དབུ་ཤོག>བོད་ལུགས་གསོ་རིག
  • དཔྱད་བཅོས་ཚན་ཁག

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     སྤེལ་དུས།  2016-06-20

    ༡ ཚན་ཁག་མཚམས་སྦྱོར་མདོར་བསྡུས།

    1.jpg

    དཔྱད་ནི་གསོ་ཐབས་བཞིའི་ཡ་གྱལ་ཏེ་ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་ལ་རང་མི་རིགས་ཀྱིས་རང་བྱུང་ཁོར་ཡུག་ལ་འཐབ་རྩོད་བྱས་པའི་བརྒྱུད་རིམ་ཁྲོད་བྱུང་བ་ཡིན་ལ།   དེ་ལའང་དུགས་ལུམས་བྱུག་པ་འཇམ་པའི་དཔྱད་དང་གཏར་བསྲེག་དབུག་པ་རྩུབ་པའི་དཔྱད།  འདྲལ་གཅོད་འདྲུལ་འབྱིན་དྲག་པའི་དཔྱད་བཅས་བཅུ་རུ་དབྱེ་ཡོད་ཅིང་ང་ཚོས་རྒྱུན་སྤྱོད་བྱེད་བཞིན་པ་ནི་གཏར་བསྲེག་དུགས་ལུམས་བྱུག་པ་བཅས་སོ།།  དེ་ཡང་ནད་བབས་དང་བསྟུན་ནས་དུགས་ལུམས་བྱུག་པ་འཇམ་པའི་དཔྱད་དང་གཏར་བསྲེག་དབུག་པ་རྩུབ་པའི་དཔྱད་ཀྱིས་གསོ་བྱའི་ལུས་ཀྱི་ཕྱི་ནས་ནང་གི་ནད་དང་ན་ཟུག་ཞི་བར་བྱེད་པའི་སྲོལ་རྒྱུན་གསོ་ཐབས་ཁྱད་དུ་འཕགས་པ་ཞིག་ཡིན།

    མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དཔྱད་བཅོས་ཚན་ཁག་ནི་༢༠༠༢ལོར་བཙུགས་ཤིང་༢༠༠༣ལོར་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་ཁྱད་ལྡན་ཚན་ཁག་ཏུ་མཆོག་མཆན་གནང་། རང་ཚན་ཁག་གིས་ཐོག་མ་ནས་མི་སྣ་གསོ་སྐྱོང་དང་འཕྲུལ་ཆས་བསྒྲིགས་འཛུགས་བྱེད་ནས་ད་སྔ་ཆེས་ལས་ སྨན་པ་དྲུག་དང་འབྲེལ་ཡོད་འཕྲུལ་ཆས་བརྒྱད་ལྷག   མལ་ཁྲི་80ལྷག་ཡོད་ཅིང་བོད་སྨན་གྱི་རྭ་འཇིབ་དང་མེ་བུམ། བྱུག་པ། དུགས་སོགས་མ་ཉམས་གོང་འཕེལ་དང་ཉམ་པ་སོས་ཆུད་བྱེད་བཞིན་མཆིས།  དཔྱད་བཅོས་ལ་མི་ན་གནས་དང་ན་བ་གསོ་བར་བྱེད་པ་དང་གྲོན་ཆུང་ཚེགས་ཆུང་བྱ་སླ་ཕན་ནུས་མྱུར་ཏུ་ཐོན་པའི་ཁྱད་ཆོས་ལྡན་པས་རྒྱ་ཆེའི་གསོ་བྱ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    ༢ གསོ་བཅོས་བྱེད་བཞིན་པའི་ནད་གཞི།

    ང་ཚོས་གསོ་རིག་གཞུང་གི་གཏར་བསྲེག་དུགས་ལུམས་བྱུག་པ་དང་གཞན་རྭ་འཇུབ་དང་ཐུར་མ་སོགས་བཀོལ་ནས་མཁལ་འགྲམས་ཀྱི་ནད་དང་དྲེག་ནད།   གྲུམ་བུའི་ནད།   རུས་འཛེར།  རྩ་དཀར་གྱི་ནད་དང་རླུང་ནད་ཨ་ལྦརྟ་དང་ད་རྒན་སོགས་ད་ལྟ་བྱུང་མང་བཅོས་སྡུག་པའི་ནད་གཞི་འདི་རྣམས་གསོ་བཅོས་བྱེད་བཞིན་མཆིས།

    ༣ ཁྱད་པར་གྱི་གསོ་ཐབས།

    ད་ལྟ་རང་ཚན་ཁག་གིས་ཁོང་སྨན་དང་གཏར་ག  མེ་བཙའ།   དུགས།   ལུམས།  སྣུམ་བྱུག  བསྐུ་མཉེ།  ཐུར་མ། ཏེལ་བ།  སྤྲ་ལྡན་གསེར་ཁབ་དང་དངུལ་ཁབ།  མེ་བུམ། རྭ་འཇིབ་སོགས་སྨན་དཔྱད་ཟུང་འབྲེལ་གྱིས་ནད་པ་མང་བོ་དྲག་བསྐྱེད་བྱུང་དང་འབྱུང་བཞིན་ཡོད། ལྷག་པར་ཏུ་གཏར་ཁ་ནི་རང་རྒྱལ་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་གི་གྲས་སུ་བཞག་ཡོད།

    ༡ གཏར་ཁ།  གཏར་ཁ་ནི་རྩ་རྒྱུད་དང་གཏར་དམིགས་མི་འདྲ་བ་ལ་གཏར་ཚུལ་དང་གཏར་ཆས་མི་འདྲ་བའི་སྒོ་ནས་ནད་ཁྲག་དང་ནད་རླངས་ལུས་ཕྱིར་འབྱིན་པའི་གསོ་ཐབས་ལ་བྱ་སྟེ། གཙོ་བོ་འགྲམས་འཁྲུགས་རིམས་སོགས་ཁྲག་མཁྲིས་ཚ་བ་ལས་གྱུར་བའི་ནད་གཞི་མང་ཆེ་བར་སྤྱོད་ཅིང་། ངན་ཁྲག་སྦྱོང་བ་དང་གཟེར་ཟུག་གཅོག་པ། འདྲུལ་བ་བརྟས་བྱེད་རྣག་ཆུ་རྩད་ནས་གཅོད། རྨ་མདོག་འབྱིན་འཁོལ་བུའི་ནད་རླངས་འདོན། སྦོམ་པོ་འབྲི་ལ་སྐེམ་པོ་ཤ་རྒྱས་བྱེད། ནད་དངོས་ཕྱིར་འབྱིན་དཔྱད་མཆོག་གཏར་གར་བཤད། ཅེས་པའོ།

    ༢ མེ་བཙའ།  སྤྲ་བའི་མེ་ནུས་ལ་བལྟས་ནས་བད་རླུང་ལས་བྱུང་བའི་གྲང་བའི་ནད་མ་ལུས་འཇོམས་པར་བྱེད་པའི་གསོ་ཐབས་ལ་བྱ་སྟེ།  ནད་བབས་དང་བསྟུན་ནས་བཙོ་བསྲེག་བསྲོ་བསྡིག་གི་སྒོ་ནས་མ་ཞུ་བ་དང་མེ་ཉམས་ནད།  སྐྱ་རྦབ།  དམུ་ཆུ།  སྐྲན། གྲང་མཁྲིས་ནད། མགོ་དང་ཡན་ལག་ཆུ་སེར་ནད།  འབྲས་ནད།  ལྷོག་པའི་ནད།  སྟོངས་ཚད།  སྨྱོ་བྱེད་རྗེད་བྱེད། རྩ་དཀར་ནད་སོགས་རིམ་པའི་གསོ་བ་ཡིན་ཏེ། གསོ་དཔྱད་གཞན་བརྡུགས་ཕལ་ཆེར་མེ་ཡིས་གསོ། ཞེས་པའོ།

    ༣ དུགས།  དུགས་ནི་ནད་ཚ་གྲང་ལ་བལྟས་ནས་སྨན་བསིལ་དྲོད་གཉིས་སུ་བཟོས་ནས་ལུས་ལ་བརླན་ཏེ་ནད་ཟུག་གཅོག་པ་ལ་བྱ་སྟེ།   ནད་ཚ་བ་ལ་སྨན་བསིལ་བར་བཟོ་བ་དང་ནད་གྲང་བ་ལ་སྨན་དྲོད་བར་བྱེད་ནས་བད་རླུང་ནད་དང་མ་ཞུ་བ། གླང་ཐབས། ཆུ་སེར་ནད། ཁྲག་འཁྱགས་ནད། ཚད་པའི་གཟེར་བཅས་ལ་བསྟེན་པ་སྟེ།  ནད་ཟུག་འཕྲལ་གཅོག་དཔྱད་མཆོག་དུགས་སུ་བཤད། ཅེས་པའོ།

    ༥ བྱུག་པ།  སྨན་སོགས་སྣུམ་ལ་སྦྱར་ནས་ལུས་ལ་བྱུག་ནས་བ་སྤུ་བུ་ག་ནས་ནད་འབྱིན་པར་བྱེད་པ་ཡིན་ཏེ།  ལུས་རྩུབ་ཁྲག་དང་ཁུ་བ་ཟད་པ་དང་།  སྟོབས་ཆུང་རྒས་དང་མྱ་ངན་སེམས་ལས་ཆེ། མིག་འགྲིབ་གཉིད་མེད་རྩོལ་བས་དུབ་པ་དང་སོགས་རླུང་ནད་ཅན་ལ་བསྟེན་པ་སྟེ། བྱུག་པའི་ཕན་ཡོན་ཚེ་རིང་དབང་བོ་གསལ། ཅེས་པའོ།།

    བོད་སྨན་ཁང་གི་དཔྱད་བཅོས་ཚན་ཁག་ཏུ་ད་དུང་ཁྱད་ཆོས་ལྡན་པའི་གསོ་ཐབས་ལུམས་དང་ཐུར་མ། ཏེལ་བ།  སྤྲ་ལྡན་གསེར་ཁབ། དངུལ་ཁབ། མེ་བུམ། རྭ་འཇིབ་སོགས་ནད་དང་བསྟུན་ནས་བཀོལ་སྤྱོད་བྱེད་ནས་རྒྱ་ཆེར་ནད་པ་རྣམས་ལ་སྔར་ན་མེད་པའི་མཐུན་རྐྱེན་བཟང་བོ་ཞིག་བསྐྲུན་ ཡོད།  གང་ཞིག་“ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་། ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ཏེ།”ཞེས་པ་ཇི་བཞིན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།