དབུ་ཤོག>བོད་ལུགས་གསོ་རིག
  • རླུང་ནད་གྲིབ་རིགས་ཚན་ཁག

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     སྤེལ་དུས།  2016-06-08

    གཅིག  ཚན་ཁག་ངོ་སྤྲོད།

    མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རླུང་ནད་གྲིབ་རིགས་ཚན་ཁག་ནི་རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུའུ་ཡིས་རྒྱལ་ཁབ་རིམ་པའི་གཙོ་གནད་ཚན་ཁག་ཏུ་ཆོག་མཆན་གནང་བ་དང་། བོད་ཀྱི་གསོ་རིག་གི་ཁྱད་ཆོས་དང་ལྡན་པའི་ཚན་ཁག་གསར་བ་ཞིག་ཡིན་ལ།   ཚན་ཁག་འདིས་བོད་ཀྱི་གསོ་བ་རིག་པའི་རིགས་ལམ་རླུང་ནི་ནད་རྣམས་ཀུན་གྱི་སྣ་འདྲེན་དང་མཇུག་སྡུད། ཚ་གྲང་ཟུང་འཇུག  རླུང་སེམས་དབྱེར་མེད།   སྙིང་སྲོག་རླུང་ལ་རླུང་ཉིད་གཙོ་བོར་བཟུང་།རླུང་ཤུགས་ཆེན་པོ་ལས་གཟའ་དང་གཟའ་ཤུགས་ཆེན་པོ་ལས་གྲིབ་སོགས་ལ་གཞི་བཅོལ་ནས་འགྲོ་དྲུག་གཙོ་གྱུར་མིའི་ལུས་སེམས་གཉིས་ཀྱི་ནད་ལ་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་ཁྱད་ཆོས་གཞི་རྟགས་གསོ་བ་གསུམ་གྱི་ཐབས་ལམ་རྩལ་དུ་བཏོན་ནས་དེང་རབས་གསོ་རིག་གི་ཟུར་བརྒྱན་པ་དང་། གསོ་བཅོས་ཀྱི་ནད་རིགས་གཙོ་བོ་རླུང་ནད་ལས་སྙིང་རླུང་དང་སྲོག་རླུང་། གཉིད་ཡེར་བ་སོགས་དང་། གྲིབ་རིགས་སེམས་ལ་གནས་པ་སྨྱོ་བྱེད་དང་བརྗེད་བྱེད་བཅས་ལ་གཉེན་པོ་སྤྱོད་ལམ་ཟས་སྨན་དང་དཔྱད་གཏར་བསྲེག་དང་བྱུག་དུགས།  རྩ་སྦྱོང་དང་རླངས་ལུམས།  ཧོར་མེ་དང་གཅོང་མེ།  རྡོ་རྗེ་དབྱུག་པ། རྫ་མེ་འཕྲུལ་འཁོར། ཐུར་མ་དང་ཏེལ་བ། སྤྲ་ལྡན་གསེར་ཁབ་སོགས་ཀྱི་ཐབས་སྤྱད་པ་དང་།  སེམས་ཁམས་ཐ་མལ་དུ་གནས་བར་བློ་སྦྱོང་དང་སྒོམ་རྒྱག་པ་བཅས་མཛོ་ཁལ་ལུག་ཁལ་གྱི་སྒོ་ནས་གཉེན་པོ་བསྟེན་ཏེ་ནད་ཀྱི་ཟུག་རྔུ་ལས་གྲོལ་བར་འབད་བཞིན་ཡོད།

    འབྲེལ་གཏུགས་ཁ་པར།  ༠༩༧༡-༨༢༠༠༩༢༡

    གཉིས།  ཁྱད་པར་གྱི་བཅོས་ཐབས།

    ཚན་ཁག་འདིའི་སྨན་པ་རྣམས་ཀྱིས་ལོ་ངོ་དུ་མའི་རིང་གི་ཧུར་བརྩོན་བརྒྱུད་བོད་སྔ་རབས་པའི་སྨན་ཡིག་དང་ཉམས་མྱོང་ཕྱོགས་སྡོམ་སྒོས་ཁྱད་པར་གྱི་ལག་ཐབས་གཏར་བསྲེག་དང་བྱུག་དུགས།  རྩ་སྦྱོང་དང་རླངས་ལུམས།  ཧོར་མེ་དང་དྲོད་དུགས།རྡོ་རྗེ་དབྱུག་པ། རྫ་མེ་འཕྲུལ་འཁོར། ཐུར་མ་དང་ཏེལ་བ། སྤྲ་ལྡན་གསེར་ཁབ་སོགས་སྤྱད་པ་དང་།  སེམས་ཁམས་ཐ་མལ་དུ་གནས་བར་བློ་སྦྱོང་དང་བཅས་མཛོ་ཁལ་ལུག་ཁལ་གྱི་སྒོ་ནས་གཉེན་པོ་བསྟེན་ཏེ་ནད་ཀྱི་ཟུག་རྔུ་ལས་གྲོལ་བར་འབད་བཞིན་ཡོད།

    གསུམ  གསོ་བཅོས་ནད་རིགས།

    གཙོ་བོ་སྙིང་རླུང་དང་སྙིང་འཕྱོས། སྲོག་རླུང་། གཉིད་ཡེར་བ། བརྒྱལ་གཟེར། སྨྱོ་བྱེད། བརྗེད་བྱེད་བཅས་ལ་གསོ་བཅོས་བྱེད་བཞིན་ཡོད།

    བཞི་པ། སྨན་པའི་དཔུང་སྡེ།

    བསོད་ནམས་ཚེ་བརྟན།  སྨན་པ་འབུམ་རམས་གཞོན་པ།  རབ་འབྱམས་བསླབ་གནས།  ལོ་ངོ་༢༠རིང་གི་ནད་ཐོག་ཉམས་མྱོང་ལྡན་ཞིང་ཁྱད་པར་དུ་སྲོག་རླུང་། སྙིང་འཕྱོས། གཟའ་གྲིབ། བརྒྱལ་གཟེར། མགོ་གཟེར།  སྨྱོ་བྱེད་བཅས་ལ་གསོ་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།

    བསོད་ནམས་སྒྲོལ་མ། སྨན་པ་འབུམ་རམས་གཞོན་པ། རབ་འབྱམས་བསླབ་གནས།  ཚན་ཁག་གི་འགན་འཛིན།   སྙིང་རླུང་དང་བརྒྱལ་གཟེར།  སྲོག་རླུང་།  སྨྱོ་བྱེད་དང་རྩ་དཀར་གྱི་ནད་བབས་དང་བསྟུན་ནས་སྨན་གྱི་ཁ་ཚར་དང་ཁ་བསྒྱུར་གྱི་ལག་ལེན་ཡོད་ལ།  སྤྲ་ལྡན་གསེར་ཁབ་དང་རྡོ་རྗེ་དབྱུག་པ།  དྲོད་དུགས་ཀྱི་གསོ་བཅོས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།

    པདྨ་ཚེ་རིང་།  སྨན་པ་རབ་འབྱམས་པ།  གསོ་བཅོས་ཐད་སྲོག་རླུང་དང་སྙིང་རླུང་།  སྙིང་འཕྱོས། བརྒྱལ་གཟེར། རྩ་དཀར་གྱི་ནད་བཅས་ལ་སྨན་དཔྱད་ཟུང་འབྲེལ་སྒོས་གསོ་བཅོས་ཉམས་མྱོང་བཟང་བོ་ལྡན།

    ཕུན་ཚོགས་བཀྲ་ཤིས། སྨན་པ་དཀའ་བཅུ་བ། སྙིང་འཕྱོས། སྲོག་རླུང་། གཉིད་ཡེར་བ་དང་བརྒྱལ་གཟེར་བཅས་ལ་གསོ་བཅོས་ཀྱི་ཉམས་མྱོང་ལྡན།

    རྡོ་རྗེ་དོན་འགྲུབ།  སྨན་པ་དཀའ་བཅུ་བ། སྙིང་རླུང་།  སྲོག་རླུང་། གཉིད་ཡེར་བ་དང་སྙིང་ཚབས་བཅས་ལ་གསོ་བཅོས་ཀྱི་ཉམས་མྱོང་ལྡན།  

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།