དབུ་ཤོག>བོད་ལུགས་གསོ་རིག
  • རྒྱ་གར་དུ་སྨན་དཔྱད་དར་ཚུལ།

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     སྤེལ་དུས།  2016-06-07

    དང་པོ། ཐུབ་པའི་དབང་པོ་མ་བྱོན་པའི་སྔོན་དུ་གསོ་དཔྱད་བྱུང་ཚུལ།

    བོད་སྨན་ཁོག་དབུབ་རྣམས་སུ།མི་ཡུལ་དུ་ཐོག་མར་སྐྱེས་པའི་ཤེད་བུ་ཞེས་བྱ་བས་ས་མོ་ཞག་ཟོས་པས་མ་ཞུ་བའི་ནད་ཀྱིས་ཐེབ་པའི་ཚེ།ཚངས་པས་ཆུ་སྐོལ་བཏང་སྟེ་ནད་ཞི་བར་བྱས་པས་ན།ནད་ལ་སྔ་བ་མ་ཞུ་བ།སྨན་ལ་སྔ་བ་ཆུ་བསྐོལ།སྨན་ལ་སྔ་བ་ཚངས་པ་ཡིན་ནོ་ཡིན་ཞེས་བཤད་ཀྱང་།ལུང་ཁུངས་སྟོན་རྒྱུ་མེད་དོ།།རང་ལུགས་ནི་འཕགས་ཡུལ་མཁས་པའི་རྗེས་སུ་འབྲངས་ཏེ་བཤད་པར། གཅེས་གྲུབ་ལས།ཚེ་འཛིན་པའི་རིག་བྱེད་ནི་ཚངས་པས་མཐོ་རིས་སུ་བཤད་དོ།།རིམ་གྱིས་ཡུལ་ཀ་ཤི་ཀའི་རྒྱལ་པོས་མི་རྣམས་ལ་བཤད་དོ།།ཞེས་པས་འཕགས་ཡུལ་ཀ་ཤི་ནའི་ཡུལ་དུ་སྨན་དཔྱད་ཐོག་མར་བྱུང་བར་འདོད་ལ།དེའང་གོང་དུ་བཤད་པའི་དྲང་སྲོང་དེ་རྣམས་ཀྱི་རྒྱུན་དང་།དེ་ནས་ཀྱང་སྨན་དཔྱད་ཀྱི་རིག་བྱེད་རྒྱ་མཚོ་འཛིན་པའི་དྲང་སྲོང་གཞུང་ལས་སྐྱེས་ཀྱི་བུ་དང་།དཔལ་ལྡན་ཕྲེང་བ་དང་།དཔལ་ལྡན་ཕུན་ཚོགས་དང་།ཉི་མའི་སྙིང་པོ་ལ་སོགས་པས་སྨན་དཔྱད་སྤེལ་བར་མཛད་ཅིང་།དེ་ནས་འབྲས་ཀྱི་སྦྱིན་སྲེག་ཅེས་བྱ་བས་མཛད་པའི་རྟ་ཡི་སྨན་དཔྱད་ཤཱ་ལི་ཧོ་ཏྲ་ནི་བོད་དུའང་བྱུང་ངོ་།།དྲང་སྲོང་ལེགས་ཐོས་ཞེས་པས་མགོ རྣ་བ་སོགས་བྱེ་བྲག་གི་ནད་དང་།ནད་ཕྲན་ཚེགས་ཀྱི་སྨན་དཔྱད་ཀྱི་གཞུང་བྱས་པ་ཟླ་ཟེར་ལས་བཤད།དྲང་སྲོང་ཆེན་པོ་རི་བྱི་དང་གནས་འཇོག་ལ་སོགས་པས་བཅུད་ལེན་གྱི་བསྟན་བཅོས་མཛད་པ་དང་།ཁྱད་པར་རྒྱལ་པོའི་དྲང་སྲོང་ཆེན་པོ་དཔལ་ལྡན་མགོན་བཅས་ཞེས་བྱ་བ་སྨན་གྱི་རིག་པ་རྒྱ་མཚོའི་ཕ་རོལ་དུ་སོན་པས་སྨན་གྱི་བསྟན་བཅོས་སོགས་མང་དུ་བརྩམས་པ་མི་ཀུན་གྱིས་ཚད་མར་འཛིན་པ་བྱུང་བ་ཞིག་གྲགས།དེའི་རྗེས་སུ་དྲང་སྲོང་ཧ་རི་ཙནྟ་ཞེས་བྱ་བ་སྨན་དཔྱད་ཀྱི་བསྟན་བཅོས་ཙ་ར་ཀ་ཞེས་བྱ་བ་ཞིག་བརྩམས་པར་ཟླ་ཟེར་དུ་ལུང་དམ་དུམ་འབྱུང་བ་ལས་གཞུང་དངོས་བོད་དུ་མ་འགྱུར།དེ་ཡི་བུ་རྒྱུད་ལས་སྨན་པ་ཆེན་པོ་དཔལ་ལྡན་ནག་པོ་ཞེས་པ་དང་།དཔལ་ལྡན་རོལ་སྒེག་དང་།དཔལ་ལྡན་གདོང་ཅན་ཟླ་བ་དང་།དཔལ་ལྡན་རིག་འབྱུང་སོགས་བྱུང་བས་ཀྱང་སྤྱིར་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་།ཁྱད་པར་གསོ་བ་རིག་པའི་མངའ་བདག་ཏུ་གྱུར་པ་སྟེ།དེ་རྣམས་ཀྱི་ལོ་རྒྱུས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་བི་ཤྭ་བྲ་ཤ་ཀ་ལས་འགྱུར་གནང་མཛད་པ་ཡོད་དོ།།ཡང་དཔལ་ལྡན་རྒྱུད་ལས།དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད།ཅེས་པ་ནི་དྲང་སྲོང་གི་ལུགས་ལ་ཙ་ར་ཀ་གཙོ་བོར་སྨོས་པའི་གཞུང་ཆེན་པོ་བརྒྱད་ཡོད་པའི་དོན་ཏེ་དྲང་སྲོང་ཧ་རི་ཙནྡྲ་བྱས་པའི་རྒྱས་པ་བསྟན་པའི་གཞུང་ཙ་ར་ཀ རྒྱུན་ཤེས་བུས་བྱས་པའི་ཚངས་པས་བསྟན་པའི་གཞུང་ལེགས་ཐོས་ཀྱིས་བྱས་པའི་བྱེ་བྲག་སོ་སོའི་བཅོས་ཀྱི་གཞུང་།མཐོ་བཙུན་དཔལ་འཕེལ་གྱིས་བྱས་འི་གཅེས་པ་བཏུས་པ།གཞན་ཡང་མེ་བཞིན་འཇུག་གིས་བྱས་པ་དང་།ལུག་ནག་གིས་བྱས་པ་དང་།གཞུང་ལས་སྐྱེས་ཀྱིས་བྱས་པ་སོགས་གྲགས་ཆེ་བ་བརྒྱད་སྨོས་པ་ཡིན་ཏེ།སྤྱིར་དྲང་སྲོང་གིས་བཤད་པའི་གཞུང་ནི་ཤིན་ཏུ་མང་བར་ཡོད་པར་མངོན་ནོ།།བོད་ཡུལ་གྱི་གསོ་རིག་སྨྲ་བ་ཕལ་ཆེར་ཙ་ར་ཀ་སྡེ་བརྒྱད་ནི།རྒྱུན་ཤེས་བུས་བརྐོས་པའི་སྡེ།མེ་བཞིན་འཇུག་གིས་གཞི་སྒྲུབ་པའི་སྡེ།མུ་ཁྱུད་འཛིན་གྱིས་བདུད་རྩི་ཆེན་པོའི་སྡེ།འགྲོ་སྐྱོང་གིས་མི་འཇིགས་པའི་མཚོན་ཆའི་སྡེ།བཤོལ་འགྲོ་སྐྱེས་ཀྱིས་བདུད་རྩི་སྒྲུབ་ལུགས་ཀྱི་སྡེ།དཀའ་གཉིས་སྤྱོད་ཀྱིས་སྲོག་གི་སྒྲོམ་བུའི་སྡེ།ཐང་ལ་འབར་གྱིས་ཞི་སྦྱོར་སྨན་གྱི་སྡེ།ནབས་སོ་སྐྱེས་ཀྱིས་སྦྱོང་བྱེད་ལས་ཀྱི་སྡེ་སྟེ་སྤྱིར་དྲིལ་བའི་ལེའུ་བརྒྱ་དང་ཉི་ཤུ་རྩ་བཞི་ཡོད་ཟེར་རོ།།བདུད་རྩི་སྒྲུབ་ལུགས་ནི་བདུད་རྩི་བམ་བརྒྱད་ལ་བསམ་པར་སྣང་བས་དེ་ནི་དཔལ་ཀུན་ཏུ་བཟང་པོའི་གསུང་རྙིང་མ་རྒྱུད་འབུམ་དུ་བཞུགས་ལ།གཞན་རྣམས་བོད་བརྩམས་ལས་མ་འདས་ཞེས་གསུངས།དེ་ལྟར་ཚངས་པས་གསུང་པའི་ཚེ་ཡི་རིག་བྱེད་ནི།འཕགས་ཡུལ་དུ་དྲང་སྲོང་ཆེན་པོ་མཐོ་བཙུན་ཙ་ར་ཀ་ལ་སོགས་པས་དར་ཞིང་རྒྱས་པར་བྱས་ནས་བཟུང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་བྱོན་གྱི་བར་མ་ཉམས་པར་གནས་སོ།།ཐུབ་པའི་དབང་པོ་ཞལ་བཞུགས་ཀྱི་རིང་ལའང་ཡུལ་རྡོ་འཇོག་གི་རྒྱལ་པོ་པདྨའི་སྙིང་པོའི་བླ་སྨན་པ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཚེ་ཡི་རིག་བྱེད་རྒྱ་མཚོ་ཙམ་གྱི་ཕ་རོལ་དུ་སོན་པའི་སྙན་གྲགས་ཀྱི་ཡི་གེ་སྙིང་དུ་སྤྲོ་བ་ཞིག་བྱུང་ངོ་།།དེའི་ཚེ་མ་ག་དྦྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་།ཚོང་དཔོན་གྱི་ཆུང་མ་འདུས་པ་ལས་བྱུང་བའི་བུ།རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས།གཞོན་ནུས་གསོས་ཞེས་བྱ་བ་ལང་ཚོ་ལ་བབས་པར་ཉེ་བ་ན།གོས་དཀར་ཅན་མང་པོ་མཐོང་བས་འདི་རྣམས་སུ་ཡིན་བྲིས་པས།ཡབ་ཀྱིས་འདི་རྣམས་ནད་གསོ་བའི་སྨན་པ་ཞེས་པ་རྣམས་ཡིན་ཞེས་ཐོས་པས།སྨན་གྱི་བགས་ཆགས་སད་པས་སྨན་བསླབ་པར་ཡབ་ལ་ཞུས་པས་གནང་།རྡོ་འཇོག་གི་སྨན་པ་རྒྱུན་ཤེས་བུ་ལ་སྨན་བསླབ་པར་ཕྱིན།དེར་སློབ་དཔོན་གྱིས་ཉུང་ཤས་ཙམ་ལས་མ་བསྟན་ཀྱང་ཁྱད་པར་དང་བཅས་ཏེ་ལོབ།རྒྱུན་ཤེས་ཀྱི་བུ་ལ་སློབ་མ་མང་དུ་ཡོད་ཀྱང་གཞོན་ནུ་གསོས་ཁོ་ན་ལ་མཉེས་ནས་ཤས་ཆེར་ནད་པ་བཅོས་པར་ཁྲིད་པར་མཛད་པ་ལས།དུས་གཞན་ཞིག་ན་སློབ་དཔོན་གྱིས་གཞོན་ནུ་གསོས་ཁྲིད་ནས་ནད་པ་ཞིག་ལ་སྨན་སྤྲོད་ནས་སློབ་དཔོན་དང་བཅས་ལོག་པ་ལ་འཚོ་བྱེད་གཞོན་ནུས་སྨན་དེ་མི་འཕྲོད་པར་མཐོང་ནས་སླར་ནད་པའི་རྩར་སོང་སྟེ།སློབ་དཔོན་ན་རེ་སྨན་སྔ་མ་དེ་མ་ཟ་བར་ཕྱི་མ་འདི་དང་འདི་ལྟ་བུ་ཟོ་ཞིག་ཅེས་གསུངས་ཞེས་ཐབས་ཀྱིས་བཟློག་གོ ཇི་ཙམ་ན་སློབ་དཔོན་གྱིས་ནད་པ་ལ་སྨན་གྱིས་ཕན་ནམ་དྲིས་པས་ཕན་ཟེར།ད་དུང་མུ་མཐུད་ནས་སྨན་འདི་ཟོ་ཞིག་བྱས་པས་སྔ་ཕྱི་བ་ང་ཡིན་ཟེར།ཁོ་བོས་གཉིས་ནི་མ་བསྟན་བྱས་པས་སྔ་མ་ནི་ཉིད་དངོས་ལས་དང་།ཕྱི་མ་འཚོ་བྱེད་གཞོན་ནུ་ལས་སོ་ཟེར་བས།སློབ་དཔོན་གྱིས་བསམ་པ།བདག་གིས་ཉེས་ཏེ་གཞོན་ནུ་ནི་མཁས་པོ་སྙམ་ནས་ནད་པ་ཐམས་ཅད་སར་ཤས་ཆེར་འཚོ་བྱེད་གཞོན་ནུ་ཁྲིད་པས་མིང་འཚོ་བྱེད་དུ་གྲགས་སོ།།སློབ་མ་གཞན་རྣམས་ན་རེ།མཁན་པོ་ནི་འཚོ་བྱེད་ཁོ་ན་མཉེས་པའི་རྒྱུ་ཅི།མཁན་པོས་འཚོ་བྱེད་ནི་ཤེས་རབ་ཆེ་བས་སོ།།དེ་གང་ལས་ཤེས་མཁན་པོས་མངོན་སུམ་དུ་བྱའོ་ཞེས་ཚོང་འདུས་སུ་ཁྱེད་རྣམས་སྨན་འདི་དང་འདི་ཡི་རིན་ཐང་ཆོད་ལ་ཤོག་ཅེས་སོ།།སློབ་མ་རྣམས་ཀྱིས་ཚོང་འདུས་སུ་ཕྱིན་པས་འཁོར་ནས་དྲིས་པ་ལ།གཞན་རྣམས་ཀྱིས་གང་སྨོས་པའི་སྨན་སྣ་འགའ་རེའི་རིན་ཐང་མ་གཏོགས་མ་ཤེས།འཚོ་བྱེད་ཀྱིས་སྨན་ཐམས་ཅད་ཀྱི་རིན་ཐང་འཆད་རྒྱུ་བྱུང་ངོ་།།ཡང་སོང་ལ་ཐང་ཤིང་གི་རི་ནས་སྨན་མ་ཡིན་པ་ལོངས་ཤོག་བྱས་པས་འཁོར་བའི་ཚེ།གཞན་རྣམས་ཀྱིས་སྨན་མ་ཡིན་པ་མང་པོ་ཁྱེར་བྱུང་ལ།འཚོ་བྱེད་ཀྱིས་སྨན་མ་ཡིན་པ་མ་རྙེད།འོན་ཀྱང་འདམ་སུ་མདའ་རྒྱུའི་རྩ་བ་དང་རྡོ་ཡི་དུམ་བུ་ཞིག་ཁྱེར་ནས་འོང་བའི་ལམ་དུ་ཕྱུག་རྫི་མོར་མིག་ན་བ་ཞིག་ལ་ལམ་ཁ་དེ་ཉིད་ནས་སྨན་ཞིག་གཏོང་བས་མིག་ནད་ལས་གྲོལ།ཞོ་ཕུ་བས་ཁྲུམ་ཚུད་ཁྱེར།ལམ་དུ་རྗེས་ཤིག་འདུག་པར་གྲོང་རྣམས་བརྟག་པའི་ཆེད་འདི་གང་གི་རྗེས་ཡིན་སྨྲས་པས།གཞན་རྣམས་ན་རེ།གླང་པོ་ཆེའི་རྗེས་ཡིན་ཟེར་འཚོ་བྱེད་ན་རེ་འདི་ནི་བ་གླང་མོའི་རྗེས་སོ།།དེ་ཡང་མིག་གཡས་ཞར་བ།དེ་རིང་ཁོ་ནར་ཕྲུ་གུ་ཕོ་སྐྱེ་བ་དེ་ལ་བུད་མེད་མིག་གཡས་ཞར་བས་ཞོན་པ།དེ་རིང་རང་བུ་ཕོ་བཙའ་བ་ཞིག་གོ་སྨྲས་སོ།།དེར་ཐམས་ཅད་སློབ་དཔོན་དྲུང་དུ་སླེབས་པ་ན།སློབ་མ་གཞན་རྣམས་ཀྱིས་སྨན་མ་ཡིན་པ་རྣམས་བསྟན་པས་སློབ་དཔོན་གྱིས་འདི་ནི་འདི་ཡི་སྨན་ནོ་ཞེས་རེ་རེ་ནས་སྨྲས་སོ།།འཚོ་བྱེད་ཀྱིས་ཐམས་ཅད་སྨན་ལགས་ཏེ།འོན་ཀྱང་འདི་གསུམ་ཁུར་འོང་ལགས་ཏེ་འདི་ཡང་སྨན་ནི་ཡིན་ནོ་ཟེར།སློབ་དཔོན་ན་རེ།འོ་ན་འདི་གསུམ་གྱིས་ཅི་ཕན་གསུངས་པར།འཚོ་བྱེད་ན་རེ།སྡིག་པའི་ཟིན་པ་ལ་མདའ་རྒྱུའི་རྩ་བའི་དུད་པས་བདུག་ནས་ཕྲུམ་ཚུད་གླན་ན་ཕན།རྡོའི་དུམ་བུ་ནི་སྟོན་ཞོ་པའི་བུམ་པ་ཆགས་པར་འགྱུར་ཞེས་ཟེར་བས་མཁན་པོ་འཛུམ་བྱུང་བས།གཞན་རྣམས་ཀྱིས་འཚོ་བྱེད་ནི་ལམ་ན་གླང་པོའི་རྗེས་ལ་འདི་ལྟར་སྨྲས་པས་བདེན་ནམ་ཞུས་པས་མཁན་པོས་དེ་ཇི་ལྟར་ཤེས།འཚོ་བྱེད་ན་རེ།གླང་པོའི་རྗེས་ནི་ཟླུམ་པོ།བ་ལང་མོའི་རྗེས་ནི་ཆུར་རིང་ངོ་།།མིག་གཡས་པ་ཞར་བ་ནི་གཡོན་ཕྱོགས་སུ་རྩ་ཟོས་པས་སོ།།སྦྲུམ་མ་ནི་ལག་པ་བས་རྐང་རྗེས་ཟབ་པས་སོ།།དེ་རིང་ཁོ་ནར་སྐྱེས་པ་གཅིན་བེ་སྣབས་ཅན་ལས།ཕྲུ་གུ་ཕོར་སྐྱེས་པ་ནི་རྐང་རྗེས་གཡས་པས་ཟབ་པས།ཞོན་མཁན་བུད་མེད་ཡིན་པ་ཆུ་བཏང་བའི་རྗེས་ལས།དེ་ཡི་མིག་གཡས་ཞར་པ་ནི་གཡོན་ཕྱོགས་སུ་མེ་ཏོག་འཐུས་པས།དེ་སྦྲུམ་མ་ནི་རྐང་པ་རྟིང་པའི་རྗེས་ལྷག་པར་དོད་པ་ལས།དེ་རིང་ཁོ་ནར་བཙའ་བ་ནི་གཅིན་ལྗན་ལྗིན་ཅན་ལས།བུ་ཕོ་ཡིན་པ་ནི་གཡས་པའི་རྟིང་རྗེས་ལྷག་པར་དོད་པ་ལས་ཤེས་སོ།།ཐུགས་མ་ཆེས་ན་དེ་ཉིད་དུ་བྲི་བར་མཛོད་ཅིག་ཅེས་སྨྲས་ནས་དྲིས་པར་བཏང་བས།ཇི་ལྟ་བ་མཐོང་ནས་བྱུང་ངོ་།།མཁན་པོས་གཞན་རྣམས་ལ་ལྟོས་ཤིག འཚོ་བྱེད་ནི་འདི་ལྟ་བུའི་ཤེས་རབ་ཅན་ཡིན་ཏེ། ཁོ་བོས་བསྟན་པ་ཇི་སྙེད་ཇི་ལྟ་བ་ཤེས་ནུས་སོ་ཞེས་སྨྲས་ཏེ།ཐོད་པ་དབྱེ་བའི་དཔྱད་མ་གཏོགས་དྲང་སྲོང་ལུགས་ཀྱི་སྨན་དཔྱད་ཐམས་ཅད་བསླབས་སོ།།ཇི་ཙམ་ན་མི་ཞིག་ཀླུད་ནད་ཀྱིས་ཐེབས་ནས་མཁན་པོ་ལ་ཞུས་པས།དེ་རིང་དོང་དང་ལྕི་ལ་སྟ་གོན་གྱིས་ཤིག་སང་བྱའོ།།དེ་ཐོས་ནས་འཚོ་བྱེད་ཁང་པར་གབ་ནས་བསྡད་པས་མཁན་པོས་ཐོད་པ་ཕྱེ་ནས་སྲིན་བུ་ལེན་པར་བརྩམས་པ་ན།མཁན་པོས་མ་ཤེས་པའི་ཐབས་བསྟན་པས།མཁན་པོ་ན་རེ།ཁོ་བོ་ནི་འདི་ལྟ་བུའི་འཚོ་བ་ཡིན་ན།ཁྱེད་གཞན་དུ་སོངས་ཤིག་སྨྲས་པས།འཚོ་བྱེད་ཀྱིས་ཕྱག་བྱས་ཏེ་རྒྱལ་པོ་པདྨའི་སྙིང་པོ་ཅན་དུ་སོང་ནས་ཁོ་བོས་སྨན་ལོབས་ཀྱིས་འགྲོའོ་སྨྲས་པས།འོ་ན་ཁོ་བོ་དང་མི་མཐུན་པ་རྣམས་ཐུལ་ཅིག་ཅེས་དཔུང་ཚིགས་བཅས་མཐའ་འཁོབ་སྐྱ་བསང་ཅན་དུ་བཏང་བས།སྟོབས་ཤུགས་ཀྱིས་བཏུལ་ཏེ་རྟེའུ་བཟུང་།དཔྱ་ཕུལ་བར་བྱས་པས།རྒྱལ་པོས་བྱ་དགའ་རྒྱ་ཆེན་པོ་བྱིན་པ་སློབ་དཔོན་ལ་ཕུལ་ནས་རིམ་གྱིས་གྲོང་ཁྱེར་བཟང་ཕྱེད་དུ་ཕྱིན་ནོ།།དེར་འབྱུང་པོ་ཐམས་ཅད་ཀྱི་སྐད་ཤེས་པའི་བསྟན་བཅོས་བསླབས་ནས་ཆས་པ་ན།ཤིང་ཁུར་བའི་མི་རུས་པ་དང་ལྤགས་པའི་ལྷག་མ་ཅན་ཀུན་ནས་འགས་པ་ཞིག་མཐོང་།རྒྱུ་མཚན་དྲིས་པས་ཤིང་ཁུར་འདིས་བྱུང་སྟེ་གཞན་མི་ཤེས་སོ།།བརྟག་པས་འབྱུང་པོ་ཐམས་ཅད་སྔངས་བར་བྱེད་པའི་ནོར་བུ་འདུག་པར་མཐོང་ནས།ཁུར་པོས་ངས་ཉོའམ་རུང་ཟེར།རིན་ཇི་ཙམ་ཀཪྵ་པ་ཎ་ལྔ་བརྒྱའོ།།དེས་དེ་སྤྲད་ནས་ནོར་བུ་བླངས་སོ།།ནོར་བུ་དེ་ནི་ཁྱིམ་ན་རྫས་ཅི་ཡོད་མར་མེ་བཏེགས་པ་དང་འདྲ་བར།ནད་པའི་མདུན་དུ་བཞག་པ་ཙམ་གྱིས་ལུས་ཀྱི་ཕྱི་ནང་ན་ནད་ཇི་ལྟ་བ་ཡོད་པ་ཤེས་པ་ཞིག་སྟེ།རིམ་གྱིས་ཡུལ་ཨུ་དུམ་ཝ་རར་ཕྱིན་ནོ།།དེར་བྲེའུ་མགོ་ལ་བསྣུན་པ་ཞིག་མཐོང་ནས་དྲིས་པས་ཀླད་པ་གཡའ་ཟེར།དེར་ནོར་བུ་ལ་བརྟེན་ནས་བརྟགས་པས་ཀླད་པར་སྲིན་བུ་འདུག་པར་མཐོང་།སྔར་གྱི་དཔྱད་བྱས་པས་སོས་ཏེ་པ་ཎ་ལྔ་བརྒྱ་ཐོབ་པས་མཁན་པོ་ལ་བསྐུར་རོ།།དེ་ནས་ཡུལ་རོ་ཧི་ཏ་ཀར་ཁྱིམ་བདག་ཅིག་ལ་སྐྱེད་ཚལ་བཟང་པོ་ཞིག་ཡོད་པས་སྐྱེད་ཚལ་ལ་ཆགས་བཞིན་ཤི་བས་དེ་འདྲེར་སྐྱེས་ནས་སྐྱེད་ཚལ་དེར་གནས་ཏེ་སྐྱེད་ཚལ་དེར་གནས་ཚད་ཤིའོ།།ཇི་ཞིག་ན་དམུ་ཆུ་ཟིན་པའི་ནད་པ་སྨན་པས་བོར་བ་ཞིག་འཕྲལ་དུ་ཤི་ན་དགའ་སྟེ་དེར་གནས་པས།འཚོ་བྱེད་ཀྱང་ནུབ་མོ་དེ་ཉིད་དུ་གནས་པས།དེའི་ཚེ་འདྲེ་དེ་བྱུང་ནས་གསོད་པར་བརྩམས་པས་དམུ་ཆུའི་ནད་བདག་དེ་བྱུང་སྟེ་འདི་བདག་གིས་བཟུང་ནས་ཡུན་རིང་དུ་སོང་ན།འདྲེ་ཁྱོད་ཀྱིས་ཅི་ཕྱིར་བསྡིགས།ཁྱོད་ལ་ར་སྤུའི་དུ་བས་ནི་མ་བདུག དེ་བདུག་ན་ཁྱོད་དཔག་ཚད་བཅུ་གཉིས་སུ་འབྲོས་དགོས་པར་མི་འགྱུར་རམ་ཟེར།འདྲེ་ན་རེ།ཁྱོད་ལའང་ལ་ཕུག་གི་ས་བོན་མར་ཕྱུང་བའི་དར་བ་དང་སྦྱར་ཏེ་བྱིན་ན་ཁྱོད་དུམ་བུ་དུམ་བུར་ཆག་པར་མི་འགྱུར་རམ་ཞེས་འཐབས་པས་འཚོ་བྱེད་ཀྱིས་ཐབས་དེ་དག་བྱས་པས་ཇི་ལྟར་གྱུར།ནད་པ་དེས་ནད་སོས་པས་པ་ཎ་ལྔ་བརྒྱ་དང་།ཚལ་དེའི་བདག་པོ་ཁྱིམ་བདག་གི་བུ་དེས་པ་ཎ་ལྔ་བརྒྱ་བྱུང་བའང་མཁན་པོ་ལ་བསྐུར།དེ་ནས་ཡུལ་བཅོམ་བརླག་ཏུ་ཕྱིན་ནས་ཤི་དྲུང་ཞིག་ན་ངལ་གསོ་བ་ལས།གྱད་གཅིག་གིས་ས་ཅིག་བརྡབས་ནས་ནང་ཁྲོལ་འཁྲུགས་ཏེ་ཤིའོ་ཞེས་ཕྱིར་ཁུར་བྱུང་བ་ན།ཤིང་དེའི་རྩེ་ན་བྱ་རྒོད་མོ་ཕྲུ་གུ་དང་བཅས་པ་ཡོད་པས་ཕྲུ་གུ་ན་རེ།ཤ་དགོས་སོ།མ་ན་རེ།ག་ལ་ཡོད།བུས་གྱད་ཀྱི་རོའོ།།མ་ན་རེ།འདི་འཚོ་བྱེད་ཀྱིས་འཚོ་བའི་ཉེན་ཡོད་དོ།།བུས་ཇི་ལྟར་མས་ཕྱེ་མས་རེག་ནའོ་ཟེར་བར་ཐོས།ནོར་བུས་རོ་དེ་བལྟས་ནས་གཅེའུས་ཕྱེ་མ་ནང་གྲོལ་ལ་རེག་པས་སོས་ཏེ་གྱད་རྣམས་ཀྱིས་ཀཪྵ་པ་ཎ་ལྔ་བརྒྱ་ཕུལ་བྱུང་པའང་མཁན་པོ་ལ་བསྐུར་རོ།།ཡང་ཁྱིམ་བདག་ཤི་བའི་ཆུང་མ་མཛེས་པ་ལ་ཆགས་པས་མངལ་གྱི་སྲིན་བུར་སྐྱེས།དེ་སུས་སྤྱད་ན་འཆི་བས་སུས་ཀྱང་སྤྱད་མ་ནུས་སོ།།བུད་མེད་དེའི་མངལ་སྒོར་ཤའི་དུམ་བུ་བཞག་པས་སྲིན་བུ་ཤ་ལ་ཆགས་ནས་འོང་པས་ཤ་དོར་བས་བུད་མེད་སྤྱད་རུང་བར་གྱུར།དེས་ཀྱང་པ་ཎ་ལྔ་བརྒྱ་བྱུང་བ་དེ་ཡང་མཁན་པོར་བསྐུར་རོ།།ཡང་ཆུ་བོ་མུ་ནར་ཕྱིན་པས་མི་རོའི་རྟིང་བ་ནས་ཉས་འཐེན་པས་རོ་མིག་གིས་འབྱེད་འཛུམ་བྱེད་པ་མཐོང་ནས་རྩ་ཕྲ་ཐམས་ཅད་བརྟགས་པས་ཤེས་པར་གྱུར།དེར་གྱད་གཅིག་གིས་གཅིག་གདོང་ལ་བསྣུན་པས་མིག་དོན་ལ་རྐང་པའི་རྟིང་གི་རྩ་ནས་འཐེན་པས་ཚུད་དེས་པ་ཎ་ལྔ་བརྒྱ་བྱུང་བ་ཕུ་བོ་འཇིགས་མེད་ཀྱི་མ་ལ་འདྲ་སྐྱོངས་ལ་བྱིན་ནོ།།ཡང་མི་ཞིག་རྣ་བར་སྲིན་བུ་ཞུགས་ཏེ་ན་བ་ལ།ནད་པ་དེ་ལོ་མའི་སྤྱིལ་པོར་རས་སྔོན་གཡོགས་པའི་ས་དྲོ་བ་ལ་བསྙལ།རྣ་བའི་དྲུང་དུ་ཤའི་དུམ་བུ་བཞག་ནས།རྔ་བརྡུངས་ནས་སྲིན་བུ་མ་བུ་ལྔ་བརྒྱ་པོ་རྣམས་དབྱར་ཞུའོ་སྙམ་ཕྱིར་ཐོན།ཤ་དང་འཕྲད་ནས་ཟ་བའི་ཚེ་ན་དོར་བས་མི་རྣ་ནད་ལས་གྲོལ།དེ་པ་ཎ་ལྔ་བརྒྱ་བྱིན་པའང་ཨ་མ་སྐྱོང་མངལ་བྱིན།ཡང་དུས་གཞན་ཞིག་ན་སྐྱེ་བོ་མང་པོས་བསྐོར་ནས་སེམས་གཡེང་བཞིན་པའི་ཚེ་བྲམ་ཟེ་མིག་ན་བ་ཞིག་གིས་སྨན་ཞུས་པས་སུ་ནས་ཐལ་པ་ཐོབ་ཅེས་སྨྲས་པས་བྲམ་ཟེའི་ཇི་བཞིན་གསུང་བར་སེམས་ནས་བཏབ་པས་སོས་སོ།།བྲམ་ཟེ་འོང་བའི་ལམ་ཀར་མི་མིག་ན་བ་དང་འཕྲད།འདིའི་སྨན་ནི་ཐལ་བའོ་ཞེས་བཏབ་པས་མིག་ལོང་ངོ་།།དེ་བཞིན་ཡབ་རྒྱལ་པོའི་སྤྱི་བོར་ཕོལ་མིག་བྱུང་བ།རྒྱལ་པོ་ཁྲུས་ནས་ཕྱུངས་སྐབས་སྨིན་རྫས་བཏབ་པའི་ཆུ་བུམ་མང་པོ་བླུགས།སྨིན་པའི་ཚེ་སྤུ་གྲིས་རེག་པ་ཙམ་གྱིས་བརྟོལ།འཚོ་བའི་རྫས་བཏབ་པས་སོས་ནས་སྐྲ་ཡང་སྔ་མ་བཞིན་སྐྱེས་པས།རྒྱལ་པོས་སྨན་པའི་རྒྱལ་པོར་དབང་བསྐུར་

    བ་ན།སྔར་མིག་ལ་ཐལ་བ་བཏབ་ནས་ལོང་བ་དེས།ལྷ་ནི་སྲས་ལ་བྱམས་པས་དབང་བསྐུར་བ་མ་གཏོགས།མཁས་ན་བདག་གི་མིག་ཅི་ཕྱིར་ལོང་ཞེས་པ་ལ།འཚོ་བྱེད་ཀྱིས་ཁྱོད་ཀྱི་མིག་ལ་དཔྱད་བྱས་པ་མི་དྲན་ནོ་གསུངས།ཁོ་ན་རེ།ཁྱོད་དངོས་ཀྱིས་མ་སྨྲས་ཀྱང་ཁྱོད་ཀྱིས་བསྟན་པ་ལྟར་བྱས་པ་སོགས་རྒྱས་པར་བཤད།འཚོ་བྱེད་ཀྱིས་ད་ཁྱོད་ཀྱིས་འདི་ལྟར་གྱིས་ཞེས་སྨན་མིག་སོས་པར་གྱུར།དེ་ནས་སྨན་པའི་རྒྱལ་པོར་གྱུར་ཏོ།།ཡང་རྒྱས་པོའི་ཁབ་ན་སྐྲན་ནད་ཐེབས་པ་ཞིག་བྱུང་བ་འཚོ་བྱེད་ཀྱིས་སྨན་འདི་ནི་རྙེད་དཀའ་འོ་བྱས་པས།ནད་པས་བསམ་པ་བདག་ནི་སྔར་སྨན་པ་རྣམས་ཀྱིས་ཀྱང་བོར་ལ་འདིས་ཀྱང་སྤང་པས་མྱུར་དུ་ཤི་ན་དགའ་སྙམ།དུར་ཁྲོད་དུ་སོང་བ་ན།དེར་རོ་བསྲེགས་པའི་མེ་འབར་བའི་ནང་དུ།ནེའུ་ལེ་དང་སྲོག་ཆགས་གོ་བྷ་ཙནྡན་འཐབས་པས་ལྷུང་བའི་ཤ་སོས།དུར་ཁྲོད་ཀྱི་འོང་པའི་ཆུ་འཐུང་པ་སོགས་བྱས་པས་ནད་ལས་གྲོལ་ལོ།།སྐབས་ཤིག་ན་བཙུན་མོ་ལུས་འཕགས་མ་དེ་འདོམས་སུ་ཕོལ་མིག་བྱུང་བ་ལ།རྒྱལ་པོས་འཚོ་བྱེད་ལ་མ་ཡར་མའི་དཔྱད་བྱོས་ཤིག འཚོ་བྱེད་ཀྱིས་དཔྱད་བྱེད་པར་བརྩམས་པའི་ཚེ་མ་ཡར་མོ་ངོ་ཚ་བས་ཐབས་ཡོད་ཀྱི་ཞེས་ཟན་སླ་མོའི་ཁར་འདུག་བཅུག་ནས་ཁུར་ཤོག་དེ་མཐོང་ནས་སྨིན་པའི་སྨན་བཏབ་སྟེ་ཟན་ལ་ཙག་བུ་བཙུག སྔར་བཞིན་སྡོད་བཅུག་པས་བརྡོལ།བསྐ་བའི་ཆུས་བཀྲུས་ནས་སྨན་བཏབ་པས་སོས་སོ།།རྒྱལ་པོས་དཔྱད་ཇི་ལྟར་བྱས་པ་ཐོས་ནས་ཡང་དབང་བསྐུར་བ་ན།སྐྲན་ནད་ཅན་དེས་སྔར་བཞིན་སྨྲས་པས་འཚོ་བྱེད་ན་རེ།ཁྱོད་ལ་དཔྱད་ནི་མ་བྱས་ཏེ་སྨན་རྙེད་དཀའ་བྱས་པ་དྲན་ནམ།ནད་པས་དྲན་ལགས་ཏེ་རྙེད་དཀའ་བ་གང་ཡིན་འཚོ་བྱེད་ན་རེ།མར་ངོའི་ཚེས་བཅུ་བཞི་ལ་མི་སེར་སྐྱ་ཤི་བའི་རོ་དུར་ཁྲོད་དུ་མེ་ལ་བསྲེགས་པ་སོགས་སྔར་བཞིན་སྨྲས་པས།ནད་པ་ཤིན་ཏུ་མཁས་ཏེ་དེ་ཁོ་ན་བཞིན་བགྱིས་པས་སོས་ལགས་ན་དབང་བསྐུར་དུ་གསོལ་ཞེས་ཡང་དབང་བསྐུར་རོ།།གང་གི་ཚེ་མ་སྐྱེས་དགྲ་ལྷས་བྱིན་གྱིས་བསྐུལ་ནས་ཕ་བསད་པའི་རྗེས་སུ་སྐྲན་ནད་ཀྱིས་ཐེབས་སོ།།སྨན་པ་ཀུན་བསྔགས་ཀྱང་དེ་རྣམས་ཀྱིས་རྔོ་མ་ཐོག་ནས།འཚོ་བྱེད་བོས་པས།འཚོ་བྱེད་ན་རེ།འདི་ནི་དཀའ་སྟེ།སྲས་གཞོན་ནུ་འཆར་བྱེད་ཀྱི་ཤ་གསོལ་བ་ཁོ་ནས་ཕན་ནོ།།རྒྱལ་པོ་ན་རེ།ཅི་ཁྱོད་རྒྱལ་སྲིད་འདོད་དམ།འཚོ་བྱེད་ཀྱིས་དེ་མ་ལགས་ཏེ་འདི་མིན་པའི་དཔྱད་མེད་དོ།།རྒྱལ་པོ་རང་བདེ་འདོད་པས་ཁས་བླངས་སོ།།དེ་ཚེ་སྲས་སྦས་ནས་མི་ཤ་གཞན་བཙོ་ནས་བྱིས་པས།ཟ་བར་བརྩམས་ཚེ།འཚོ་བྱེད་ཀྱིས་ཤ་ཚུར་བླངས་ནས་སྐད་དྲག་པོས་ན་རེ།ཁྱོད་ངན་པ་ཁྱོད་སྔར་ཕ་བསད།ད་བུ་ཤ་ཟའམ་ཞེས་སྨད་པས་མི་བཟོད་པ་སྐྱེ་ནས་སྐྲན་བརྟོལ་ཏེ་སྐྱུགས་པས་སོས་ཤིང་།བུ་ཡང་གཏད་པས་དགའ་ནས་དབང་གསུམ་པ་བསྐུར་རོ།།དེའི་ཚེ་ཁོ་བོ་དང་མཉམ་པའི་སྨན་པ་ནི་མེད་དོ་སྙམ་པའི་ཁེངས་པ་སྐྱེས་ནས།འཇིག་རྟེན་ན་གཉིས་ཤིག་ཡོད་དེ།ལུས་ཀྱི་ཟུག་རྔུ་འབྱིན་པ་ནི་ཁོ་བོ་ཡིན་ན།སེམས་ཀྱི་ཟུག་རྔུ་འབྱིན་པ་ནི་སངས་རྒྱས་སོ།།ཞེས་སངས་རྒྱས་ཀྱི་སྤྱན་སྔར་སོང་བ་ལ།སངས་རྒྱས་ཀྱིས་འཚོ་བྱེད་ང་རྒྱལ་བས་སྣོད་དུ་མ་གྱུར་པ་མཁྱེན་ནས་བཀའ་བསྩལ་པ།འཚོ་བྱེད་རིའི་རྒྱལ་པོ་གངས་ཅན་དུ་སོང་ལ་སྨན་ཅི་འདོད་ལོངས་ཤིག འཇིགས་སོ་ཞུས་པས།ཕྱག་ན་རྡོ་རྗེ་དང་མཉམ་དུ་སོང་ལ་ལོངས་ཤིག དེ་སྨན་དག་བླངས་ནས་དྲུང་དུ་སླེབས་པའི་ཚེ།འཚོ་བྱེད་འདི་དང་འདི་ཅི་ཞེས་གསུངས་པ་ལ་འགའ་ཞིག་ལས་ཕལ་ཆེར་མ་ཤེས།སངས་རྒྱས་ཀྱིས་དེ་དག་གི་མིང་དང་ཕན་ཡོན་སོགས་ཞིབ་ཏུ་བཀའ་བསྩལ་པས།བཅོམ་ལྡན་འདས་ཀྱིས་ཀྱང་སྨན་མཁྱེན་ལགས་སམ་ཞུས་པས་བཀའ་སྩལ་པ།འཚོ་བྱེད་སྨན་པ་ཟུག་རྔུ་འབྱིན་པ་ནི་ཡན་ལག་བཞི་དང་ལྡན་པ་ནི་རྒྱལ་པོ་ལ་འོས་པ་སོགས་ནས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་དང་།ཀུན་འབྱུང་དང་།འགོག་པ་དང་།ལམ་འཕགས་པའི་བདེན་པ་སོགས་བསྟན་པས་འཚོ་བྱེད་ང་རྒྱལ་དང་བྲལ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་ཤུལ་མེད་ཅིང་དྲི་མ་དང་བྲལ་བར་གྱུར་རོ།།དེ་ལྟ་བུའི་འཚོ་བྱེད་གཞོན་ནུ་གསོས་དེས།བཅོམ་ལྡན་འདས་ལ་ང་སྨན་དཔྱད་ཞུས་པའི་ལོ་རྒྱུས་དང་།གཞན་ཡང་ལུས་འཕགས་པོ་ལ་དཔྱད་བྱས་པས་བརྒྱ་སྟོང་རི་བའི་གོས་བེའུ་རས་སུག་པོ་ཆེ་བྱིན་པ་བཅོམ་ལྡན་འདས་ལ་ཕུལ་བ་དང་།རྒྱལ་པོ་གཏུམ་པོ་རབ་སྣང་ཅན་ཆང་ཁོ་ན་བཏུང་ཞིང་མར་མི་ཟ་བས་གཉིད་མེད་པའི་ནད་ཀྱིས་ཐེབས་པ་ལ་ཐབས་མཁས་པས་བཅོས་བྱས་པའི་ལོ་རྒྱུས་ལ་སོགས་པ་འདུལ་བ་སྨན་ལུང་སོགས་ལས་འབྱུང་ངོ་།།འཚོ་བྱེད་མཁས་པ་ཆེན་པོ་དེས་སྨན་དཔྱད་ཀྱི་བསྟན་བཅོས་བརྩམས་པའི་སྒྲོས་ལོ་རྒྱུས་རྣམས་དང་བརྒྱད་པ་རྩ་འགྲེལ་སོགས་ལའང་མི་སྣང་མོད།འཚོ་བྱེད་ཀྱི་རེག་པ་རྩ་བའི་མདོ་ཞེས་པ་ནི་བོད་སྨན་ཞིག་གིས་བྱས་པར་ཟད་ཅེས་གསུངས།

    གཉིས་པ། སངས་རྒྱས་ཀྱི་བཀའ་ལ་བསྟེན་ནས་གསོ་དཔྱད་བྱུང་ཚུལ།

    སྤྱིར་རྒྱལ་བ་ནི།སྨན་པ་ཆེ་མཆོག་གཙོ་བོ་སྟེ།།ཟུག་རྔུ་འབྱིན་པ་བླ་ན་མེད།།ཅེས་གསུངས་པ་ལྟར་ལ།བྱེ་བྲག་ཆོས་འཁོར་རིམ་པ་གསུམ་བསྐོར་བ་ལས།དང་པོའི་སྐབས་སུ་འདུལ་བ་ལུང་གི་དུམ་བུ་གསུམ་པ་སྨན་ལུང་དུ།སྨན་དང་།མས་བཏང་གི་དཔྱད་སོགས་ཅུང་ཟད་འབྱུང་ལ།གཙོ་བོར་དགེ་སློང་རྣམས་ཀྱི་སྨན་རྣམ་པ་བཞི་སྟེ།དུས་སུ་རུང་བ་དང་།ཐུན་ཚོད་དུ་རུང་བ་དང་།ཞག་བདུན་པ་དང་།ཇི་སྲིད་འཚོ་བའི་བར་དུ་བཅང་བ་རིམ་པར་ལྡེ་གུ་སོགས་དང་།ཤིང་ཏོག་ཞོ་རྩབ་ཀྱི་བཏུང་སོགས་དང་།རྩ་བའི་སྨན་ལ་སོགས་པ་བཀའ་བསྩལ་བ་དང་།

    དེའི་ཞར་དུ་འཚོ་བྱེད་གཞོན་ནུས་གསོས་ཀྱི་རག་རིམ་བཅས་འབྱུང་ལ།འཁོར་ལོ་ཐ་མ།མདོ་སྡེའི་ནང་ཚན་གསེར་འོད་དམ་པ་ལས།ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུས་ཤེས།།ཞེས་སོགས་དང་།ཡང་སྡེ་སྲིད་ཀྱིས་འཁོར་ལོ་བར་པའི་དུས་ལྷ་ཆེན་པོ་ཚངས་པ་ལ་གཅེར་མཐོང་རིག་པའི་རྒྱུད་ཆེན་པོ་ལེའུ་སུམ་སྟོང་ལྔ་བརྒྱ་པའམ་གསོ་དཔྱད་འབུམ་པར་གྲགས་པ་གསུངས་པར་ཡང་བཤད།གསང་སྔགས་བླ་མེད་པ་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་དེས་ན་སེམས་ཅན་ཀུན་ཕན་ཕྱིར་ཐམས་ཅད་སྙིང་པོ་བསྡུས་པ་ཡིན།ཞེས་སོགས་བཅུད་ལེན་གྱི་ཚུལ་དང་།འདས་པའི་དུས་སོགས་སྔོན་བྱུང་བའི་བདེ་ཆེན་བསྐལ་པ་དང་པོ་རུ།ཞེས་སོགས་དངུལ་ཆུའི་བྱུང་ཚུལ་སྦྱར་ཐབས་བཅས་པ་དང་།རོ་དྲུག་སོ་སོའི་སྡེ་ཚན།སྨན་དང་རིན་པོ་ཆེ་སྣ་ཚོགས་སྐྱེ་ཡུལ་བཟང་ངན་སོགས་རག་པ་ཙམ་དང་།ཤིན་ཏུ་འཁྱག་དང་སྤྲིན་འཁྲིགས་རུང་།།ཁྱར་པར་དུ་ནི་སོ་གའི་མཐར།།ཞེས་སོགས་དུས་བཞིར་ནད་གསོག་ལྡང་ཞི་བའི་ཚུལ་རགས་པ་ཙམ་གསུངས་སོ།།དཔལ་དུས་ཀྱི་འཁོར་ལོ་ལས་ཀྱང་།ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མཐའ་དག་རོ་དྲུག་ཟོས་ཞིང་འཐུངས་པ་དག་ལས་གྱུར་པ་སྟེ།ཞེས་སོགས་ལུས་ཆགས་པའི་ཚུལ་དང་།རླུང་འཇོམས་ལན་ཚྭ་སྐྱུར་པ་དག་ཏུ་རབ་ཏུ་འགྱུར་ཏེ།མངར་དང་ཁ་བ་དག་ནི་མཁྲིས་པའི་དགྲ།།ཞེས་སོགས་ཕྱི་ནང་གི་སྨན་བསྟེན་ཚུལ་དང་།འཆི་བའི་འཇིགས་པ་སྟེར་བར་བྱེད་པའི་ཚེར་མ་ཅན་གྱི་འདོན་ནི་ངེས་འཇོམས་ཏེ།ཞེས་སོགས་འབྲུམ་པ་ལ་སོགས་བསྲུང་བ་དང་།གསོ་བའི་ཐབས་དང་།བཅུད་ལེན་དང་།སྦྲུམ་མ་བདེ་བར་བཙའ་བའི་འཁྲུལ་འཁོར་སོགས་དང་།བླ་གནས་ཀྱི་འཕོ་ཚུལ།འདོད་པའི་བསྟན་བཅོས།རོ་བརྗོད་པའི་གཞུང་།སྲིད་སྲུང་སོགས་ཀྱང་རིག་བྱེད་རྣམས་དང་སྒོ་བསྟུན་ནས་གསུངས་པ་དང་།གཞན་ཡང་འཕགས་བོད་སོགས་འཇིག་རྟེན་ན་སྨན་གྱི་རིགས་གཏེར་ནས་བྱུང་བ་དང་།ཕན་ཡོན་དངོས་སུ་འབྱུང་བ་མཐའ་དག་ཀྱང་དངོས་དང་བརྒྱུད་ནས་རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་བཀའ་ལ་བསྟེན་ནས་བྱུང་བ་ཤིན་ཏུ་རྒྱ་ཆེ་ལ་རྒྱུན་མི་ཆད་པ་ཞིག་ཡོད་པས་སྨྲ་མི་སྤོབས་ཞེས་ཁུམ་མི་དགོས་ཀྱང་ཡི་གེ་མང་བས་དེ་ཙམ་མོ།།གཞན་ཡང་རིན་ཆེན་སྤུངས་པར།སྤྲུལ་བའི་རྒྱ་ནག་རི་བོ་རྩེ་ལྔ་རུ།།འཇམ་དཔལ་དབྱངས་ཀྱི་ནམ་ཚོར་སྤྲུལ་ནས་བཤད།།རྡོ་རྗེ་གདན་དང་རི་བོ་བྱ་རྐང་དུ།།སྤྱན་རས་གཟིགས་ཀྱིས་དྲང་སྲོང་སྤྲུལ་ནས་བཤད།།ཨོ་རྒྱན་ཡུལ་དང་གོ་འུ་ཤནྟི་ལ།།ཕྱག་ན་རྡོ་རྗེས་བདུད་དུ་སྤྲུལ་ནས་བཤད།།ཅེས་པའི་ལུང་ལ་བསྟེན་ནས།འཇམ་དཔལ་དབྱངས་ཀྱིས་མགོ་བཅོས་བདུད་རྩིའི་ལྷུང་བཟེད།མངལ་བཅོས་རིན་པོ་ཆེའི་མཛོད་ལྔ།མདོ་འགྲེལ་ཆེ་ཆུང་སོགས་དང་།སྤྱན་རས་གཟིགས་ཀྱིས་རྒྱན་དམ་པ་བདུད་རྩིའི་ཐིག་པ་སོགས་དང་།ཕྱག་ན་རྡོ་རྗེ་རོ་བཀྲ་འཕྲུལ་མེ།འཇམ་བཅོས་ཆེ་ཆུང་།ལྕང་ལོ་ནག་པོ།པརྨ་གྲུངས་པ་སོགས་མཛད་པར་བཤད་ཅིང་དེའང་སྔ་རབས་པ་རྣམས་རྗེས་སུ་གནང་བའི་བཀའ་རུ་འདོད།སྭོ་ར་སོགས་བྱང་ཆུབ་སེམས་དཔའི་ལུགས་སུ་འཆད་ཀྱང་།ཟུར་མཁར་བའི་སྨན་གྱི་ཆོས་འབྱུང་དུ་བཀག་པ་ལྟར་རོ་གསུངས།ཡོངས་སུ་གྲགས་པའི་དཔལ་ལྡན་རྒྱུད་བཞི་ནི་སྟོན་པ་སྨན་གྱི་ནགས་སུ་བཞུགས་པའི་དུས་བཀའ་དངོས་སུ་འདོད་པ་དང་།གཏེར་མ་དང་།བསྟན་བཅོས་སོགས་འདོད་པ་མང་ཡང་སྐབས་བབས་རྗེས་སུ་བཤད་དོ།།

    གསུམ་པ། ཐུབ་པའི་དབང་པོའི་རྗེས་སུ་ཇི་ལྟར་བྱུང་ཚུལ།

    འཕགས་པ་ཀླུ་སྒྲུབ་སྔོན་ཙམ་དུ།རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཞིག་ཏུ་རྟ་མཁན་གྱི་རིགས་ལས་བྱུང་བའི་སྨན་པ་ཉི་མའི་སྲུང་པས།སྨན་དཔྱད་ཀྱི་གཞུང་གཅེས་པར་གྲུབ་པ་ཞེས་བྱ་བ་ལེའུ་སུམ་ཅུ་རྩ་གཅིག་པ་ཞིག་བྱས་པ་ནི།དྲང་སྲོང་གཞུང་ལས་སྐྱེས་དང་།དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་གཞུང་རྣམས་ལ་བལྟས་ནས་བྱས་པར་བཤད།གཞུང་འདི་ལ་ཡན་ལག་བརྒྱད་པའི་དོན་ཇི་བཞིན་མ་ཚང་བའི་ཕྱིར།གཞུང་འདི་ཙམ་ཤེས་པ་ལ་འཕགས་ཡུལ་བའི་མཁས་པ་རྣམས་སྨན་པར་མི་བགྲང་ངོ་།།དེ་ནས་རྒྱལ་བས་མདོ་རྒྱུད་ཉི་ཤུ་རྩ་གཉིས་ནས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་རྒྱ་གར་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྱོན་ཏེ།དེའང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་མཚམས་སུ་སྐུ་འཁྲུངས།སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ།བྱ་བ་རྒྱ་ཆེན་པོ་མཛད།བྱེ་བྲག་མ་རྟོགས་པའི་དོན་དུ་བསྟན་བཅོས་མང་དུ་མཛད་པ་ལས།སྨན་དཔྱད་ཀྱི་སྐོར་ཡང་།སྦྱོར་བ་བརྒྱ་པ།འཚོ་བའི་མདོ།ཚིགས་སུ་བཅད་པ།རྩྭ་ཨ་ཝའི་ཆོ་ག སྨན་ཆེན་པོའི་རིམ་པ།དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ།གསེར་འགྱུར་དང་དྲི་ཡི་སྦྱོར་བ་སོགས་མཛད།ཇི་སྐད་དུ།རིང་དུ་གྲགས་པའི་གསོ་དཔྱད་ཀྱི་མཐའ་ཡས་རྒྱུད་ཀྱི་གཅེས་པ་བླངས།སྨན་པ་མཁས་པས་རབ་མཆོད་པས་སྦྱོར་བ་བརྒྱ་ཡིས་བཅིངས་པར་བྱས།ཞེས་གསུངས་པས་སྦྱོར་བ་བརྒྱ་པ་ནི་དྲང་སྲོང་གི་རྒྱུད་ལ་བརྟེན་པར་བཤད་ལ།འཚོ་བྱེད་གཞོན་ནུས་གསོས་ཚེ་ཡི་རིག་འཛིན་བསྟེན་ནས་དེའི་སློབ་མ་འཕགས་པ་ཀླུ་སྒྲུབ་ཡིན་པར་བྲིས་པ་ནི་རྒྱུ་མཚན་མེད་པའི་གཏམ་ཡིན་གསུངས།ཡང་དཔལ་རྒ་ལོའི་མགོན་པོའི་ལོ་རྒྱུས་ལས།སློབ་དཔོན་ཀླུ་སྒྲུབ་ལ་མཁའ་འགྲོ་མ་སྐལ་པ་བཟང་མོས་ལུང་བསྟན།ཤར་ཕྱོགས་མྱ་ངན་མེད་པའི་གླིང་ཆོས་བཟང་སྤྲིན་གྱི་སོ་འཇོམ་ནས་མགོན་པོའི་རྒྱུད་བརྒྱད་སྤྱན་དྲངས་པའི་ཚེ།གསོ་བ་རིག་པའི་རྒྱུད་ཞིག་ཀྱང་སྤྱན་དྲངས་པར་བཤད་པ་ནི།རྗེ་གཡུ་ཐོག་པ་ལ་ཊ་ཀི་དཔལ་ལྡན་ཕྲེང་བས་གནང་བའི་ལྕང་ལོ་ནག་པོའི་རྒྱུད་དང་གཅིག་གམ་སྙམ་ཞེས་བཻ་ལོ་གསུངས་སོ།།ཀླུ་སྒྲུབ་སློབ་མ་བཙུན་པ་དཔའ་བོའམ་ཕ་ཁོལ་ནི་རྒྱལ་བས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་སྟེ།རྒྱ་གར་བྱང་ཕྱོགས་སུ་བྲམ་ཟེའི་རིགས་སུ་འཁྲུངས་པར་བཤད།ཐོག་མར་ཕྱི་བ་བྱས་ཀྱང་ཕྱིས་ནང་པར་གྱུར།ཚངས་པའི་གསོ་དཔྱད་འབུམ་པ་དང་།རྒྱུན་ཤེས་བུས་བྱས་པ་ལ་སོགས་པ་དྲང་སྲོང་གི་བསྟན་བཅོས་མཐའ་དག་ཉེར་མཁོ་བསྡུས་ཏེ།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བའི་སྨན་དཔྱད་ཀྱི་བསྟན་བཅོས་གནས་དྲུག་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་སྙིགས་དུས་ཀྱི་འགྲོ་ལ་ཕན་པའི་ཕྱིར་བརྩེ་བས་བརྩམས་པ་ན།ཇི་སྐད་དུ།ས་གསུམ་དགེ་ལེགས་འགྱུར་བ་ཡི།།དགེ་བའི་ལྟས་ནི་སྣ་ཚོགས་བྱུང་།།ཞེས་གསུངས་པ་ལྟར་ས་འོག་ཀླུ་ཡི་ཡུལ་དུ་འོད་སྣ་ཚོགས་ཀྱི་ཁུག་རྣ་དང་སྤྲིན་དུ་ཆགས་པ་དང་།དེ་ལ་བདུད་རྩིའི་ཆར་བབས་པ།ཤིང་རྣམས་ལ་དུས་མིན་དུ་འབྲས་བུ་སྨིན་པ་གསུམ་ས་བླ་ལྷ་ཡི་ཡུལ་དུ་བ་དན་དང་རྒྱལ་མཚན་གཡོ་བ།དེ་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་ཀུན་ཁྱབ་པ།མེ་ཏོག་གི་ཆར་འབབས་པ་སྟེ་གསུམ་ས་སྟེང་མིའི་ཡུལ་དུ་ས་གཡོ་བ།ཨུཏྦལ་ལའི་ཆར་འབབས་པ།དུག་གི་མེ་ཏོག་རྙི་པ།གསེར་གདུགས་རང་བཞིན་གྱིས་འཁོར་བ།དུང་རྣམས་རང་སྐད་འབྱིན་པ།ཤིང་གི་བཅད་བཅད་ནས་འོ་མ་དང་དང་སྦྲང་རྩི་འབབས་པ།ལུས་འཕགས་རྒྱལ་པོ་ནོར་འཛིན་དམུས་ལོང་ལ་མིག་བྱུང་བ།ཡུལ་དབུས་འགྱུར་ཆང་གིས་མས་ནད་ཆད་པ།མུ་སྟེགས་ཀྱི་མཁན་པོ་ང་རྒྱལ་ཆག་པ།རྫ་རྔ་ལས་རིག་སྔགས་ཀྱི་སྒྲ་འབྱུང་བ།དཀོན་མཆོག་གི་རྟེན་རྣམས་མདངས་དང་ལྡན་པ།ནང་པའི་པཎྜི་ཏ་རྣམས་ཀྱིས་ཤིས་པ་བརྗོད་པ་སྟེ་བཅུ་གཉིས་དང་བཅས་པ་དེ་ལྟར་ས་གསུམ་དགེ་ལེགས་ཀྱི་མཚན་མ་བཅོ་བརྒྱད་གསལ་བར་གྱུར་རོ།།གཞུང་དེ་ལ་སློབ་དཔོན་རང་གིས་བཀའ་འགྲེལ་བརྩམས་ཤིང་དེའི་ལྷན་ཐབས་སུ་བརྒྱད་པ་ལ་འཇུག་པ་དང་བསྡུས་པ་གཉིས་ཀྱང་མཛད་པ་ཟླ་ཟེར་ལས་དྲངས་པས་ཤེས་སོ།།སློབ་དཔོན་འདིས་ཡན་ལག་བརྒྱད་པ་ཆེན་པོ་ཞེས་བྱ་བའི་བསྟན་བཅོས་མཛད་ཅེས་བོད་འདིར་གྲགས་པ་ནའང་མི་འཐད་པའི་གཏན་ཚིག་བཅས་གསུངས་སོ།།འདི་ལྟར་ཡན་ལག་བརྒྱད་པ་ལ་སོགས་པའི་ཁུངས་ནི་དྲང་སྲོང་གི་གཞུང་ཡིན་པ་ནི་ཟླ་ཟེར་ལས་གསལ་ལ།དེ་ལྟ་བུ་མཛད་པོ་སློབ་དཔོན་ཕ་ཁོལ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་ཡིན་མོད།གསོ་དཔྱད་ནི་གཙོ་ཆེར་རང་གི་ཡབ་དགེ་འདུན་གསང་བ་ལས་བརྒྱུད་པར་གསལ་ལོ།།དེའི་འགྲེལ་པ་ཟླ་ཟེར་ནི་ཁ་ཆེའི་པཎྜི་ཏ་ཟླ་དགས་བྱས་པ་སྟེ་འདི་རྣམས་དེང་སང་བསྟན་འགྱུར་ནང་བཞུགས་པས་སྨན་པ་དག་གིས་གཟིགས་རྟོགས་ཅུང་ཟད་མཛད་ན་གསོ་རིག་ལམ་གྱི་མིག་བྱེ་བར་འགྱུར་སྙམ་ཞུ།གཞན་ཡང་ཁ་ཆེ་ཟླ་དགས་སྨན་མིང་ཟུར་བཀོལ་སྒྲ་སྦྱོར་ངེས་པའང་ཞེས་པའང་མཛད་པ་དེའང་བསྟན་འགྱུར་ནང་བཞུགས་པས།དེས་ན་སློབ་དཔོན་འདི་དག་ནི་གསོ་དཔྱད་ཀྱི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེའོ།།དེའི་སློབ་མ་རྒྱལ་པོ་ཐ་ག་ན་སོགས་མང་དུ་ཡོད་པ་ལས་ལོ་ཆེན་རིན་ཆེན་བཟང་པོའི་བར་སྨན་བརྒྱུད་རྒྱ་གར་དུ་བྱུང་ཚུལ་སློབ་དཔོན་ཕ་ཁོལ་ལམ་དཔའ་བོ།ཁ་ཆེ་ཟླ་དགའ།དགའ་བྱེད་དམ་བུ།ཡུལ་ཅན་སྙིང་པོ།ཀུན་འཚོ་དམ་པ།རིག་རྒྱལ་གཞོན་ནུ།ངེས་པར་རྙེད་པ།རླུང་མཁྲིས་འཇོམས་པ།གསོ་བ་དགེ་བ།འགྲོ་བའི་ཕ་རྒན།འཚོ་བྱེད་གྲུབ་པ།ངེས་པའི་མཐུ་ཅན།གཡོ་མེད་རྟོགས་ལྡན།བྷཱུ་ཛྫ་ཧ་ལ།ཚེ་བརྟེན་ལྷ་བྱིན།ཐབས་ཀྱི་དགེ་བསྙེན།ཆེ་ལུང་དད་མཆོག དེ་ཛ་ནརྦྷ་ན།དེས་ལོ་ཆེན་རིན་ཆེན་བཟང་པོ།ལོ་ཆེན་དེས་བརྒྱད་པ་རྩ་འགྲེལ་སོགས་བོད་སྐད་དུ་བསྒྱུར་བ་ཡིན་ནོ།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།