དབུ་ཤོག>བོད་ལུགས་གསོ་རིག
  • བསྟན་པ་སྔ་དར་ཡན་ལ་སྨན་དཔྱད་བྱུང་ཚུལ།

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     སྤེལ་དུས།  2016-06-07

    བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙུན་ཡན་ཆད་ལ་བོད་ལ་ཡི་གེ་མེད་པས་སྨན་དཔྱད་ཀྱི་གཞུང་ལུགས་ལ་བརྟེན་ནས་བརྟག་ཚུལ་དང་།གསོ་ཐབས་ཤེས་པའི་སྨན་པ་མེད་ཀྱང་།སྤྱོད་ལམ་བཟང་བཏུང་གི་ཕན་གནོད་རགས་པ་ཙམ་ཤེས་པ་དང་།དེ་ལྟ་བུའི་རིག་པའི་རྗེས་སུ་དཔག་པའི་རྫས་རེ་རེ་གཉིས་གཉིས་ཙམ་དང་།དཔྱད་ཕྲ་མོའི་སྒོ་ནས་ཕན་འདོགས་པར་བྱེད་པ་ནི་ཐོག་མར་ནས་བྱུང་ཡང་དེ་འདྲ་ལ་སྨན་དཔྱད་ཤེས་པའི་ཐ་སྙད་མ་གྲུབ་པའི་ཕྱིར་རོ།།དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་འཇམ་དབྱངས་ཐུ་མི་སམྦྷོ་ཊས་ཡི་གེའི་སྲོལ་གཏོད།རྒྱ་མོ་བཟའ་འུན་ཤིང་ཀོང་ཇོས་བསྣམས་བྱོན་པའི་སྨན་ལུང་ཆེན་མོ་ཞེས་བྱ་བ་ཧྭ་ཤང་མ་ཧྭ་བ་དེ་བ་ཞེས་པ་དང་།རྡརྨ་ཀོ་ཥ་གཉིས་ཀྱིས་བོད་སྐད་དུ་ཕབས།དེ་རྗེས་ཆོས་རྒྱལ་གྱི་བཀས་རྒྱ་གར་གྱི་སྨན་པ་བྷ་ར་རྦྷ་ཛ་དང་།རྒྱ་ནག་གི་སྨན་པ་ཧན་ཝན་ཧང་དང་སྟོད་ཕྱོགས་ཏ་ཟིག་གི་སྨན་པ་གེ་ལེ་ནུས་ཞེས་པ་གསུམ་སྤྱན་དྲངས་ནས་རྒྱ་གར་གྱི་སྨན་པས་འབུ་ཤག་མ་བུ་ཆེ་ཆུང་དང་སྦྱོར་བ་མར་གསར།རྒྱ་ནག་གི་སྨན་པས་རྒྱ་དཔྱད་ཐོར་བུ་ཆེ་ཆུང་།ཏ་ཟིག་གི་སྨན་པས་མགོ་སྔོན་བསྡུས་པ་དང་དེ་འོག་རྨ་བྱ་ནེ་ཙོ་གསུམ་གྱི་དཔྱད་རྣམས་དོན་འགྱུར་བྱས་ནས།གསུམ་ག་བགྲོས་ཏེ་བསྡོམ་པའི་མི་འཇིག་པའི་མཚོན་ཆ་ཞེས་བྱ་བ་བམ་པོ་སོ་བདུན་ཡོད་པ་བརྩམས་ནས་རྒྱལ་པོ་ལ་ཕུལ།དེ་ལ་ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན།།སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ།།བདག་དང་གཞན་ལ་ཕན་པར་མི་ནུས་པས།།བར་སྣང་ཁམས་ལ་ཇི་ལྟར་མཐོ་བསྙབ་བཞིན།།བྷ་ར་ངྷྭ་ཛ་དྲང་སྲོང་ཆེན་པོ་དང་།།ག་ལེ་ནུས་ནི་རྒྱལ་ཚབ་ཐུ་བོ་དང་།།ཧན་ཝན་ཧང་དེ་ས་བདག་དབང་བསྐུར་བ།།འཕྲུལ་ཆེན་གསུམ་པོ་བདུད་རྩི་བུམ་པར་བསྔགས།།ཞེས་གསོ་དཔྱད་ཐམས་ཅད་ལུང་སྡེ་གསུམ་དུ་བསྡུས་ནས་འཆད་དོ།།དེ་ནས་གཞན་གཉིས་རང་ཡུལ་དུ་ལོག་ཅིང་།ག་ལེ་ནུས་བླ་སྨན་བཞུགས་ཤིང་།ཁབ་བཞེས་པ་ལས་རུས་མིང་བསྒྱུར་ནས་མཛོ་ར་ཞེས་བྱ་བར་གྲགས་པར་སྣང་།དེས་རིགས་ངན་པ་བརྟུགས།འཇང་།སྣེགས།དམངས་ཞེས་པ་བཞི་སྨན་དཔྱད་སློབ་ཏུ་བཅུག་ནས་རིགས་བཟང་ངན་མེད་པའི་མི་ནད་པ་འཆོས་ཤིན་ཏུ་ཅེས་དང་།མིང་འཚོ་བྱེད་སྨན་པར་བཏགས།གཙིགས་ཆེན་པོའི་རྒྱུ་ནོར་དགུ་ཚན་དང་ཕྲན་བུ་གསུམ་སྟེ་བཅུ་གཉིས་གནང་ཞེས་གྲགས་སོ།།དེ་ནས་མེས་ཨེག་ཚོམ་ཅན་གྱི་སྲས་ལྗང་ཚ་ལྷ་དབང་གི་བཙུན་མོ་གྱིམ་ཤང་ཀོང་ཇོ་བླངས་པས་རྩིས་དང་སྨན་དཔྱད་ཁྱེར་བྱུང་པ་ཧྭ་ཤང་མ་ཧ་ཀྱིན་ད་དང་།རྒྱ་ཕྲུག་གར་མཁན།ཁྱུང་པོ་ཙི་ཙི།ཁྱུང་པོ་དམ་ཚུག་ཅོག་ལ་སྨེན་འབར་ཞེས་བྱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་ཞིང་།དེའི་སྐབས་སུ་སྨན་པ་དེ་དག་གིས་སྨན་དཔྱད་བོད་དུ་སྔར་བསྒྱུར་བ་རྣམས་དང་།གསར་དུ་བསྒྱུར་བ་ཚང་མའི་དོན་སྙིང་པོ་བླངས་ནས།གསོ་དཔྱད་སོ་མ་རཱ་ཛ་ཟླ་བའི་རྒྱལ་པོ་ཞེས་པ་ལེའུ་བརྒྱ་དང་བཅོ་ལྔ་པ་བརྩམས་སྣང་།འདི་ཀླུ་སྒྲུབ་ཀྱིས་མཛད་པ་རྒྱ་གར་ནས་འགྱུར་སོགས་བཤད་པ་དང་།འཇམ་དབྱངས་ཀྱིས་གསུངས་པ་རྒྱ་ནག་ནས་བསྒྱུར་ཅེས་པ་སོགས་འདོད་ནའང་།དོན་བཤད་མ་ཐག་པ་བོད་དུ་བརྩམས་པར་ངེས་སོ།།ཡང་དེ་ཚེ་ཁྲོམ་གྱི་ཡུལ་ནས་བི་ཇི་ཙན་པ་ཤི་ལ་ཧས་བྱ་བ་སོགས་སྨན་པ་མང་པོ་བོས།ཉམས་སད་པའི་ཕྱིར་རྒྱལ་པོ་བསྙུན་བརྫུ་བཏབ་སྟེ་ཕོ་བྲང་ཁང་ཐང་ཀ་མེ་ནང་དུ་བཞུགས་ནས་སྨན་པ་རྣམས་སྒོར་བཞག་སྟེ་ཁྱེད་རྣམས་གསོ་བ་རིག་པ་ལ་མཁས་ཤིང་གྲགས་པ་དང་ལྡན་པ་ཡིན་པས་རྩ་ལག་པས་བལྟ་བར་ངོ་མཚར་མི་ཆེ་བས་རྒྱལ་པོའི་ཕྱག་ལ་དར་སྐུད་བཏགས་པ་ལ་གཟིགས་ཤིག་ཟེར།བྱ་དང་བྱི་ལ་རྒྱལ་པོའི་ཕྱག་རྣམས་ལ་དར་སྐུད་རིམ་བཞིན་བཏགས་ནས་རྟོགས་སུ་བཅུག་པས་ཇི་བཞིན་ཤེས་པར་བྱུང་བས།ཐམས་ཅད་ངོ་མཚར་སྐྱེས།རྒྱལ་པོའི་བཀའ་ལས།ང་ནི་མགོ་ནག་ཡོངས་ཀྱི་ལྷ་ཡིན་ཞིང་།།དེས་ཀྱང་མགོ་རུ་ཁུར་བས་ལྷ་རྗེ་ཐོག།ཞེས་སོགས་ཀྱིས་བཙན་པ་ཤི་ལ་ཧ་བླ་སྨན་དུ་བཀུར་ཏེ་དེ་ལྟ་བུའི་བི་ཇིའི་རིགས་ལས་ལྷ་རྗེ་བརྒྱུད་མར་བྱུང་སྟེ་ཕྱིས་ཀྱི་དིལ་དམར་བ་ཡང་དེ་ཡི་བརྒྱུད་ལས་བྱུང་བར་བཤད།ཁྲོམ་གྱི་སྐད་དུ།དྲུང་ཡིག་ལ་བི་ཤི་ཆེ་ཟེར་བས་དེ་ཟུར་ཆགས་པ་བི་ཇི་ཞེས་གྲགས་སྐད།ཙན་པ་ཤི་ལ་ཧ་དེས་སྔ་ཕྱི་བྱུང་བའི་སྨན་གྱི་ཡིག་ཆ་བླ་དཔྱད་མ་བུ་བཞི་དང་།གཅེས་པའི་བུ་དྲུག བརྟག་ཐབས་ཚོམ་བཞི།གསང་བའི་བུ་བཞི་སོགས་རྒྱས་པ་དང་།འབྲིང་པོ་བེ་བུམ་སྨུག་པོ།བསྡུས་པའི་ཡི་གེ་དམར་ཆུང་སོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཕྱིས་ཟ་འོག་པའི་སྒྲོམ་བུར་བཞུགས་པ་བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ་ཞེས་གྲགས་སོ།།ཡང་དེའི་ཚེ་ཧྭ་ཤང་མ་ཧྭ་དེ་ཝ་དང་།ཁྱུང་པོ་ཙེ་ཙེ་སོགས་ཀྱིས་སྨན་དཔྱད་དུ་མ་བསྒྱུར་ཞེས་བཤད།ཙན་པ་ཤི་ལ་ཧ་བོད་དུ་བཞུགས་ཤིང་བུ་རྒྱུད་བི་ཇི་བྱུང་བ་གོང་དུ་སྨོས་པ་ལྟར་ལ།འགའ་ཞིག་ག་ལེ་ནུས་ཀྱི་བུ་རྒྱུད་ལ་བི་ཇི་བྱུང་བར་བཤད་པ་ནི་ནོར་བ་སྟེ།ཏ་ཟིག་ནི་སྟོད་ཧོར་དུ་གྲགས་པའི་ཡུལ་ཁམས་ཡིན་པས་ནུབ་ཕྱོགས་པ་དང་སྟོད་ཕྱོགས་པ་ཞེས་ཟེར་ལ།ཁ་ཆེའི་སྟོད་བྱང་ཕྱོགས་དང་བོད་ཀྱི་ནུབ་ཏུ་ཡོད་དོ།།ཁྲོམ་ནི་བོད་ཀྱི་བྱང་ཕྱོགས་སོག་པོའི་ཡུལ་ཏེ་སྨན་དཔྱད་ཀྱང་རྒྱ་ནག་ནས་འབྱུང་བས་རྒྱ་ནག་པའི་ལུགས་སུ་གཏོགས་པའི་ཕྱིར་རོ།།ཙན་པ་ཤི་ལ་ཧའི་སློབ་རྒྱུད་གཙོ་བོ་ཞང་དང་སྟོང་དང་བྲང་ཏི་གསུམ་བྱུང་།དེ་གསུམ་གྱིས་མདོ་ཁམས་ཀྱི་སོ་ཁ་ལོ་བཞི་སྲུང་བའི་བྱ་དགའ་ལ་རྒྱལ་པོས་རྒྱུད་ནས་བརྒྱུད་ཀྱི་བླ་སྨན་དུ་དབང་བསྐུར། སྟོང་གཞེར་མེས་པོ་ལ་མགོ་དཔྱད།བྲང་ཏི་རྒྱལ་ཉེ་མཁར་བུ་ལ་བྱང་ཁོག ཞང་ལྷ་མོ་གཟི་ལ་མན་ངག་གི་བཅོས་དང་།རྒྱུན་ཤེས་ཀྱི་མེ་ལོང་།རྒྱས་འབྲིང་བསྡུས་གསུམ་ཡི་གེ་དམར་ཆུང་བཅས་གནང་ཞེས་གྲགས་སོ།།དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་སྲིད་ཐོག་མར་འཛིན་པའི་སྐབས་སུ།རྒྱ་གར་སྨན་པ་བྷརྨ་རཱ་ཛ་དང་།རྒྱ་ནག་ནས་སྨན་པ་མ་ཧྭ་ཀྱིན་ད་བྱ་བ་བྱུང་སྟེ།ཙན་པ་ཤི་ལ་ཧ་དང་གསུམ་ལ་སྤྲུལ་པའི་སྲས་གསུམ་གྲགས་ཏེ།དེ་གསུམ་བགྲོས་ནས་རྒྱལ་ཁམས་གསུམ་པའི་ལུགས་དང་བསྟུན་པའི་སྨན་དཔྱད་ཀྱི་བསྟན་བཅོས་རིན་པོ་ཆེ་སྤུངས་པའི་སྐོར་ཞེས་བྱ་བ་བརྩམས་ནས་རྒྱལ་པོ་ལ་ཕུལ།པོ་ཏི་དེའི་ནང་དུ་གསོ་བ་རིག་པའི་རྩ་བ་ཉི་ཟླའི་འཁོར་ལོ་ལ་ལེའུ་བདུན།ལུས་གནས་ནད་གནས་བཞི་གསུམ་གསོ་ཐབས་ཀྱི་འགྲེལ་པ་གཉིས།ཆུ་བརྟག་གསེར་གྱི་མེ་ལོང་།གདམས་པའི་འཁྲུལ་འཁོར།དངུལ་གྱི་མེ་ལོང་སོགས་མང་པོ་དང་།བཅུད་ལེན།རྩ་དཔྱད་ཁ་དམར་སྨན་ནུས།སྨན་མིང་།འདྲ་ཡིག་དུང་གི་མེ་ལོང་།རོ་སྐོར་ལྕང་ཕྲེང་ཞི་བྱེད།སྣ་བཤལ།སྐྱུགས་བྱེད།བཤལ།འཇམ་རྩི།ནི་རུ་ཧ།ལུམས།བྱུགས་པ།གཏར་ག མེ་བཙའ།དམུ་ཆུ་བཅོས།ཁོང་ནད་སྐོར།ནད་སྤྱི་དང་བྱེ་བྲག་བཅོས་རྣམས་ཡོད་དོ།།དེ་སྐབས་མི་རྟ་མི་དག་གི་ཙནྡྲ་དང་།ཧྭ་ཤང་དེ་བ་བྷོ་བྷི་དག་ཀྱང་བྱུང་ཞིང་།དེ་དག་གི་འགྱུར་ཡིན་ཟེར་བ་ཕུང་པོ་ལྔ་ཡི་ནད་གསོ་བ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་བདུད་རྩི་སྨན་རིན་པོ་ཆེ་གསང་ཏིག་སྒྲོན་མ་ཞེས་བྱ་བ་སོགས་དང་།འཇམ་དཔལ་གྱིས་དྲང་སྲོང་ཉི་མའི་དངོས་གྲུབ་དང་དཀའ་ཐུབ་གཞོན་ནུ་ལ་གསུངས་ཟེར་བའི་གསོ་དཔྱད་འཕྲུལ་གྱི་མཛོད་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་ཨ་རུ་ར་རིགས་བདུན་ལ་དཔེ་བླངས་ནས་ནད་གཞིའི་གནས་ཏེ་རྟགས་སོ་སོར་བཅོས་སོགས་བསྡོམས་པས་པོ་ཏི་གཅིག་དང་།ཕྱག་དོར་གྱིས་གསུངས་ཟེར་བའི་སྨན་ཡང་དག་རྩ་རྒྱུད་ལེའུ་བཞི་བཅུ་རྩ་བཞི་འགྲེལ་པ་ཡན་ལག་སོགས་བྱུང་བར་གྲགས་སོ།།དེ་ནས་ཙན་པ་ཤི་ལ་རང་ཡུལ་དུ་འབྱོན་ཁར་རང་གི་སྲས་ལ་གདམས་པ་བེ་བུམ་ནག་པོའི་སྐོར་གཞལ་ཚད་དང་བཅས་པ་དང་།ཙ་ར་ཀས་མཛད་ཟེར་བའི་དྲང་སྲོང་སྙིང་རྒྱུད།པྲ་ཁྲིད་སྐོར་སོགས་མགོ་བྱང་ཁོག་ཡན་ལག་བཅོས་ཐབས་བི་ཇིའི་པུ་སྟི་ཁ་སེར་དུ་གྲགས་པ་རྒྱལ་པོ་ལ་ཕུལ།ཕྱི་མ་འདི་ལ་རྒྱལ་པོའི་བླ་ཡིག་འོད་འབར་དུ་གྲགས།ཙན་པ་ཤི་ལ་ཧ་འདི་ཁྲི་སྲོང་གི་སྐབས་སུ་ཡོད་པ་ཐང་ཡིག་དུའང་གསལ།གཞན་ཡང་ཧྭ་ཤང་མ་ཤ་སེ་ན་ཙེ་ཏས་རྒྱལ་བློན་དམངས་གསུམ་ལ་གདམས་པ་རྩ་བ་རིན་པོ་ཆེའི་མཛོད་སོགས་ཡིག་སྣ་ཤིན་ཏུ་མང་པོ་བསྒྱུར་ཞེས་བཤད་དོ།།དེ་ནས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྒང་ལ་རྒྱལ་པོའི་བླ་སྨན་དགུ་ཞེས་བྱ་བ་བྱུང་སྟེ།དེའི་རྐྱེན་ནི་སྔ་རབས་པའི་ཁོག་དབུབ་རྣམས་སུ་བོད་འབངས་ལ་ཆེས་དར་མང་འཆི་བདག་ལས་ཀྱང་མ་ཐར་་་་་་ འདུ་བ་འཁྲུགས་པའི་ནད་ཀྱང་མ་སེལ།འཕྲལ་རྐྱེན་གློ་བུར་ཡེ་འདྲོགས་ཀྱང་མ་སེལ་བས་འདི་ལ་ཐབས་ཅི་ཡོད་སོགས་རྗེ་བློན་བཀའ་བགྲོས་ནས་སྨན་པ་རྣམས་སྤྱན་དྲངས་པར་བཤད།དེའང་རྒྱ་ནག་ནས་ཤནྟི་གརྦྷ།ཁ་ཆེ་ནས་གུ་རྱ་བཛྲ།རྒྱ་ནག་ནས་སྟོང་གསུམ་གང་བ།ཧྭ་ཤང་པ་ལ།ཧ་རི་པ་ཏ་དང་གསུམ།སྟོད་ཕྱོགས་ཏ་ཟིག་ནས་ཧ་ལ་ཤནྟི།གྲུ་གུ་ནས་སེང་མདོ་འོད་ཆེན།དོལ་པོ་ནས་ཆོལ་མ་རུ་ཚེ་རིང་།བལ་པོ་ནས་བྷཪྨཱ་ཤི་ལ་རྣམས་བྱུང་།རྒྱལ་བློན་གྱིས་ཕོ་བྲང་དུ་སྣེ་ལེན་གྱ་ནོམ་པ་བྱས།སོ་སོའི་སྐད་ལ་བྱང་བའི་ལོ་ཙཱ་བ་བཞག དེ་དག་གིས་སྨན་དཔྱད་ཕུལ་བས་རྒྱལ་པོ་བསྙུན་གཞི་ལས་དྭངས།ཤནྟི་གརྦྷས་གསེར་སྒྲོམ་སྨུག་པོའི་རྒྱུད་སོགས།རྒྱ་ནག་སྨན་པ་གསུམ་གྱིས་བྱང་ཁོག་དོན་ཁྲོལ་སོགས།ཁ་ཆེའི་སྨན་པས་དཔྱད་འཕྲང་སེལ་བྱེད་སོགས།ཏ་ཟིག་གི་སྨན་པས་མགོ་བཅོས་སོགས།བལ་པོའི་སྨན་པས་སྦྱོར་བ་བརྒྱ་བ་སོགས།དོལ་པོའི་སྨན་པས་འཚོ་འཆི་བརྟགས་པ་སོགས་བསྒྱུར།དེ་ལྟར་མཐའ་བཞི་ནས་བྱོན་པའི་རྒྱལ་པོའི་བླ་སྨན་དགུ་ཞེས་གྲགས་སོ།།དེ་རྣམས་བོད་དུ་བཞུགས་པར་ཞུས་ཀྱང་མ་གསན་པས་བྱ་དགའ་དཔག་མེད་བཅས་རང་རང་ཡུལ་དུ་ལོག་ཞེས་སོ།།དེས་རྗེས་ཀྱི་ལོ་རྒྱུས་ནི་ཀུན་ཁྱབ་རྒྱ་བོས་ཐེང་སླད་མཛད་དོ།།ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་ངེས་པའི་རྟ་དཔྱད་མེ་ལོང་སྐོར་གསུམ་གྱི་ཀླད་དོན་ལས།རྒྱལ་པོའི་ཆིབས་པ་ཤིན་ཏུ་ཐུགས་རྩིས་ཆེ་བ་ཞིག་ནད་ཀྱིས་ཟིན་ཏེ་རྒྱལ་པོའི་བཀའ་ལས།རྟ་ཡི་དཔྱད་པ་ལ་མཁས་པ་ཡོད་རྒུ་ཚོལ་ལ་ཤོག་གསུངས་པས་བློན་པོ་རྣམས་ཀྱིས་རྒྱ་ཡི་སྨན་པ་གྲུ་གུ་ཟེ་ཐོ།ཞང་ཞུང་གི་ཁུ་ལོ་མུ་ཁན།ཧོར་གྱི་མུ་གན་ཁྲི་གཟིགས།བོད་ཀྱི་ཅོང་རོ་མང་པོ་རྗེ།འ་ཞའི་ཐ་ན་ཅུ་སྐྱེས་ཏེ་ལྔ་སྤྱན་དྲངས་ཏེ་སོ་སོས་རྟ་ཡི་ནད་རྐྱེན་སོགས་ངོས་བཟུང་ཏེ་མཛད།ཁྱད་པར་འ་ཞའི་སྨན་པ་ཐ་ན་ཆུ་སྐྱེས་ཀྱིས་སྔོན་གྱི་སྐྱེས་རབས་དང་རྟ་ན་བའི་རྐྱེན་སོགས་བཤད།རྒྱ་ཡི་མེ་བཙའ།ཧོར་གྱི་གཏར་ག ཞང་ཞུང་དང་བོད་ཀྱིས་སྨན་སྦྱོར།འ་ཞས་ཐབས་སྣ་ཚོགས་ཀྱིས་བཅོས་པས་ཆིབས་ནད་ལས་གྲོལ།རྒྱལ་པོས་བྱ་དགའ་དང་བསྟོད་པ་མཛད་ནས་རྔོག་ཆགས་རྣམས་ཀྱི་དོན་དུ་སྨན་དཔྱད་ཀྱི་ཡིག་ཆ་བརྩམས་པར་བསྐུལ་བས།རྒྱལ་ཁམས་ལྔའི་མཁས་པ་ལྔས་མན་ངག་གླེགས་བམ་གཅིག་ཏུ་དྲིལ་བ་བྲིས་ནས་རྗེ་ལ་ཕུལ་བས།རྒྱལ་པོའི་ཞལ་ནས།དུད་འགྲོ་འཆི་བ་སློང་བྱེད་འདི།།ཀུན་གྱི་སྤྱོད་ཡུལ་མ་ཡིན་པས།།བློ་རྣོ་རིག་པ་ཆེ་བ་དང་།།བྱང་སེམས་སྙིང་རྗེ་ཅན་ལ་གཏོད།།བྱང་ཆུབ་སེམས་དཔའ་རྟ་དཔྱད་མཁན།།རྒྱལ་ཁམས་ལྔ་ནས་མཁས་རྒུ་ཚོགས།།དེ་ཡི་བརྒྱུད་པ་མི་བཅད་པར།།རིམ་ནས་རིམ་པར་སྟོན་ཅིག ཅེས་གསུང་སླད།དེས་ན་གྲངས་ཀྱི་དགུ་ལ་འཁྲུལ་ནས་མཁས་པ་དགུ་འཚོགས་ཟེར་བ་སོགས་རང་བཟོ་ཡིན་གསུངས།མཁས་པ་དེ་ལྔས་མཛད་ངེས་པའི་རྟ་དཔྱད་མེ་ལོང་སྐོར་གསུམ་སོགས་འགའ་ཞིག་སྣང་ལ།ཕལ་ཆེར་གྱིས་མཁས་པ་མི་དགུས་མཛད་པར་བཏགས་པའི་བརྫུན་མ་ཁོ་ནར་སྣང་ཞིང་།སྦྱོར་བ་བརྒྱ་པ་ཀླུ་སྒྲུབ་ཀྱིས་མཛད་དེ།དུས་ཕྱིས་ཐར་ལོས་བསྒྱུར་བ་ཡིན་པས་མཚོན་ནོ།།གཞན་ཡང་བླ་སྨན་དགུས་བསྒྱུར་བ་མན་ངག་གི་གཞུང་རྣམས་ཕྱོགས་གཅིག་ཏུ་སེང་ལྡེང་གི་གླེགས་ཤིང་དུ་བཞུགས་པ་ལ་རྒྱལ་པོའི་བླ་དཔྱད་སྨུག་པོ་ཞེས་གྲགས་པ་དེ་ལྟར་བདེན་པའི་དབང་དུ་བྱས་ན་པུ་སྟི་བཞི་ལྔ་ཙམ་ལོང་བར་ཡོད་དོ།།ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་མཇུག་ཏུ་བསྙུན་གྱིས་བཏབ་པ་ལ།སླར་ཡང་མཐའ་བཞིའི་སྨན་པ་རྣམས་སྤྱན་འདྲེན་པའི་ཕོ་ཉ་བཏང་ཡང་གཞན་རྣམས་མ་བྱོན་ལ་རྒྱ་ནག་ནས་སྟོང་གསུམ་གང་བ་བྱོན་ནས་ལམ་དུ་གསོ་བ་དཀར་པོ་ལམ་གྱི་སྒྲོན་མ་ཞེས་བྱ་བའི་བསྟན་བཅོས་མཛད་ནས་རྒྱལ་པོ་ལ་སྐྱེས་སུ་ཕུལ།གསོ་བའི་དཔྱད་བྱས་པས་བསྙུན་དྭངས་པ་ན་མཐའ་བཞིའི་སྨན་པ་རྣམས་ཀྱིས་གོ་ཆོད་པར་འདུག་གསུངས་ནས་མཐའ་བཞི་སྟོང་གསུམ་གང་བ་ཞེས་པར་གྲགས།བྱ་དགའ་གསེར་སྟོད་ཀྱི་ས་ཆ་གནང་ཁབ་བཞེས་པ་ལས་མཐའ་བཞིའི་སྨན་པ་རྣམས་བྱུང་ངོ་།།དེ་ལྟར་རྒྱལ་རབས་རྣམས་ལ་བླ་ཡི་སྨན་པ་མང་ཞིག་བྱུང་བ་ལས།རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སྟོད་ཕྱོགས་ཀྱི་སྨན་པ་ག་ལེ་ནུས་འབྱིན་གྱི་བརྒྱུད་པ་འཛོ་རོ་དང་།མེས་ཨག་ཚོམ་གྱི་དུས་ཙན་པ་ཤི་ལ་ཧའི་བརྒྱུད་པ་བི་ཇི་དང་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྟོང་གསུམ་གང་བའི་བརྒྱུད་པ་མཐའ་བཞི་གསུམ་ནི།རྒྱལ་པོའི་བླ་སྨན་གནང་བའི་རིགས་བརྒྱུད་ཀྱི་སྨན་པ་དངོས་ཡིན་ལ།བྲང་ཏི་དང་སྟོང་དང་།ཞང་རྣམས་ཡིན་ཀྱང་ཟེར་རོ།།སྐབས་འདིར་སངས་རྒྱས་རྒྱ་མཚོ་ཡང་སྔ་རབས་པའི་རྗེས་སུ་འབྲངས་ཏེ་བོད་འབངས་ཀྱི་བྱིས་པ་བློ་རྣོ་བ་དགུ་ལ་གསོ་རིག་སློབ་བཅུག་པ་སྟོད་ན་ཆེར་རྗེ་ཞིག་པོ།འུག་པ་ཆོས་བཟང་།བི་ཇི་ལེགསས་མགོན་གསུམ།བར་ན་གཡུ་ཐོག་མགོན་པོ།མི་ཉག་རོང་རྗེ།བྲང་ཏི་རྒྱལ་བཟང་གསུམ།སྨད་ན་གཉལ་བ་ཆོས་བཟང་།མཐའ་བཞི་དར་པོ།སྟོད་པ་གྲགས་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུར་གྲགས་པ་བྱུང་ཞེས་གསུངས་ཀྱང་།དེ་རྣམས་ཕལ་ཆེར་ཕྱི་དར་གྱི་སྐབས་སུ་བྱུང་ཞིང་།ཁྱད་པར་ཆེ་རྗེ་ཞིག་པོ་ནི་ལོ་ཆེན་རིན་བཟང་གི་སློབ་བརྒྱུད་དང་བྲང་ཏི་རྒྱལ་བཟང་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སློབ་བརྒྱུད་སོགས་ཁྱེད་ཉིད་ནས་ཀྱང་མ་བཤད་དམ།གཡུ་ཐོག་རྙིང་མའི་རྣམ་ཐར་ནི།ཁྱེད་ཉིད་ནས་ཀྱང་བོན་པོའི་ཟེར་སྒྲོས་དང་རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟན་དུ་རུང་བར་དཀའ་ནའང་ཞེས་གསུངས་ནས་ཡང་བཤད་ཁུངས་ཀྱི་རྒྱབ་བརྟན་དུ་བྱེད་པ་ནི་རེ་མཚར་བ་ཞིག་ལགས་ཞེས་ཀུན་ཁྱབ་བཞེད།འདི་སྐོར་ལ་ཟུར་མཁར་བློ་གྲོས་རྒྱལ་པོས་ལེགས་བཤད་ཟླ་ཐིག་ཉིན་བྱེད་འོད་འཚོ་དབྱར་སྐྱེས་རྔ་གསང་ཞེས་བྱ་བ་མཛད་ཡོད་པ་ལས།སྟོད་ལུང་ཨེམ་མཆི་ཀུན་ལེགས་ཟེར་བས་དེ་ལ་ཀླན་ཀ་ཚོལ་ཕྱིར་གཡུ་རྙིང་མའི་རྣམ་ཐར་བཀའ་བརྒྱ་མ་ཟེར་བ་འདི་བརྩམས་པ་ཡིན་ཞེས་ཀུན་ཁྱབ་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།