མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཀླད་སྙིང་ཚན་ཁག་ནི་༢༠༠༥ལོར་རྒྱལ་ཁབ་རིམ་པའི་སྨན་རྫས་བལྟ་ཞིབ་དོ་དམ་ཅུས་ཆོག་མཆན་ལྟར། ཀླད་པ་དང་ཁྲག་རྩའི་ནད་ཀྱི་སྨན་རྫས་ནད་ཐོག་ཚོད་ལྟའི་ལྟེ་གནས་སུ་གཏན་ཁེལ་ཟིན་པ་དང་ཆབས་ཅིག ༢༠༠༧ལོར་མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་ཚན་ཁག་གི་གྲས་སུ་འདེམས། རིམ་གྱིས་རྒྱལ་ཁབ་རིམ་པའི་གནད་ཆེའི་ཚན་ཁག་ཏུ་འདེམས་སྒྲུག་བྱས་ཤིང་དེའི་ཐད་ཀྱི་ལས་གཞི་རྣམ་གྲངས་གང་མང་ཞིག་ལག་བསྟར་བྱེད་མུས་སུ་མཆིས།
ཚན་ཁག་འདི་རུ་གཙོ་བོ་སྙིང་འཕྱོས་དང་ཁྲག་རླུང་སྟོད་འཚངས། ཁྲག་ཤེད་མཐོ་བ། སྙིང་ཚད། སྙིང་འཐིབས། གཞོགས་ཕྱེད་མཉམ་པ། ཁྲག་གྲིབ། རླུང་གྲིབ། ཀླད་འཁྱོམས། ཀླད་འཁུམས། ཀླད་སྐྱིའི་གཉན་ཚད་སོགས་གསོ་བཅོས་བྱེད་གྱིན་ཡོད།
ཀླད་སྙིང་ཚན་ཁག་གི་དཔྱད་ལ། མེ་བཙའ་དང་གཏར་ག བཅིང་ལུམས། སྤྲ་ལྡན་གསེར་ཁབ། མེ་བུམ་དང་ར་འཇིབ་སོགས་བསྟེན་པ་ལས་གཞན། བཅིང་ལུམས་དང་བསྐུ་མཉེའམ་བྱུག་ཀྱང་བྱེད་བཞིན་ཡོད།
ཚན་ཁག་འདིའི་སྨན་པ་རྣམས་ཀྱིས་ལོ་དུ་མའི་རིང་གི་ཧུར་བརྩོན་བརྒྱུད། བོད་སྔ་རབས་པའི་སྨན་ཡིག་དང་ཉམས་མྱོང་གཞིར་བཅས་ཏེ་ཀླད་འཁྱོམས་ལ་མེ་བཙས་བཅོས་པ་དང༌། གཏར་དང་ཁོང་སྨན་ཟུང་འབྲེལ་སྒོས་སྙིང་རླུང་གསོ་བ། གསེར་དེལ་དངུལ་དེལ་གྱི་ནད་ཐོག་ཕན་སྐྱེད་བཅས་ལ་ཞིབ་འཇུག་བྱས་པས་གསོ་བཅོས་ཐད་ཀྱི་ཕན་ནུས་མངོན་གསལ་ལྡན་ཞིང་རིག་གཞུང་ཡར་སྐུལ་གྱི་ནུས་པ་བླ་མེད་འདོན་བཞིན་ཡོད། །