དབུ་ཤོག>བོད་ལུགས་གསོ་རིག
  • གནམ་ལྷ་མཁར།

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     སྤེལ་དུས།  2016-06-08

    4-1.jpg

    གནམ་ལྷ་མཁར་ལགས་ནི་རེབ་གོང་གསེར་མོ་ལྗོངས་ཧོར་སྙན་བཟང་ཨ་བག་སྡེ་བར་སྐྱེས་ཤིང་ལོ་དྲུག་ནས་བོད་ཡིག་ཀློག་འདོན་བསླབ་པ་དང་། རྨ་ལྷོ་དགེ་ཐོན་སློབ་གྲྭར་དམའ་འབྲིང་དང་མཐོ་འབྲིང་འགྲིམས། རོང་བོ་དགོན་ཆེན་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་དུ་ཚད་མ་རིག་པ་དང་ནང་དོན་རིག་པ་སྤྱི་ལ་སློབ་གཉེར་བྱས། སྤྱི་ལོ༡༩༨༤ལོར་བོད་ལྗོངས་བོད་སྨན་ཆེད་ལས་སློབ་གྲྭར་ཞུགས་ཤིང་། སྤྱི་ལོར༡༩༨༨ལོར་སློབ་མཐར་ཕྱིན་རྗེས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ལས་བགོས་བྱས། སྤྱི་ལོ༡༩༩༥ལོ་ནས་སྤྱི་ལོ༡༩༩༧ལོར་མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་དུ་སློབ་གཉེར་བྱས། དགེ་བའི་བཤེས་གཉེན་མཁས་དབང་བྱམས་པ་འཕྲིན་ལས་དང་ཁྲོ་རུ་ཚེ་རྣམ། ཚུལ་ཁྲིམས་རྒྱལ་མཚན་རྣམས་ཀྱི་མདུན་སར་དཔལ་ལྡན་རྒྱུད་བཞི་དང་གཡུ་ཐོག་སྙིང་ཐིག། མན་ངག་ལྷན་ཐབས། མན་ངག་བཀའ་བརྒྱ་མ་སོགས་ཀྱི་དབང་ལུང་མན་ངག་གི་གདམས་པ་བུམ་པ་གང་བྱོས་ཚུལ་དུ་གསན། སྤྱི་ལོ༢༠༠༧ལོར་མཚོ་སྔོན་ཞིང་ཆེན་སྨན་པ་མིང་གྲགས་ཅན་གྱི་ཐོབ་ཐང་གནང་། སྤྱི་ལོ༢༠༡༤ལོར་རྒྱལ་ཁབ་རིམ་པའི་ཆེད་མཁས་པ་རྒྱལ་ཡོངས་ཀྲུང་ལུགས་(བོད་ལུགས་)གསོ་རིག་གི་སྨན་པ་བགྲེས་རབས་མིང་གྲགས་ཅན་ཕྱག་རྒྱུན་བརྒྱུད་སྤེལ་ཆེད་མཁས་པའི་ཐོབ་ཐང་བླངས། སྤྱི་ལོ༢༠༡༥ལོར་འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ལས་འཛིན་དུ་བསྐོས། ལོ་མང་པོའི་ནད་ཐོག་ལག་ལེན་དང་རིག་པའི་གཞུང་ལུགས་ལ་ཉམས་ཞིབ་གང་མང་མཛད་པས་རྒྱལ་ནང་དང་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་གང་མང་སྟེང་ཞུགས་ཏེ་དཔྱད་རྩོམ་སྒྲོགས་སྦྱང་བྱས།

    4-2.jpg

    ཨ་རི་དང་ཨུ་རུ་སུ། འབྲུག་རྒྱལ་ཁབ་སོགས་ཀྱི་གསོ་རིག་སློབ་གླིང་ཁག་གི་གདན་ཞུས་ལྟར་དེ་གའི་ཕྱི་གླིང་བར་བོད་ཀྱི་གསོ་རིག་འཆད་ཁྲིད་དང་ནད་པ་མང་པོས་ནད་ཀྱི་སྡུག་བསྔལ་བསལ་བས་གདུལ་བྱ་ཆེས་ཆེར་རྒྱས། ཀྲུང་གོ་བོད་ཀྱི་ཤེས་རིག་དང་བོད་ལྗོངས་ཞིབ་འཇུག་སོགས་ཀྱི་སྟེང་དཔྱད་རྩོམ༢༠ལྷག་སྤེལ།

    རྒྱུན་ལྡན་བྱ་བའི་ཁྲོད་སྨན་ཁང་རང་གི་ཁྱིམ་དང་ནད་པ་རང་གི་བུ་ཚའི་འདུ་ཤེས་བཟུང་སྟེ་བལྟ་རེག་དྲི་གསུམ་གྱིས་བརྟག་དཔྱད་དང་བློ་གཟུ་བོས་རིག་པའི་གཞུང་ལུགས་དང་ནད་ཐོག་ལག་ལེན་ཟུང་འབྲེལ་བྱས་ཤིང་། ཁྱད་པར་རྩ་ལ་བརྟག་པ་དེང་རབས་དཔྱད་ཆས་ཀྱིས་བརྟག་པ་དང་ཁྱད་ཡེ་ནས་མེད་པས་ཕྱི་གླིང་བས་ཀྱང་ཡ་མཚར་བའི་ཚད་དུ་བྱེད། ཁོང་ནི་ཕོ་རྒྱུ་ཚན་ཁག་གི་རིག་ཚན་སྣེ་འཁྲིད་པ་དང་། ནད་རིགས་སྣ་ཚོགས་གསོ་བར་མཁས་ཤིང་ཁྱད་པར་མ་ཞུ་བ་དང་བད་ཀན་མིད་འཆུས། ཕོ་རུབ། བད་ཀན་སྨུག་པོ། བད་ཀན་སེར་པོ། རྒྱུ་རྒན་ནད། ཕོ་བ་དང་མིད་པ་རྒྱུ་ལོང་གཞང་གི་སྐྲན་ནད་དང་འབྲས་ནད་རིགས། སྙིང་ཁམས་དང་སྲོག་རྩའི་ནད། ཀླད་གཟེར། བརྒྱལ་གཟེར། གཟའ་གྲིབ་ནད། ཁྲག་རླུང་སྟོད་འཚང་། ངན་ཁྲག་རྒྱས་པའི་ནད། གློ་རླུང་ནད། ཐེས་པོ། མཆིན་ནད་ལྡེམ་བུ། མཆིན་ནད་དུག་ཐབས། མཆིན་པའི་ཟགས་ཆུ། མཆིན་འབྲས། མཁལ་ཚད། མཁལ་མའི་ཟགས་ཆུ། ལྒང་བའི་ནད། ཟུངས་ཁྲག་ཞན་པ། གཅིན་སྙིའི་ནད། མོ་ནད་ཁྲག་ཚབས། རླུང་ཚབས་སོགས་གསོ་བར་ཟབ་ཁྱད་ཀྱི་མན་ངག་ལྡན་པས་གཞན་ལས་དྲག་བསྐྱེད་ཀྱི་ནུས་པ་འབུར་དུ་དོན་ཞིང་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་བསྔགས་བརྗོད་ཀྱི་མཚན་སྙན་ཀུན་ལ་གྲགས། ནད་གཞི་སྔོན་འགོག་དང་ལུས་ཁམས་བདེ་བསྲུང་། འཕྲོད་བསྟེན་ཤེས་བྱ་སོགས་ཁྱབ་བསྒྲགས་སྣེ་ཁྲིད་དང་། གཏར་བསྲེག་དང་དུགས་ལུམས། བྱུགས་སྦྱོངས་སོགས་ཀྱི་ཟབ་གནད་སྐོར་ནད་ཐོག་དམར་ཁྲིད། སྨན་གྱི་ཁ་ཚར་གདབ་ཚུལ་སོགས་སློབ་བུ་དག་ལ་ཕངས་མེད་སྦྱིན། ཞིབ་འཇུག་བྱ་གཞིའི་སྐོར་ལ༢༠༠༤ལོར་རྒྱལ་ཁབ་རིམ་པའི་བོད་སྨན་གནའ་དཔེ་ལེགས་སྒྲིག་གི་ཞིབ་འཇུག་རྣམ་གྲངས་ནང་ཞུགས་ཏེ་ལེགས་འགྲུབ་ཀྱིས་ཞིབ་འཇུག་སྔོན་ཐོན་མི་སྣར་བདམས། ལོ་ལྔའི་འཆར་བཀོད་བཅུ་གཅིག་པའི་རྒྱལ་ཁབ་རིམ་པའི་ཚན་རྩལ་འདེགས་སྐྱོར་རྣམ་གྲངས་“བོད་སྨན་གྱིས་ཕོ་རུབ་ནད་ལ་ནད་ཐོག་གསོ་བཅོས་བྱས་པའི་དྲག་བསྐྱེད་གདེང་འཇོག་ཞིབ་འཇུག་”དང་། མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་“དུས་རབས་ཉེར་གཅིག་པར་གཞོལ་བའི་དངོས་གཞིའི་སློབ་ཚན་བསླབ་གཞི་”ཕྲེང་བསྟར་བསླབ་གཞིའི་རྩོམ་འབྲི་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་མང་པོར་ཞུགས་ཏེ་ཕུལ་དུ་བྱུང་བའི་འབྲས་བུ་གཡུར་ཟ་བ་བླངས་ཡོད།

    ལས་ཞུགས་དུས་ཚོད་གཟའ་ཟླ་བ་ནས་གཟའ་སྤེན་པའི་བར།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།