་དང་སྙིང་ལ་ཡོད་པར་འདོད་དེ། བཤད་རྒྱུད་དུ། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། ། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དང་། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། ། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་ཏེ། རྒྱུད་བཞིའི་འགྲེལ་བ་མེས་པོའི་ཞལ་ལུང་དུ། མིག་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་གཟུགས་ལ་སོགས་པ་རྣམས་འཆར་བར་བྱེད་པའི་རྩ་ཉི་ཤུ་བཞི་ནི་ཡན་ལག་གི་རླུང་ལྔའི་རྟེན་དུ་ཀླད་པར་འཁྱིལ་བ་ཞེས་རྩ་བ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། ། དེ་བཞིན་དུ་བདག་འཛིན་དང་དྲན་པ་ལ་སོགས་པའི་རྟེན་དབང་པོ་རྣམས་གསལ་བར་བྱེད་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་བསྐྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་ཅིང་འཁོར་རྩ་ཕྲན་ལྔ་བརྒྱས་བསྐོར་ཏེ་གནས་པ་ཡིན་ནོ། ། ཞེས་དབང་པོ་ཡུལ་ལ་འཆར་བ་དང་དྲན་པ་གཉིས་ཀླད་སྙིང་གི་གནས་སུ་ཡོད་པར་གསུངས་པ་དང་། ཀླད་པ་དང་སྙིང་གཉིས་བར་གྱི་འབྲེལ་བ་ནི། གསོ་རིག་རྒྱུད་བཞིར། ཀླད་པ་ལས་བྱུང་རྩ་དཀར་ཐུར་དུ་ཟུག། ནང་རྩ་དོན་སྣོད་ཕྱི་རྩ་ཡན་ལག་འབྲེལ། ། ནང་རྩ་དར་གྱི་དཔྱངས་ཐག་བཅུ་གསུམ་སྟེ། ། རྗེ་ཞབས་ལས་བྱུང་སྐེ་ཡི་ནང་ནས་མར། ། རླུང་གི་རྩ་བཞི་སྙིང་དང་རྒྱུ་མར་འབྲེལ། ། ཞེས་རླུང་རྩ་བཞི་སྙིང་ལ་འབྲེལ་བར་བསྟན་པ་དེས་རླུང་སེམས་དབྱེར་མེད་དུ་རྒྱུ་ཕྱིར་སྙིང་ལ་ཤེས་པ་གནས་པ་དེ་ལྟར་དུ་འབྱུང་སྲིད་པ་དང་། འདི་ལས་སྙིང་ནང་དུ་རྒྱུ་བའི་རླུང་དེ་ཤེས་པ་དང་ལྷན་ཅིག་རྩ་ཁམས་ལ་གནས་པ་ལས་དབང་ཤེས་འབྱུང་བ་ཡིན་ཏེ། བེ་སྔོན་དུ། སྙིང་པད་མ་འདབ་བརྒྱད་ཀྱི་དབུས་སུ་རྩའི་རྒྱལ་པོ་ཨ་ཝ་དུ་ཏི་རྟ་རྔ་ཙམ་གནས། དེའི་ཕྱོགས་བཞིའི་རྩ་འདབ་བཞི་དང་སྟེང་འོག་གི་དུ་ཏི་གཉིས་ཏེ་དྲུག་གི་ནང་སྟོང་པར་གནས་པ་ལ་སྟེང་ལྗང་། འོག་སྔོ། ཤར་ནག ལྷོ་དམར། ནུབ་སེར། བྱང་དཀར་པོར་གནས་པའི་ཤར་མདུན་གྱི་འདབ་མར་རྣ་བའི་རྣམ་པར་ཤེས་པ་དང་། ལྷོ་གཡས་སུ་མིག ནུབ་རྒྱབ་ཏུ་སྣ། བྱང་གཡོན་ལྕེ། སྟེང་གི་དུ་ཏི་ལུས། འོག་གི་དུ་ཏི་ཡིད་དེ་རྣམ་ཤེས་ཚོགས་དྲུག་རྒྱུ་ཞིང་གནས། ཞེས་གསུངས་པ་འདི་ཉིན་སྣང་དང་རྨི་སྣང་དུ་ཆ་མཚུངས་པར་འབྱུང་བའོ། །

    སེམས་ཀྱི་དབྱེ་བ་ནི། སེམས་ཡུལ་ལ་འཇུག་པའི་ཆ་ནས་རྣམ་ཤེས་ཚོགས་བརྒྱད་དེ། མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས། ཉོན་ཡིད་ཀྱི་རྣམ་ཤེས་དང་ཀུན་གཞིའི་རྣམ་ཤེས་བཅས་དང་། སེམས་ཀྱི་ཚོར་ཤེས་སྣང་ཚུལ་ལས་དུག་གསུམ་སྟེ། འདོད་ཆགས་ཞེ་སྡང་དང་གཏི་མུག་བཅས་གསུམ་ལས། ཉེས་པ་གསུམ་སྟེ། རླུང་མཁྲིས་བད་ཀན་གསུམ་བསྐྱེད་པར་གསུངས་པས་དུག་གསུམ་དང་ཉེས་གསུམ་ལ་འབྲེལ་བ་ཟབ་མོ་ཡོད། གཞན་རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག མ་ཤེས། ཐེ་ཚོམ་ལ་སོགས་པ་དང་ནད་གཞིའི་བར་ལ་འབྲེལ་བ་ཅི་ཡོད་ཞིབ་འཇུག་བྱེད་རྒྱུར་དོན་སྙིང་ཆེན་པོ་འདུག

    ང་ལ་ཕྲ་རགས་གཉིས་སུ་ཕྱེ་བ་ལས་ཕྲ་བ་ནི་སེམས་དང་གཉིས་མེད་དུ་གནས་ཤིང་། རྣམ་ཤེས་ཚོགས་བརྒྱད་གང་རུང་ཡུལ་ལ་འཇུག་དུས་ཡུལ་དེར་ཤིན་ཏུ་ཕྲ་བའི་རླུང་གི་ཆ་ཤས་རྒྱུ་བ་ཡིན་པས། བསྐྱེད་རིམ་དམིགས་པས་ནད་བཅོས་བྱེད་པ་ལ་རླུང་ནུས་ཐོན་པའང་འདི་ལས་རྟོགས་ཐུབ། རླུང་ཕྲ་བ་དེ་ལས་འཕྲོས་པའི་རླུང་རགས་པ་ནི་གདོས་བཅས་ཀྱི་ལུས་ལ་བརྟེན་ནས་ཆགས་གནས་འཇིག་གསུམ་གྱི་རྟེན་བྱེད་པ་དང་། ཉོན་མོངས་ཅན་གྱི་རྣམ་ཤེས་དང་ཐོག་མ་ནས་འབྲེལ་ཞིང་རྟེན་དང་བརྟེན་པའི་ཚུལ་གྱིས་གནས་པའི་སྲོག་འཛིན་རླུང་ཁམས་དཀར་གྱིས་འཕུལ་ནས་འཇུག་པའམ་ཡང་ན་ཁུ་ཁྲག་གི་འདྲེས་སྦྱོར་སྐབས་ཐིམ་པས་མངལ་ཐོག་མར་ཆགས་པ་དང་། དེ་ནས་རིམ་གྱིས་སྲོག་འཛིན་རླུང་ནུས་ཀྱིས་བདུན་ཕྲག་རེ་རེ་ནས་ལུས་ཀྱི་རྩ་སོགས་ཆ་ཤས་ཕྲ་མོ་རེ་ནས་འཕེལ་རྒྱས་སུ་འགྲོ་བ་ཡིན། རླུང་ཐམས་ཅད་ཀྱི་ཐོག་མ་ནི་སྲོག་འཛིན་རླུང་ཡིན་པ་དང་དེ་མངལ་དུ་ཞུགས་རྗེས་རིམ་གྱིས་གསང་གནས་སུ་ཐུར་སེལ་རླུང་དང་ཕོ་བར་མེ་ཉམས་རླུང་། བྲང་གཞུང་དུ་གྱེན་རྒྱུ་དང་སྙིང་ལ་ཁྱབ་བྱེད་རླུང་བཅས་རང་གནས་དང་མཉམ་དུ་འབྱུང་བ་ཡིན་ལ། སྔགས་རྒྱུད་དུ་བསྟན་པའི་ཡན་ལག་གི་རླུང་ལྔ་དང་འབྱུང་ལྔའི་རླུང་དག་ནི་སྲོག་འཛིན་རླུང་ལས་འཕྲོས་པའི་ཆ་ཤས་ཡིན་ལ། འདི་དག་གིས་དབང་ལྔའི་ལས་བྱེད་པ་ནི་སྲོག་འཛིན་རླུང་གི་ནུས་པའི་ཆ་ཤས་སུ་དབྱེ་བའོ། །

    རྩ་རྣམས་ཀྱི་དང་པོ་ནི་ལྟེ་བའི་རྩ་འཁོར་ཏེ། བཤད་རྒྱུད་དུ། དྲུག་པ་ལུས་ཀྱི་དང་པོ་ལྟེ་བ་ཆགས། །ཞེས་པ་ལྟར་བདུན་ཕྲག་ལྔ་པར་ལྟེ་བའི་རྩ་འཁོར་རྩ་འདབ་བཞི་ཅན་ཚིགས་པ་བཅུ་དྲུག་པའི་ཐད་དུ་ཆགས་པ་དང་དེ་ལས་ལུས་ཀྱི་ཆ་གཞན་དག་འཕེལ་བར་འགྱུར་ཞིང་ལུས་ཀྱི་རྩ་རླུང་ཐིག་ལེ་ཐམས་ཅད་བསྐྱེད་པས་འདི་ལ་ལྟེ་བ་སྤྲུལ་བའི་འཁོར་ལོ་ཞེས་བཤད་པ་དང་། བདུན་ཕྲག་དྲུག་པ་ནས་རྩ་འཁོར་ཡར་མར་དུ་གཉིས་གྱེས་པ་ལས་རང་སོར་བཅུ་བཞིའི་ཚད་ཐུར་དུ་སོང་ནས་གསང་གནས་བདེ་སྐྱོང་གི་རྩ་འཁོར་ཆགས། དེ་དང་ལྷན་དུ་རང་སོར་བཅུ་དྲུག་གྱེན་དུ་སོང་སྟེ་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བཞིའི་རྣམ་པ་དང་བཅས་ཚིགས་པ་བརྒྱད་པའི་ཐད་དུ་ཆགས་པ་དང་། བདུན་ཕྲག་བདུན་པ་ལ་ཚིགས་པ་དང་པོའི་ཐད་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཆགས་པ་ཡིན། དེ་ནས་རང་སོར་བཅུ་དྲུག་གྱེན་དུ་སོང་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཆགས་པར་བརྟེན་མིག་གི་དབང་རྟེན་དང་མགོ་བོ་ཆགས་པ་ཡིན། དེ་ལྟར་བཤད་རྒྱུད་དུ། ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས། ཞེས་པ་ལྟར་རྩ་འཁོར་དེ་དག་ཆགས་པའི་དུས་དང་བསྟུན་ནས་ལུས་སྟོད་སྨད་དུ་དབུ་རྐྱང་རོ་གསུམ་ཀྱང་རིམ་གྱིས་ཆགས་པ་ཡིན། བད་ཀན་བསྐྱེད་པའི་རྩ་སྟེ་ཆུ་ཁམས་རྒྱུ་བའི་རྐྱང་མ་དང་། མཁྲིས་པ་བསྐྱེད་པའི་རྩ་སྟེ་མེའི་ཁམས་རྒྱུ་བའི་རོ་མ། རླུང་བསྐྱེད་པའི་རྩ་ནི་དབུ་མའི་ཆ་ཡིན་ལ། དེ་གསུམ་ལྟེ་བའི་རྩ་འཁོར་ནས་གྱེན་ཐུར་དུ་སོ་སོར་གྱེས་ཤིང་འཁོར་ལོ་རེར་འཕྲད་དུས་གཅིག་འདུས་དང་། ཡར་རྩེ་ནི་དབུ་མ་ཚངས་བུག་དང་། རོ་མ་སྣ་བུག་གཡས་དང་རྐྱང་མ་སྣ་བུག་གཡོན་དུ་བརྐྱང་ཡོད་ལ། མར་སྣེ་ནི་ཁུ་ཁྲག་འབབ་སར་འབྲེལ་ཡོད་པ་དང་། རྩ་འཁོར་རྣམས་སུ་འདི་དག་གཅིག་ཏུ་འདྲེས་མེད་པར་འཁྲིལ་ནས་གྱེས་ཡོད། དེ་བཞིན་རྩ་དཀར་ཐམས་ཅད་དབུ་མ་ལས་གྱེས་པ་དང་། ཁྲག་རྩ་རྣམས་རོ་མ་དང་ཆུ་རྩ་རྣམས་རྐྱང་མ་དང་དམིགས་གསལ་གྱིས་འབྲེལ་བ་ཡིན་ལ། དེ་གསུམ་སྙིང་ཁར་འདུས་པས་འཕར་རྩ་འབྱུང་པའོ། ། དབུ་རྐྱང་རོ་གསུམ་དང་རྩ་འཁོར་འབྲེལ་བའི་སྒོ་ནས་ཁམས་མི་འདྲ་བ་བསྐྱེད་པས་འདི་དག་ལ་མཉམ་འབྲེལ་གྱི་ལས་བྱེད་པ་ཡོད། འདི་ལ་རྩ་འཁོར་ནི། བཤདརྒྱུད་དུ། སྤྱི་བོ་བདེ་ཆེན་འཁོར་ལོ་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་བའི་འཁོར་ལོ། གསང་གནས་བདེ་སྐྱོང་འཁོར་ལོ་བཅས་རྩ་ཕྲན་ལྔ་བརྒྱས་བསྐོར་ཞེས་རྩ་འདབ་དེ་དག་རགས་ཚུལ་དུ་བསྟན་པ་དང་། ཤུགས་བསྟན་ལ་མགྲིན་པ་ལོངས་སྤྱོད་འཁོར་ལོ་རྒྱུད་འགྲེལ་མེས་ཞལ་སོགས་སུ་བསྟན་པ་བཅས་བོད་ཀྱི་གསོ་རིག་ལ་རྩ་འཁོར་ལྔ་རུ་འདོད་པ་དང་། དེ་དག་གི་དབྱིབས་དང་མདོག་ནི། སྤྱི་བོ་བདེ་ཆེན་འཁོར་ལོ་གདུགས་ཕུབ་པ་ལྟར་གནས་ཤིང་མདོག་དཀར་པོ་ཡིན་པ་དང་། རྩ་འདབ༣༢ཡོད། མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི་སྦྲུལ་གཅུས་པ་ལྟར་གནས་ཤིང་མདོག་དམར་པོ་དང་། རྩ་འདབ༡༦ཡོད། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི་གྲུ་གུ་དྲིལ་བ་ལྟ་བུ་དང་མདོག་མཐིང་ག་དང་། རྩ་འདབ༨ཡོད། ལྟེ་བ་སྤྲུལ་བའི་འཁོར་ལོ་ནི་ཐག་པ་བརྐྱང་པ་ལྟར་གནས་ཤིང་མདོག་དམར་པོའམ་སེར་པོ་ཡིན་ལ། རྩ་འདབ༦༤ཡོད། གསང་གནས་བདེ་སྐྱོང་འཁོར་ལོ་ནི་ལྗོན་ཤིང་གྱེས་པ་ལྟ་བུ་དང་མདོག་ལྗང་ཁུ་ཡིན་པ་དང་། རྩ་འདབ༣༢ཡོད། དེ་དག་གི་བར་ཚད་ལ་རང་སོར་ཕྱེད་དང་བཅུ་གསུམ་ཡོད། འདི་ལ་རྩ་འདབ་བརྒྱད་སྙིང་ཁར་བྱུང་བ་དེ་ནི་རྣམ་ཤེས་ཚོགས་བརྒྱད་འཇུག་གནས་ཡིན་པ་དང་། རྩ་འཁོར་གཞན་ཡང་དེ་ལྟར་བརྒྱད་ཀྱི་རྣམ་གྲངས་ལས་བྱུང་བ་ནི་ཕན་ཚུན་སྙོམ་ཚུལ་ཞིག་ཡིན་ནམ་སྙམ། འཁོར་ལོའི་རྩ་ཁམས་དང་རླུང་ཁམས་ཀྱི་ཕྲ་བའི་ཆ་འདི་དག་ནི་ལུས་ཀྱི་མཐར་ཐུག་གི་འབྱུང་ཁམས་ཀྱི་འགྲེལ་ཚུལ་ཞིག་ཡིན་སྟབས། སྨན་གཞུང་དུའང་དེའི་སྐོར་གྱི་གཞུང་ལུགས་ཀྱི་སྙིང་པོ་བསྡུས་ནས་སྨན་བཅོས་དང་མཐུན་པར་སྦྱོར་རྒྱུ་ནི་གལ་ཆེན་པོ་ཡིན་ཏེ། འཁོར་ལོ་དང་དབུ་རྐྱང་རོ་གསུམ་གྱི་བྱེད་ལས་ཀྱིས་ལུས་ཟུངས་བདུན་གྱི་ཁམས་མི་འདྲ་བ་བསྐྱེད་པར་བྱེད་པ་སོགས་ལ་བརྟག་ན། དེ་དག་གི་རིག་པ་དེའི་སྒོ་ནས་ཟས་སྤྱོད་སྨན་དཔྱད་བཞིའི་སྨན་བཅོས་ཡ་མཚར་བ་འགའ་རེ་རྟོགས་ཐུབ་པ་ཡིན་ཡང་འདིར་སྐབས་སུ་མ་བབས་པས་མི་བཤད་དོ། ། ལུས་དང་། རྩ་དང་། རླུང་དང་། སེམས་བཅས་བརྟེན་དང་རྟེན་པའི་ཚུལ་གྱིས་གཅིག་གྲོགས་གཅིག་གིས་གནས་པ་ནི་ཕན་ཚུན་གྱི་འབྲེལ་བ་ཡིན་པ་དང་། འབྲེལ་བ་དེའི་སྟེང་ནས་གཅིག་གཤེད་གཅིག་ཏུ་གྱུར་ནས་མཐར་སོ་སོར་འབྲལ་བ་ནི་ཆོས་ཉིད་ཡིན་པས། རླུང་ཐམས་ཅད་སྲོག་འཛིན་རླུང་ལ་བསྡུས་ནས་རྣམ་ཤེས་དང་ལྷན་ཅིག་བུ་ག་དགུ་ལས་གང་རུང་དུ་འཕོ་འགྲོ་བ་ཡིན་ནོ། །

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།