དབུ་ཤོག>བོད་ལུགས་གསོ་རིག
  • ཕོ་མཆེར་ཚན་ཁག

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     སྤེལ་དུས།  2016-06-08

    ཕོ་མཆེར་ཚན་ཁག་གི་གནས་ཚུལ་མདོར་བསྡུས།

    མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཕོ་མཆེར་ཚན་ཁག་བཙུགས་ནས་ལོ་ངོ་བཅུ་དྲུག་ལྷག་འགོར་བ་དང་།  ཚན་ཁག་འདི་ནི་སྨན་ཁང་འདིའི་ཚན་ཁག་ཆེ་གྲས་ཤིག་ཡིན་པ་མ་ཟད། ནད་ཐོག་ལག་ལེན་དང་གསོ་རིག་ཞིབ་འཇུག་གཉིས་གཅིག་ཏུ་སྦྲེལ་བའི་རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་ཁག་དང་རྒྱལ་ཁབ་ཀྲུང་སྨན་དོ་དམ་ཅུའུ་ཡི་གཙོ་གནད་ཚན་ཁག  རྒྱལ་ཁབ་རིམ་པའི་སྨན་རྫས་གསར་བ་ནད་ཐོག་ཞིབ་འཇུག་གི་ཚན་ཁོངས།  མཚོ་སྔོན་ཞིང་ཆེན་གྱི་མིང་དུ་གྲགས་པའི་ཚན་ཁག་བཅས་ཡིན།  ཚན་ཁག་འདིར་མི་སྣ་སུམ་ཅུ་སོ་གསུམ་ཡོད།  དེའི་ཁྲོད་དུ་འབུམ་རམས་སྨན་པ་གཉིས།  འབུམ་རམས་གཞོན་པ་གསུམ། རབ་འབྱམས་སྨན་པ་དྲུག  དཀའ་བཅུ་བ་དྲུག  སྨན་ཞབས་མ་བཅུ་བདུན་ཡོད།  བརྟག་ཆས་རིགས་ལ་ཕོ་ཤེལ་དང་རྒྱུ་ཤེལ།  སྙིང་རིས་བརྟག་ཆས་སོགས་རྒྱལ་ཁབ་ཕྱི་ནང་དུ་ཆེས་སྔོན་ཐོན་ཡིན་པ་བཅས་གསོ་བཅོས་མ་ལག་ཆ་ཚང་ཞིག་ཏུ་གྲུབ་ཡོད།

    ཚན་ཁག་འདིའི་ནང་དུ་ཕོ་མཆེར་རྒྱུ་ལོང་གཞང་སོགས་ཀྱི་རྒྱུན་མཐོང་ནད་རིགས་གཙོ་བྱས་འབྱུང་སླ་ཞིང་བཅོས་དཀའ་བ།གཞན་གྱིས་བཅོས་རྡུགས་པའི་ནད་རིགས་སྣ་ཚོགས་ལ་བརྟག་བཅོས་བྱས་དང་བྱེད་བཞིན་ཡོད། ལོ་ངོ་དུ་མའི་རིང་གི་གསོ་བཅོས་ཉམས་མྱོང་བརྒྱུད་དུས་ད་ཆར་རང་གསོ་རིག་གཞི་བརྟན་བྱས་པའི་གསོ་བཅོས་མ་ལག་ཚད་ལྡན་ཞིག་གྲུབ་ཡོད་པ་ལ་ཞིང་ཆེན་ཕྱི་ནང་དང་སྨན་ཁང་། རྒྱ་ཆེའི་དམངས་ཚོགས་བཅས་ནས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།

    རང་ཞིང་ཆེན་ནི་ས་གནས་དང་འཚོ་བའི་གོམས་གཤིས་དབང་གིས་འཇུ་བྱེད་མ་ལག་གི་ནད་འབྱུང་མང་སའི་ས་གནས་ཤིག་ཡིན་སྟབས། ཕོ་མཆེར་ཚན་ཁག་ནས་མ་ཞུ་བ་དང་བད་ཀན་མིད་འཆུས། བད་ཀན་སྨུག་པོ། བད་ཀན་སེར་པོ། ཕོ་བ་དང་མིད་པ།  རྒྱུ་མ།  ལོང་།  གཞང་བཅས་ཀྱི་འབྲས་སྐྲན།ཟས་སྐྲན།ཕོ་རྒུད། མཆེར་རླུང་། མཆེར་སྦོས། རྒྱུ་རྒན། རྒྱུ་རླུང་།  ལོང་སྨུག རྒྱུ་གཟེར། གཞང་འབྲུམ། གཞང་སྲིན་སོགས་ཀྱི་གསོ་བཅོས་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ཡོད།  མ་ཟད་སྔོན་འགོག་དང་འཕྲོད་བསྟེན་ཤེས་བྱ་ཁྱབ་བསྒྲགས་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་པ་དང་། བོད་ཕྱི་ཟུང་འབྲེལ་གྱིས་ནད་གཞི་ངོས་འཛིན་དང་གསོ་བཅོས་བྱེད་པ།  གཏར་བསྲེག་དུགས་ལུམས་བྱུག་པ། སྦྱོངས།  ལུས་སྟོབས་གསོ་བ།  ཁ་ཟས་བསྡམ་ཚུལ་སོགས་ཀྱི་དཔྱད་བཅོས་ནད་ཐོག་དངོས་སུ་ལག་ལེན་བྱེད་བཞིན་པ། གཞན་རང་ཚན་ཁག་ཏུ་སྨན་གྱི་ཁ་ཚར་སྣ་ཚོགས་དང་ཁྱད་འཕགས་སྨན་སྣ་སྦྱོར་སྡེབ། ནད་ཐོག་ཞིབ་འཇུག་གང་མང་བྱས་པ་བཅས་ཆེད་བཅོས་ཚན་ཁག་གི་ཁྱད་ཆོས་འབུར་དུ་ཐོན་པ་དང་གསོ་བཅོས་འབྲས་བུ་ལེགས་པ་ལ། ལོ་རེར་བོད་དང་རྒྱ།  སོག་པོ།  ཁ་ཆེ་བཅས་ནད་པ་ཆིག་ཁྲི་ལྷག་ན་བའི་སྡུག་བསྔལ་དང་འཆི་བའི་འཇིགས་པ་ལས་བསྐྱབས་དང་སྐྱོབ་བཞིན་ཡོད། སྤྱི་ལོ་༢༠༠༠ལོར་ཞིང་ཆེན་རིམ་པའི་ཚན་ཁག་མིང་གྲགས་ཅན་དང་།  སྤྱི་ལོ་༢༠༠༧ལོར་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་བཅོས་ཚན་ཁག  སྤྱི་ལོར་༢༠༡༣ལོར་རྒྱལ་ཁབ་རིམ་པའི་ནད་ཐོག་གཙོ་གནད་ཆེད་བཅོས་ཚན་ཁག་བཅས་ཀྱི་གཟེངས་རྟགས་ཐོབ།  གཞན་ཆེད་རྩོམ་ལྔ་དང་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཡོད།

    རང་ཚན་ཁག་གིས་ལོ་ངོ་དུ་མའི་རིང་གི་གསོ་བཅོས་ཉམས་མྱོང་ཕྱོགས་སྡོམ་བྱས་པ་བརྒྱུད་ནད་སྣ་གསུམ་སྟེ་ཕོ་རུབ་དང་།  ཕོ་སྨུག  རྒྱུ་རྒནབཅས་ལ་གདེངས་ཐོབ་གསོ་བཅོས་རྩ་དོན་གཏན་ལ་ཕབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།