དབུ་ཤོག>བོད་ལུགས་གསོ་རིག
  • དཔལ་ལྡན་རྒྱུད་བཞི་ལ་བསྟེན་ནས་སྨན་དཔྱད་བྱུང་ཚུལ།

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     རྩོམ་པ་པོ།  བཻ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས།   |     སྤེལ་དུས།  2016-06-07

    སྤྱིར་རྒྱུད་བཞི་འདི་ཉིད་སྟོན་པ་ཤཱཀྱ་ཐུབ་པ་སྨན་བླའི་སྐུར་བཞེངས་ནས་དྲང་སྲོང་ལྷུང་པ་རི་དྭགས་ཀྱི་ནགས་ཚལ་ལམ་སྨན་གྱི་གནས་སུ་བཞུགས།དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་མཆེད་བཞིར་སྤྲུལ་ནས་ཞུ་བ་ཞུ་ལན་གྱི་ཚུལ་དུ་གསུངས་པ་སྒྲ་ཇི་བཞིན་བཀའ་དངོས་སུ་བཞེད་པ་དང་།དེ་ཉིད་ལོ་ཆེན་བཻ་རོས་རྒྱ་གར་ནས་སྤེལ་བ།སློབ་དཔོན་སརྨ་སོགས་ཀྱིས་གཏེར་དུ་སྦས་པ་གྲྭ་པ་མངོན་ཤེས་ཅན་གྱིས་གདན་དྲངས།གཡུ་ཐོག་མགོན་པོའི་བར་དུད་བརྒྱུད་པ་དང་།དེས་ཁ་པའང་མང་ཞིག་མཛད་པར་བཞེད་པར་བཞེད་པ་དང་།གཡུ་ཐོག་པ་རང་གིས་མཛད་པའི་བསྟན་བཅོས་སུ་བཞེད་པ་བཅས་དང་།སི་ཏུ་ཆོས་འབྱུང་གིས་ཕྱི་ལྟར་བཀའ་མ།ནང་ལྟར་གཏེར་མ།གསང་བ་གཡུ་ཐོག་པའི་བསྟན་བཅོས་སུ་བཞེད་པ་ཡོད་ཅེས་སྡེ་སྤར་ཕྱི་རྒྱུད་གཤམ་གྱི་སྤར་བྱང་ལས་གསུངས་པ་དང་།བཻ་ལོ་ནི་ཟུར་མཁར་བློ་གྲོས་རྒྱལ་པོའི་རྗེས་སུ་འབྲངས་ཏེ་བསྟན་བཅོས་སུ་ཁ་ཚོན་གཅོད་ནས་བཞེད་པ་སོགས་མང་ཡང་།དོན་ལ་རྒྱ་གར་ནས་བྱུང་བའི་ཡན་ལག་བརྒྱད་པ་སོགས་དང་།རྒྱ་ནག ཞང་ཞུང་།བོད་སོག་ཀྱི་སྨན་དཔྱད་ཇི་སྙེད་པའི་དོན་འདུས་པར་མ་ཟད།རྒྱལ་བའི་བཀའ་མདོ་རྒྱུད་ཀུན་གྱི་དོན་དང་མི་འགལ་བར་གངས་ཅན་ལྗོངས་སོགས་སྐྱེ་རྒུ་མཐའ་དག་གི་ནད་རིགས་མ་ལུས་པའི་ཟུག་རྔུ་འབྱིན་པ་ལ་རྨད་དུ་བྱུང་ཞིང་།ངོ་མཚར་ཆེ་བའི་ཡིག་ཆ་ཡིན་པར་མཁས་པ་ཐམས་ཅད་ཞལ་མཐུན་ནོ།།དེ་ལྟ་བུ་གང་ལས་བྱུང་བ་ནི་མཁས་པ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོ་ཉིད་ལས་ཏེ།དེ་ནི་ཉང་སྟོད་ཀྱི་ས་ཆར།འདྲེ་ཆེན་པོ་རྒྱལ་བའི་བློ་གྲོས་དང་ཤེས་རབ་འབར་ལ་སོགས་དགེ་བའི་བཤེས་གཉེན་དུ་མ་བྱུང་ཞིང་།ལུགས་གཉིས་ཀར་དབང་འབྱོར་བ་དེ་ལས།བར་སྐབས་སུ་འདྲེ་རྗེ་རྒྱ་གར་རྡོ་རྗེ་ཞེས་བྱ་བ་བྱུང་སྟེ།རྒྱ་བོད་ཀྱི་མཁས་གྲུབ་དུ་མ་བསྟེན་ནས་རིག་པའི་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པ་ལ་མཁས་པར་གྱུར།ནམ་ཞིག་ན་རྒྱ་རག་ཀ་བ་འཕྲང་ན་གནས་པའི་མི་མ་ཡིན་ནད་ཀྱིས་བཏབ་པའི་སྨན་པ་མཛད།དེ་ནད་ལས་གྲོལ་བའི་བྱ་དགའ་ལམ་དུ་བུད་མེད་འབྱོར་བ་གཡུ་ཆས་ཅན་གྱི་རོ་ཆུས་ཁྱེར་བ་རྙེད།གཡུ་རྣམས་བླངས་ཏེ་ཁང་སྟེང་དུ་སྐམ་བཅུག་པས་ཡུལ་མིས་རྒྱ་གར་རྡོ་རྗེ་ལ་གཡུ་མིང་ཐོག་འདུག་ཅེས་བྱས་པས་གཡུ་ཐོག་པར་གྲགས།དེས་སྨན་གྱི་དྲང་སྲོང་སྒྲུབ་པས་གྲུབ་ནས་བརྒྱུད་པ་དང་བཅས་པར་བྱིན་གྱིས་བརླབ་པོ་ཞེས་གྲགས།དེ་ལ་སྲས་བརྗིད་པོ།གྲགས་སེང་།ཁྱུང་པོ་གསུམ་བྱུང་ཆེ་བ་བརྗིད་པོས་གཡུ་ཐོག འབྲིང་པོས་ལུང་དམར།གཞོན་པས་སྒོ་བཞི་རེ་ཐང་བཟུང་ནས་སོ་སོས་སྨན་གྱི་གྲོང་ཁྱེར་ཕྲིན་ལས་རྒྱ་ཆེར་བསྐྱངས།ཆེ་བ་བརྗིད་པོ་ལ་སྲས་འབུམ་སེང་མཆེད་གཉིས་དང་འབྲིང་གྲགས་སེང་ལ་སྲས་མ་བྱུང་།ཆུང་བའི་སྲས་ཡོན་ཏན་མགོན་པོ་སྟེ་སྨན་གྱི་བླ་མ་ཉིད་གངས་ཅན་པ་ཐམས་ཅད་ཀྱི་མགོན་དུ་སྐུ་བཞེངས་པ་ཡིན་གསུངས།དགུང་ལོ་བརྒྱད་ནས་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མཁྱེན་པ་རྒྱས།རྒྱ་གར་དུ་ལན་དྲུག་སོགས།རྒྱ་དཀར་ནག་ཀུན་ཏུ་ཕེབས་ཏེ་མཁས་གྲུབ་ཀྱི་བླ་མ་ཤིན་ཏུ་མང་པོ་བསྟེན།སྔོན་གྱི་དྲང་སྲོང་རིག་འཛིན་ཚེ་ལ་དབང་བ་ཐམས་ཅད་དང་།རྒྱ་ནག་གི་མཁས་པ་ཤུ་ཥཾ་སོགས་དང་ཡང་དངོས་སུ་མཇལ་ཏེ་ཚེ་རིག་གཞུང་གདམས་མན་ངག་ཕྱོགས་གཅིག་ཀྱང་མ་ལུས་པ་དངོས་སུ་གསན་ཅིང་ཀློང་དུ་གྱུར།ཨོ་རྒྱན་དུ་བྱོན་ནས་མཁའ་འགྲོའི་གཙོ་མོ་དང་དཔལ་ལྡན་ཕྲེང་བས་རྗེས་སུ་བཟུང་།ཡན་ལག་བརྒྱད་དང་ལྕང་ལོ་ནག་པོའི་རྒྱུད།།བསིལ་ཟེར་གནད་དང་རྒྱུད་རིགས་བཅུ་བདུན་ལྔ།།དེ་ལ་སོགས་ཏེ་ཟབ་གནད་གདམས་པ་རྣམས།།མ་ལུས་སོ་སོར་བདག་གིས་ཀུན་ཐོས་ནས།།རང་བཞིན་མཁའ་འགྲོ་མ་དེའི་གསུང་ཐོས་བཞིན།།བར་ཆད་མི་འབྱུང་གསོལ་བ་བཏབ་པ་ཡིན།།བུ་སློབ་སེམས་ཅན་འདྲེན་པའི་ལུང་བསྟན་གསུངས།།ལུས་སེམས་གདུངས་པའི་ལྷ་མོའི་གསུང་སྒྲོས་རྣམས།།དད་དང་གུས་པས་ཡི་གེའི་རིས་སུ་བྲི།།ཞེས་སོགས་པ་ལྟར་དང་།ཡང་མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན།།ང་བདེ་བར་གཤེགས་ཀུན་གྱི་ཕོ་ཉ་ཡིན།།སྐུ་ལུས་གཟུགས་ཀྱི་ཕུང་པོ་འདི།།སྙིགས་མ་བདོས་བཅས་རང་སར་དག།ཡི་དམ་ལྷ་ཡི་ངོ་བོར་གྲུབ།།འཇའ་ཚོན་ལྟ་བུར་ངོས་བཟུང་མེད།།ཆུ་ཟླའི་གར་བཞིན་ཅིར་ལང་འཆར།།ངག་གྲགས་སྟོང་བྲག་ཆའི་གླུ་དབྱངས་ལས།།བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོགས།།གང་ལ་གང་འདུལ་ཆོས་ཆར་འབེབ།།སེམས་ཅན་ཀུན་སྨིན་གྲོལ་ལམ་ལ་བཀོད།།སེམས་གསལ་སྟོང་སྤྲོས་བྲལ་གཉུག་མའི་ངང་།།བདེ་ཆེན་ཁྱབ་གདལ་རྒྱུན་ཆད་མེད།།སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ།།སྤྲོས་མཚན་རང་སར་ཐིམ་ནས་འདའ།།ཞིང་ཁམས་བརྒྱ་ལ་དུས་གཅིག་འགྲོ།།སངས་རྒྱས་བརྒྱ་དང་དུས་གཅིག་མཇལ།ཞེས་སོགས་དང་།ཇག་པ་ལ་ལྟ་སྟངས་གཅིག་གིས་ཐམས་ཅད་རེངས་པ་དང་ཤ་ཟ་ཁྲོ་ལ་སྡིག་མཛུབ་གཏད་པས་འགྱེལ་བ་དང་།ཆུ་བོ་ཆེན་པོར་གྲུ་གཟིངས་ལས་བྱོན་པའི་ཚེ་གྲུ་ཞིག་པས་མཁའ་ལ་འཕུར་ནས་གྲོགས་ཀྱང་ཆུ་བོ་ལས་བསྒྲལ་བ་དང་།བྲག་རི་ལ་ཐལ་བྱུང་དུ་འགྲོ་བ་དང་།ནམ་མཁའ་ལ་ཉིན་ཕྱེད་བར་བཞུགས་པ་དང་།ཉི་མ་བཙོན་དུ་འཛིན་པ་དང་།ཨ་རུ་རའི་ཆར་བབས་པ་དང་།རྒྱ་གར་རྡོ་རྗེ་གདན་ནས་བོད་དུ་ཉི་མ་གཅིག་གིས་བྱོན་པ་དང་།འབྱུང་བཞི་ལ་རང་དབང་བསྒྱུར་བ།མུ་སྟེགས་ཀྱི་རྒོལ་བ་ཟློག་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ཅན་ནོ།།དེས་སྐུ་ཚེའི་སྟོད་ལ་ཡན་ལག་བརྒྱད་པ་བསྡུས་པ་དང་།མདོ་གནས་ལེའུ་དང་པོའི་འགྲེལ་པ་དང་།ནང་བརྟག་པ་ལ་གཙང་དཔྱད་རིག་པ་རང་གསལ་ཞེས་བྱ་བ་སོགས་སྡེ་ཚན་ལྔ་བརྩམས།དེ་ནས་ཇི་སྐད་དུ།

    ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས།།དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད།།མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད།།ནང་པའི་འཁོར་ལ་རིག་གསུམ་མགོན་པོའི་སྐོར།།གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན།།འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ།།ཞེས་སོགས་འབྱུང་བ་ལྟར་གྱིས་དཔལ་ལྡན་རྒྱུད་བཞི་རྩལ་དུ་བཏོན་ནས་མཛད།དེའི་རྗེས་སུ་རྒྱུད་ཆུང་བདུད་རྩི་སྙིང་པོ་དང་།རྒྱུད་ལ་གསེར་མཆན་དང་ཟངས་མཆན་ཡང་བཏབ།གཞན་ཡང་མན་ངག་གི་ཤོག་དྲིལ་སྐོར་གསུམ།ཞལ་གདམས་ལྡེ་མིག་སྐོར་དྲུག་རྣམས་དང་རྒྱུད་བཞིའི་ཆ་ལག་ཏུ་སྐོར་ཚོམ་བཅུ་གཅིག་པ།ལག་ལེན་རིན་ཆེན་གཏེར་སྤུངས།དམར་ཁྲིད་ཡིག་ཆུང་།གབ་པ་བཅོ་བརྒྱད།མེད་ཐབས་མེད་པའི་གདམས་པ།ཁ་འཐོར་རིན་ཆེན་སྤུངས་པ།ཁྱད་པར་ཟབ་པ་རྣམ་གསུམ།ངོ་མཚར་བཞི་སྤྲུག་བདུད་རྩི་སྙིང་པོ་མུ་ཏིག་ཕྲེང་བ་རྣམས་མཛད།སྒྲོལ་མས་གསུངས་ཞེས་སྔོ་ཡི་འཁྲུངས་དཔེ།རིན་ཆེན་འཁྲུངས་དཔེ་སོགས་ཀྱང་གཡུ་ཐོག་པའི་གསུངས་ཟིན་བྲིས་བྱས་པའི་རིགས་སུ་ངེས་ཤིང་།གཞན་བསྟན་བཅོས་དུ་མ་ཞིག་མཛད་པར་གྲགས་སོ།།ཐུན་མོང་མ་ཡིན་པ་བྱིན་རླབས་བླ་སྒྲུབ་སྙིང་ཏིག་སྐོར་བསྐྱེད་རྫོགས་འདི་རྣམས་རྒྱུད་ཀྱི་ཆ་ལག་ཏུ་བགྲང་མ་ངེས་སོ།།དང་ལྟའི་ཆ་ལག་བཅོ་བརྒྱད་འདི་ལས་གོང་བཤད་སྐོར་ཚོམ་བཅུ་གཅིག་སོགས་གཡུ་ཐོག་པའི་གསུང་དངོས་ཡིན་ཅིང་།ས་དཔྱད།ཊཱ་ཀ རྩོད་ཟློག་བཞི་ནི་སུམ་སྟོན་གྱི་གསུང་ཡིན།ཁོག་དབུབ་ཁྱུང་ལྡིང་།སྟོང་ཐུན་འཇའ་རིས།མིང་དོན་བརྡ་སྤྲོད།སྔགས་འབུམ་བཞི་ནི་རས་སྨན་མགོན་པོ་ཞེས་དཀར་ཆག་མེ་ལོང་ཕྲེང་བ་མཛད་མཁན་དེས་མཛད་ཟེར་རོ།།དེ་རྣམས་གཞུང་ལུགས་སྤྱི་དང་མཐུན་མིན་གྱི་དགག་སྒྲུབ་མཛད་མཁན་ཡོད་ཀྱང་།རྒྱུད་ཀྱི་གསལ་བྱེད་དུ་འགྱུར་ངེས་ཀྱི་ལེགས་བཤད་ཀྱང་མང་བས་སྐྱབས་མགོན་སི་ཏུ་རིན་པོ་ཆེས་འདི་རྣམས་དོན་ལ་བསྟེན་དགོས་ཞེས་གསུངས་སོ།།ཞེས་བཻ་ལོས་གསུངས།རྗེ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ལ་སྲས་ལྔ་བྱུང་བའི་བར་པ་ཉི་མ་ལུང་དམར་དུ་བྱོན་པ་ལ་སྲས་བསོད་སེང་།དགའ་དགའ།བཀྲ་ཤིས་མགོན།དགེ་བཤེས་མགོན་རིན་རྣམས་རིམ་བཞིན་བྱུང་།འབུམ་སེང་ལ་སྲས་འཇམ་དཔལ་འཁྲུངས།འདི་བྲང་ཏི་འཇམ་དཔལ་བཟང་པོའི་སློབ་དཔོན་ཡིན།བསོད་སེང་སྤུན་གཉིས་ཀྱིས་གཡུ་ཐོག་པའི་ཚ་མོ་ཞིག་ལ་མག་པ་དབོན་དགའ་ཞེས་པ་དང་བཅས་སྒོ་བཞི་བཟུང་བཅོལ་བས་སྲས་འགའ་ཞིག་བྱུང་ནས་རི་ཐང་ཤར་ནུབ་བྱོས།དེ་ལས་ཀྱང་གྱེས་པའི་མི་རབས་ད་ལྟའི་བར་དུ་ཡོད་དོ།།

    མདོར་ན་སྨན་རྒྱལ་གཡུ་ཐོག་མགོན་པོ་ནི།ཕྱི་ལྟར་ན་གནས་ལྔ་རིག་པའི་པཎྜི་ཏ།ནང་ལྟར་ན་གྲུབ་པ་ཆེན་པོའི་ས་ལ་གནས་པའི་རྡོ་རྗེ་འཛིན་པ་ཆེན་པོ།གསང་བ་ལྟར་ན་སྨན་པའི་རྒྱལ་པོ་ཉིད་མི་གཟུགས་སུ་བྱོན་པ་དངོས་སོ།།དེ་ཡིས་རྗེས་སུ་བཟུང་བའི་སློབ་མ་ཤིན་ཏུ་མང་ནའང་།གྲགས་ཆེ་བ་རྣམས་ནི།རྗེ་སྨན་ལེབ་པོ།བྱང་སྨན་དཔལ་ལེ།འབལ་སྨན་ཉི་མ་དཔལ།སྟོན་པ་ཨ་ཚེས་གཡུ་ཐོག་བསོད་སེང་།རྗེ་ཡེ་ཤེས་བཟུང་།ཤཀ་རམ་པ་ཉི་མ་དཔལ།གཡུ་ཐོག་འབུམ་སེང་།དགེ་བཤེས་རོག་ཆུང་།གཡུ་ཐོག་བཀྲ་ཤིས་མགོན་རྣམས་དང་ཁྱད་པར་སུམ་སྟོན་ཡེ་ཤེས་བཟུང་ནི་ཐུགས་ཀྱི་སྲས་དམ་པ་ཆིག་བརྒྱུད་ཀྱི་གདམས་པ་ཐམས་ཅད་གནང་བ་དེ་ཇི་སྐད་དུ།མཁས་པ་གཡུ་ཐོག་མགོན་པོ་ཡི།།གདམས་ངག་རྫོགས་པ་ཁོ་བོ་ཙམ།།གཡུ་ཐོག་བཀའ་བབ་བདག་ལ་བབ།།ཞེས་སོགས་སུམ་སྟོན་རང་གིས་གསུངས་བ་ལྟར་སྤྱིར་རིག་གནས་རྒྱ་མཚོ་ཙམ་མཁྱེན་ཅིང་།གཡུ་ཐོག་པའི་ཞབས་ཕྱི་ལོ་བཅུ་གཉིས་ལ་མཛད་པས་རྒྱུད་བཞི་ཆ་ལག་དང་བཅས་པ་གནང་།ལོ་བཅུ་གཉིས་བར་བཀའ་རྒྱས་བཏབ།ཊི་ཀ་མུན་སེལ་སྒྲོན་མེ།གེགས་སེལ་རྩོད་ཟློག་འཁོར་ལོ་མཛད།ཁ་ཅིག་འདི་གཉིས་སྟོད་སྟོན་དཀོན་མཆོག་སྐྱབས་ཀྱིས་མཛད་ཟེར་འགྲེལ་པ་འབུམ་ནག གཡུ་ཐོག་པའི་གསང་བའི་རྣམ་ཐར།བླ་སྒྲུབ་ཀྱི་བཀའི་བསྡུ་བ་པོ་མཛད་པ་སོགས་རྒྱལ་ཚབ་ཀྱི་མངའ་གནང་བའོ།།དེས་གྱིམ་ཕྱོགས་པ་གཞོན་ནུ་ཡེ་ཤེས་ལ་གནང་ནས་སུམ་སྟོན་ལ་བཀའ་བསྲོལ་ཞུས་ཏེ།གཡུ་ཐོག་འབུམ་སེང་ཁུ་དབོན་ལ།འབུམ་སེང་ནས་བརྒྱུད་པ་གཞན་དུ་མར་གྱེས་སོ།།གཡུ་ཐོག་བཀྲ་ཤིས་མགོན་གྱིས།རྐྱང་སེལ་དུམ་ཁྲིད་སོགས་འགའ་རེ་མཛད།རྒྱུད་འདི་ལ་འགྲེལ་པ་མཛད་པ་ནི།གཡུ་ཐོག་འབུམ་སེང་།བི་ཇི་ལེགས་ལྡན་མགོན།ཆེར་རྗེ་ཁྲི་འོད།འུག་པ་ཆོས་སེང་།གདོང་ནག་པ།ལྕེ་སྨན་དར་རྒྱས།ཕག་སྟོན་ཤཱཀྱ་མགོན།བྲང་ཏི་དཔལ་ལྡན་འཚོ་བྱེད།སྟོང་སྨན་ནམ་མཁའ་རྒྱལ་མཚན།མཐའ་བཞི་ཤཱཀྱ་དར།སྔགས་འཆང་གཟུང་དཔལ་སོགས་བྱུང་ཞིང་།རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེས་སྨན་མིང་རྒྱ་མཚོ་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་མཛད།རྒྱུད་བཞིའི་ཁོག་དབུབ་ཏུ་གྲགས་པའང་།ཆེར་རྗེ་ཞིག་པོ།ཕག་སྟོན་ཤཱཀྱ་མགོན།སྨན་སྟོན་གཞོན་རིན།བྲང་ཏི་དཔལ་ལྡན་འཚོ་བྱེད།སྒྲ་པ་ཚོགས་གཉིས་རྒྱ་མཚོ།ཆོས་ཀྱིས་དབང་ཕྱུག སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱིས་མཛད་ཟེར་བ་རྣམས་ཡོད།བྲང་ཏི་ནས་བརྒྱུད་ལུགས་ནི།བྲང་ཏི་དཔལ་ལྡན་བཟང་པོ་ནི་ཡན་ལག་བརྒྱད་པའི་ཕྱོགས་ལ་བརྟེན་པ་ཡིན་ཞིང་།དེ་སྲས་རྒྱལ་བ་བཟང་པོ།དཔལ་ལྡན་འཚོ་བྱེད་གཉིས་ཡོད།དཔལ་ལྡན་འཚོ་བྱེད་ཀྱིས་རང་གི་གཅེན་བྲང་ཏི་དཀོན་མཆོག་སྐྱབས་དང་།

    ཕག་སྟོན་ཤཱཀ་མགོན་སོགས་ལས་དཔལ་ལྡན་རྒྱུད་ཆ་ལག་དང་བཅས་ཞུས།རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་རབ་གསལ།ཕྱི་རྒྱུད་ཀྱི་འགྲེལ་པ་ཚུལ་གསུམ་སྣང་བ།ཁོག་དབུབ་རབ་གསལ།ཕྱི་རྒྱུད་ཀྱི་སྨན་སྦྱོར་དཔེ་རིས་སོགས་ཐོར་བུ་མང་དུ་མཛད།དེའི་དབོན་བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱིས་རྩ་རྒྱུད་ལེའུ་དང་པོའི་འགྲེལ་པ་དང་།དེའི་རྗེས་སུ་བྲང་ཏི་རྡོ་རྗེ་དཔལ་བཟང་གིས་རྒྱུད་དོན་འགྲེལ་པ་དོན་གསལ།སྟོད་སྨན་གཞོན་ནུའི་འགྲེལ་པ་སོགས་ཡོད་དོ།།

    བྱང་ལུགས་སུ་གྲགས་པ་ནི།གུའི་གུང་པ་ཆོས་གྲགས་དཔལ་བཟང་གི་སྲས་བྱང་པ་རིག་ལྡན་རྣམ་རྒྱལ་གྲགས་བཟང་ནི་རིག་གནས་སྤྱི་དང་མདོ་རྒྱུད་ལ་མངའ་བརྙེས་ཤིང་བསྟན་བཅོས་མང་དུ་མཛད།ཁྱད་པར་གསོ་བ་རིག་པ་ལ་མཁས་ཤིང་།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རིན་པོ་ཆེ་དང་།རྩ་རྒྱུད་ཀྱི་བཤད་པ་དོན་གསལ་སྒྲོན།བཤད་རྒྱུད་ཀྱི་འགྲེལ་ཆེན་བདུད་རྩིའི་ཆུ་རྒྱུན།ཊིཀ་ཆུང་དོན་གསལ།ཕྱི་རྒྱུད་ཀྱི་བཀའ་འགྲེལ།རྒྱུད་བཞིའི་བཀའ་འཕྲང་མུན་སེལ།སྨན་གཞུང་རིན་པོ་ཆེའི་སྒྲོམ་བུ།གསོ་ཐབས་གསུམ་བརྒྱ་དྲུག་ཅུའི་ངོས་འཛིན།རྩ་བཤད་གསལ་སྒྲོན་སོགས་ཐོར་བུ་མང་དུ་མཛད།འདི་ནི་འཕགས་པའི་ས་ལ་བཞུགས་པ་ཞིག་གོ།དེའི་སློབ་མ་མིའི་ཉི་མ་དོན་ལྡན་ནི་རིག་གཞུང་སྤྱི་དང་ཁྱད་པར་གསོ་རིག་ལ་མཁས།དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་རྣམ་བཞི།རྒྱུད་བཞིར་མངོན་རྟོགས་གསོལ་འདེབས།རྒྱུད་བཞིར་བཀར་སྒྲུབ།བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་མ་ལ་ཡི་དཀའ་འགྲེལ།རྩ་མདོའི་འགྲེལ་པ་རིམས་བཅོས་མི་ལ་སྲོག་སྦྱིན།ཁྱད་འཕགས་གྱི་སྨན།ངོ་མཚར་གྱི་སྨན་རྣམས་མཛད།དེའི་སྲས་ལྷ་སྲས་བཀྲ་ཤིས་དཔལ་བཟང་ནི་ཕྱིས་པཎ་ཆེན་ཤཱཀ་མཆོག་ལས་བསྙེན་པར་རྫོགས།མདོ་སྔགས་རིག་གནས་སྤྱི་དང་གསོ་བ་རིག་པ་ལ་མཁས།བཤད་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་ནོར་བུ།ཕྱི་རྒྱུད་ཀྱི་འགྲེལ་པ་དགོས་འདོད་འབྱུང་བ་རིན་པོ་ཆེ་བང་མཛོད།ཁོག་དབུབ་མཛུབ་དཀར་རྒྱས་པའི་ཉིན་བྱེད་རྣམས་མཛད།ཁྱིམ་པར་བཞུགས་སྐབས་ཀྱི་སྲས་བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་གསོ་རིག་ལ་མཁས་པས་རྒྱུད་ཀྱི་བཀའ་གཏེར་གཉིས་འབྲེལ་གྱི་བཤད་པ་དང་།ཁོག་དབུབ་པད་དཀར་རྒྱས་པའི་ཉིན་བྱེད་སོགས་མཛད་དོ།།

    ཟུར་ལུགས་སུ་གྲགས་པ་ནི།གཡུ་ཐོག་མགོན་པོ་ནས་རྒྱུད་ཆ་ལག་དང་བཅས་པ་རུ་མཚམས་ཡེ་ཤེས་ལ་གནང་།དེས་དཔལ་ལྡན་མགོན་པོ།གཙང་སྟོན་སངས་རྒྱས་རིན་ཆེན།རིན་ཆེན་རྡོ་རྗེ།དོན་གྲུབ་རྒྱལ་མཚན།བྲང་ཏི་དཀོན་མཆོག་རྒྱལ།བྲང་ཏི་དཔལ་ལྡན་འཚོ་བྱེད།བསོད་ནམས་དབང་ཕྱུག རི་ཁྲོད་ཞིག་པོ།དཀོན་ཅོག་རྗེ་རྡརྨ་སཽ་མིའོ།།རྒྱུད་བཞི་བཤད་པ་ལུང་དང་བཅས་པའི་བརྒྱུད་པ་ནི།གཡུ་ཐོག་པ་ཡེ་ཤེས་གཟུངས།ཁྱིམ་ཕྱོགས་པ་གཞོན་ནུ་ཡེ་ཤེས།གཡུ་ཐོག་དབོན་འབུམ་སེང་།ཟུར་མཁར་བ་སློབ་དཔོན་རིན་ཆེན་ཕུན་ཚོགས།ཆོས་རྗེ་མཉམ་ཉིད་རྡོ་རྗེའོ།།

    དེ་ལ་ཆོས་རྗེ་མཉམ་ཉིད་རྡོ་རྗེ་ནི།ཤར་དྭགས་པོ་ལ་ཐོག་ཟུར་མཁར་དུ་ལྷ་རིགས་ལས་བྱུང་བ་འཚོ་བྱེད་རིན་ཆེན་ཕུན་ཚོགས་ཀྱི་སྲས་སུ་འཁྲུངས།ལོ་དགུ་བཞེས་དུས་ཡུམ་གཉན་ཁ་མེད་བསྙུང་བ་གསོས།དགུང་ལོ་བཅུ་གཉིས་པའི་སྐབས་ཞག་སུམ་ལ་གཡུ་ཐོག་པར་གསོལ་བ་བཏབ་པས་ཞལ་དངོས་སུ་བསྟན།དཔལ་ལྡན་རྒྱུད་བཞི་སྙིང་ཐིག་ཆ་ལག་དང་བཅས་པའི་ཚིག་དོན་མ་ལུས་པར་བསྩལ།ང་ཡི་རྒྱུད་འདིར་དག་ཐེར་དང་།སྙིང་ཐིག་གི་ཆ་ལག་འགའ་རེ་རྩོམས་ཤིག་ཅེས་པའི་གནང་བ་ཐོབ།དུས་དེ་ནས་གཡུ་ཐོག་དང་དངོས་ཉམས་རྨི་ལམ་དུ་ཡང་ཡང་མཇལ་ཞིང་དབང་དང་གདམས་པ་བསྩལ།དོན་དམ་པའི་གནས་ལུགས་རྟོགས་པའི་གྲུབ་ཐོབ་ཆེན་པོར་གྱུར།རང་གི་ཡབ་དང་།ཞྭ་དམར་བ་སྤྱན་སྔ་ཆོས་གྲགས་ཤ་ར་རབ་འབྱམས་པ།སྨན་སྟོན་དབང་ཕྱུག་བཟང་པོ་སོགས་དམ་པ་མང་དུ་བསྟེན།གཞུང་ལུགས་མཐའ་དག་ལ་ཤིན་ཏུ་མཁས།དགུང་ལོ་བཅུ་དྲུག་སྐོར་ལ་སྙིང་ཐིག་ཁ་སྐོང་དང་།ཞལ་ཤེས་ལྷན་ཐབས།གེགས་སེལ་རྣམ་གསུམ་དང་།བྱེ་བ་རིང་བསྲེལ་ནི་གཉེན་ཁ་མེད་ཀྱི་བཅོས་ནས་བཟུང་མྱོང་གྲུབ་ཞལ་ཤེས་རིམ་པར་བཀོད་པ་སྟེ་སྨན་གཞུང་འགྲན་ཟླ་མེད་པའོ།།རྒྱུད་བཞི་དག་ཐེར་དང་རྒྱུད་ཀྱི་དཀའ་གནད་དྲི་ཚིག་དང་དངུལ་དཀར་མེ་ལོང་།ཉེ་ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིང་ཡིག བསྟོད་ཚོགས།ཉམས་འགྱུར་སོགས་རིག་བྱེད་གཞུང་སྤྱི་དང་གསོ་དཔྱད་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ནས་དགུང་ལོ་སུམ་ཅུ་སོ་བདུན་པར་ཞིང་ཁམས་གཞན་དུ་གཤེགས་པ་སོགས་ངོ་མཚར་བའི་རྣམ་ཐར་ཅན་ནོ།།སློབ་མ་ཡང་།མན་ངག་མཐར་ཕྱིན་མི་འགྱུར་ཚེ་བརྟན།ཕྲིན་ལས་མཐར་ཕྱིན་འཕྲག་དབོན་བསོད་ནམས་བཀྲ་ཤིས།ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེ།བཤད་པ་མཐར་ཕྱིན་མི་ཆུང་སརྨ་སྐྱབས་དང་བཞི་ལ་མཐར་ཕྱིན་གྱི་མི་བཞིར་གྲགས།གཞན་ཡང་བྱིན་རླབས་ཞུགས་པའི་སློབ་མ་ཉི་ཤུ་བརྒྱད།ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུག གྲགས་པ་ཐོབ་པའི་སློབ་མ་ཉི་ཤུ།བླ་དག་ཅན་གྱི་སློབ་མ་བཅུ་དྲུག་སོགས་མང་དུ་བྱུང་བར་གྲགས་སོ།།འཕྲན་དབོན་བསོད་ནམས་བཀྲ་ཤིས་ཀྱི་སློབ་མ།སྐྱེམས་བླ་རྟ་མི་བཀྲ་ཤིས།དེའི་སློབ་མ་སྐྱེམས་པ་བླ་རྟ་ཚེ་དབང་འདི་ཞྭ་དམར་ལྔ་པའི་ཁུ་བོ་ཡིན།དེས་རྩ་རྒྱུད་ཀྱི་འགྲེལ་པ་སྙིང་པོའི་སྣང་བ།

    བཤད་རྒྱུད་ཀྱི་འགྲེལ་བ་ཚིག་དོན་ཉི་མ།མན་རྒྱུད་ཀྱི་འགྲེལ་པ་བདེ་བའི་འདོད་འཇོ།ཕྱི་རྒྱུད་ཀྱི་འགྲེལ་པ་ལག་ལེན་གསལ་བྱེད།ལག་ལེན་ཚེ་དབང་བརྒྱ་རྩ།རྒྱུད་ཀྱི་ཁོག་དབུབ་དྲིས་ལེན་སོགས་མཛད།ཡང་སྟོད་ལུང་གླང་གྲོང་དུ་འཁྲུངས་པའི་འཚོ་སྨད་མཁན་ཆེན་གྱིས་ཕྲག་དབོན་ལ་གདུགས།ཕྱི་རྒྱུད་འགྲེལ་པ་དཀའ་གནད་གསལ་སྒྲོན་དང་།རིག་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ་སོགས་མཛད།དེའི་སློབ་མ་གླང་ཕུ་ཆོས་རྗེ་སོགས་དང་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་བླ་སྨན་པ་སརྨ་དཀར་པོའི་སྲས་བཀྲ་ཤིས་རྣམ་རྒྱལ་ནི་ཚེ་འབུམ་རྡོ་རྗེའི་སློབ་མ་ཟུར་ལུགས་ལ་ཤིན་ཏུ་མཁས་པས་བྱར་ཕོ་པཎ་ཆེན་དུ་གྲགས།རྒྱལ་བའི་དབང་པོས་སྨན་གྱི་སློབ་དཔོན་དུ་བསྐོ་བར་གནང་།དེས་རྒྱུད་བཞིའི་འགྲེལ་པ་དང་།ཁོག་དབུབ་གསེར་གྱི་སྙེ་མ།བྱེ་རིང་དཀར་ཆག་སོགས་མཛད།འདི་སྐབས་དཀོན་མཆོག་བདེ་ལེགས་ཀྱིས་རྒྱུད་བཞིའི་མཆན་འགྲེལ།མན་ངག་པོད་དམར་ནག་ཁྲ་གསུམ།ཕྱི་རྒྱུད་དཀའ་འགྲེལ་རྣམས་མཛད།འཚོ་བྱེད་ཐུགས་རྗེས་རྩ་བཤད་ཀྱི་འགྲེལ་པ་དང་།རྗེ་གཙུག་ལག་ཕྲེང་བས་སྨན་གྱི་ཆོས་འབྱུང་སོགས་མཛད།དེ་ལྟར་གཡུ་ཐོག་པ་ལ་བརྒྱུད་འཛིན་སློབ་བརྒྱུད་མང་དུ་བྱོན་པ་ལས།ཟུར་མཁར་རྡརྨ་སཽ་མི་ནི་གཡུ་ཐོག་པ་རང་དང་ཁྱད་མེད་ལྟ་བུ་དང་།དེའི་དབོན་རྒྱུད་དུ་སྐུ་འཁྲུངས་པ་ཟུར་མཁར་ཕྱི་མ་བློ་གྲོས་རྒྱལ་པོ་ནི།རྡརྨ་སཽ་མིའི་སྤྲུལ་པར་གྲགས་པ་སྟེ།སྐུ་ན་ཕྲ་དུས་ནས་རིག་གཞུང་ཀུན་དང་གསོ་རིག་ལ་སྦྱངས།ཀརྨ་ཕྲིན་ལས་པ་ལས་བསྙེན་པར་རྫོགས།སྨྱུག་ལ་ལེགས་བཤད་གླིང་དུ་ཀར་ལུགས་ཀྱི་མཚན་ཉིད་ལ་སྦྱངས།རྗེ་མི་བསྐྱོད་རྡོ་རྗེ་ལས་དུས་འཁོར་སོགས་མདོ་རྒྱུད་ཀྱི་དབང་ལུང་བཤད་པ་ཐམས་ཅད་ཞུས་མིང་ཀརྨ་ལེགས་བཤད་ཚོལ་དུ་གནང་ནས་གསོ་རིག་ལ་རང་དབང་ཐོབ་པར་གྱིས་གསུངས་པ་ལྟར་གླང་བུ་ཆོས་རྗེ་ལས་གཡུ་ཐོག་སྙིང་ཐིག་གི་དབང་ཁྲིད་དང་།རྒྱུད་བཞི།བྱེ་རིང་སརྨ་གཅེས་ཕྲེང་།བདུད་རྩི་བུམ་པ་རྣམས་ཞུས།དབུས་གཙང་བལ་པོ་ཀུན་ནས་སྨན་པ་དང་ཡིག་ཆ་རྩད་བཅད་ནས་བྱང་པ་བཀྲ་ཤིས་དཔལ་བཟང་སྐུ་མཆེད།དཔོན་ཚང་སྨན་དར་དཔོན་སློབ།ས་སྐྱ་པ་སྨན་གྲོང་པ་ཡབ་སྲས།མངའ་རིས་ཕྱག་སྨན་རིན་རྒྱས།དབོན་པོ།གུ་གེ་ནང་པ་ཚེ་རིང་།བི་ཇིའི་དབོན་པོ།འུག་པ་ཚ་བོ།བྱང་སྲས་རྩེ་སྨན་པ་སོགས་མཁས་གྲགས་ཅན་རྣམས་ལ་གཏུགས་ཀྱང་།ཐུགས་རང་པར་མ་བྱུང་།དེ་ནས་སྒྱིད་ཁུག་དང་ལུང་དམར་ཕྱོགས་ནས་གཡུ་ཐོག་ཕྱག་དཔེ་རྒྱུད་བཞི་ཕྱག་དྲེག་མ་དང་གསེར་མཆན་མ་རྣམས་རྙེད།རྩ་བཤད་འགྲེལ་པ་མེས་པོའི་ཞལ་ལུང་ཕྱི་རྒྱུད་རྩ་མདོའི་འགྲེལ་པ་རྣམས་མཛད།བྲང་ཏིའི་ཞལ་ངོ་རྣམས་ལས་ཀྱང་ཡན་ལག་བརྒྱད་པ་སོགས་ཞུས།དབུས་སུ་རྒྱལ་བའི་དབང་པོའི་ཞབས་པད་དུ་བཅར།ཡར་རྒྱབ་སྡེ་བས་སྦྱིན་བདག་ཞུས་ཏེ་རྒྱུད་བཞི་ཞུ་དག་གིས་སྤར་དུ་བསྒྲུབས།ལྷ་སའི་རྡོ་རིང་ལ་སྨན་དཔྱད་ལས་བརྩམས་པའི་འབྱམས་ཡིག་སྦྱར་བས་མཁས་པའི་གྲགས་པས་ཁྱབ་པར་གྱུར་རོ།།དེ་ལས་སྨན་དཔྱད་ཀྱི་བརྒྱུད་པ་མང་དུ་འཕེལ་བ་ལས།ཞྭ་དམར་དྲུག་པའི་སྐུ་མཆེད་འབྲི་གུང་ཆོས་ཀྱི་གྲགས་པས་རྒྱུད་བཞི་ལ་མཆན་བུ་སོགས་གསོ་རིག་ཕྱོགས་ཀྱི་བསྟན་བཅོས་མང་དུ་མཛད།དེའི་སློབ་མ་ཚེ་དབང་བརྟན་པའམ་དཀོན་མཆོག་འགྲོ་ཕན་དབང་པོས་ལག་ལེན་གཅེས་བསྡུས་སྐོར་རྣམས་དང་།དཔོན་ཚང་ཡེ་ཤེས་ཀྱི་གཅེས་བསྡུས་སོགས་ཡིག་ཆ་བརྗོད་ཀྱིས་མི་ལང་བ་བྱུང་ངོ་།།

    ཕྱིས་འདིར་བྱང་ཟུར་གཉིས་ཀའི་ཡིག་ཆ་ཇི་སྙེད་པའི་བཅུད་འདུས་པ་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱུད་བཞིའི་འགྲེལ་བ་བཻ་ཌྰུརྱ་སྔོན་པོ་དང་མན་ངག་ལྷན་ཐབས་སོགས་སྨན་དཔྱད་ཀྱི་ཡིག་ཆ་མང་དུ་མཛད།ལར་རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡབ་སྲས་འདི་གཉིས་རིག་པའི་གནས་སྤྱི་དང་བྱེ་བྲག་ལ་བཀའ་དྲིན་ཆེ་བས་ལྷ་སར་ལྕགས་པོ་རིར་སྨན་རྩིས་ཁང་བཙུག་པ་ད་ལྟའང་ཡོད་ལ།ཨ་མདོ་ཕྱོགས་སུ་སྨན་གྱི་སློབ་གྲྭ་ང་།སྟོད་རྒྱ་གར་ས་མཚམས་ནས་སྨད་རྒྱ་ནག་ཡན་ཆད་དགེ་ལུགས་པའི་ཕྲིན་ལས་དང་ཁྱབ་གཅིག་སྨན་དཔྱད་ཀྱི་འགྲོ་དོན་རྒྱ་ཆེར་བྱུང་ངོ་།།བི་ཇིའི་རིགས་ལས་འཁྲུངས་པའི་འབྲུག་པ་དིལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་གཞུང་ལུགས་སྤྱི་དང་སྨན་དཔྱད་ལ་མཁས་པར་གྱུར།སྨན་གྱི་ནུས་པ་རྐྱང་བཤད་ཤེལ་གོང་ཕྲེང་།ལྕགས་རིལ་མྱོང་གྲུབ།སྨན་དཔྱད་བཟོ་ཐབས་ལག་ལེན་སྐོར།ཁྲག་དང་མེ་བཙའ་གདམས་པ་སོགས་མང་དུ་མཛད།འདིའི་བརྒྱུད་འཛིན་འབྲི་ཆུ་ནུབ་བརྒྱུད་ཕྱོགས་སུ་ད་ལྟའང་ཡོད་དོ།།

    འཇམ་མགོན་པཎྜི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་བྱང་ཟུར་གཉིས་ལ་ཁྱད་མེད་མཛད།སྐད་རིགས་ཐམས་ཅད་མཁྱེན་པས་རྒྱ་ནག་གི་སྨན་པ་མཁས་པ་མང་པོས་ལས་རྩ་ཆུ་སྨན་སྦྱོར་འགའ་ཞིག་གསན་ནས།རྩ་བརྟག་པའི་གཞུང་སོགས་འགའ་རེ་བོད་སྐད་དུ་བསྒྱུར།རྒྱ་བལ་གྱི་སྨན་པ་རྣམས་ལའང་དྲི་གཏུགས་མཛད་ནས་བརྒྱད་པ་སོགས་ཀྱི་སྨན་ངོ་རྣམས་འཁྲུལ་མེད་དང་རྒྱ་འཇང་ལི་ཡུལ་གློ་མོན་རོང་བཙན་ནས་འབྱུང་བ་རྣམས་དག་ཐེར་མཛད།ལྷོ་བྱང་སོ་སོའི་ལུགས་ལ་མཁས་པའི་བོད་སྨན་རྣམས་ལའང་གཏུགས་ནས་གཏན་ལ་བབས།འབྲུམ་བཅོས་སོགས་སྨན་ཡིག་འགའ་རེ་མཛད།ཕྱི་རྒྱུད་ཀྱི་ཟིན་ཆུང་།དངུལ་ཆུ་བཙོ་བཀྲུ།རིན་ཆེན་རིལ་བུ་སོགས་ཀྱི་ཕྱག་ལེན་གནང་སྐབས་བཻ་ལོས་ཟིན་བྲིས་མཛད་པ་རྣམས་ཀྱང་དེང་སང་བཀའ་འབུམ་ནང་དུ་ཡོད་དོ།།གསོ་བ་རིག་པའི་སློབ་ཚོགས་བོད་ཁམས་རྒྱ་འཇང་རྒྱ་རོང་སོགས་སུ་མང་བ་ལས་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ།རྗེ་དབོན་བསམ་གཏན།ཀརྨ་ངེས་ལེགས་སོགས་སྨན་དཔྱད་ལ་མཁས་པ་མང་ཞིང་སྡེ་དགེ་བསྟན་པ་ཚེ་རིང་བཀྲ་ཤིས་སྲས་ཀྱིས་རྒྱུད་བཞི་བཻ་སྔོན།ལྷན་ཐབས།གཡུ་ཐོག་བླ་སྒྲུབ་སྐོར།ཤེལ་གོང་ཕྲེང་།དར་མོའི་བཀའ་བརྒྱ་མ།བྱེ་བ་རིང་བསྲེལ་ཐེམ་མེད།རྗེ་དབོན་ཀརྨས་བསྒྲིགས་པའི་སྨན་བསྡུས་པོད་གཉིས་སོགས་པར་དུ་བསྒྲུབས་པར་མཛད་དོ།།རྗེ་བྷརྨ་ཀཱ་རའི་སྨན་དཔྱད་ཀྱི་སློབ་མ་གླིང་སྨན་བཀྲ་ཤིས་འབུམ་ཞེས་དགུང་ལོ་བརྒྱར་ཉེ་བར་བཞུགས་པ་དེས་ཀྱང་རྒྱུད་བཞི་ལ་འགྲེལ་པ་དང་ཟིན་ཐོ་མང་པོ་སྨན་བསྡུས་སོགས་མཛད་པ་རྣམས་རྗེ་བླ་མའི་ཞལ་རྒྱུན་ཁོ་ནའི་མང་བས་ཁྱད་པར་དུ་འཕགས་ལ།སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་རྗེ་བླ་མ་སྨན་རྒྱལ་དངོས་སུ་མཐོང་ཟེར།རྣམ་ཐར་ཚིག་བཅད་མ་དང་སྨན་གྱི་ཟིན་ཐོ་སོགས་འགའ་རེ་མཛད་འདུག་གོ།རྗེ་དབོན་བསམ་གཏན་ནི།སྨན་གཞུང་ཀུན་ལ་མཁས་ཤིང་།ཁྱད་པར་བཅོས་ལ་ཕྱིས་བྱོན་སྨན་པའི་སྤྱོད་ཡུལ་དུ་མ་གྱུར་པ་དོན་སྣོད་ནང་སྐྲན་ལ་ཐུར་མ་འཕེན་པ།མི་དབྱེ་བ།མགོ་ཆག་ཀླད་པའི་རྒྱ་དར་ཡན་གྱི་སྐྱོན་སེལ་འབྲུད་བརྡར་དམན་ལྷག་མ་ལུས་པ་དང་།ཡན་ལག་གི་ཚིག་ཤོར་ལོང་ཅན་གྱི་འཛུད་ལུགས།སྟོད་འཚང་ཆང་གིས་བཅོས་སོགས་འཚོ་བྱེད་གཞོན་ནུ་གསོས་ཀྱི་རྣམ་ཐར་ལྟར་རོ།།དེ་ཡན་ཀུན་མཁྱེན་བླ་མའི་དངོས་སློབ་ཡིན་ལ།འཚོ་མཛད་བསམ་གཏན་གྱི་སློབ་མ་དབོན་སྤྲུལ་ཀརྨ་རརྣས་སྨན་བསྡུས་འཆི་མེད་ནོར་ཕྲེང་མ་བུ་མཛད།ལྕང་ར་འཆི་མེད་ལྷ་ཀླུའི་དགའ་ཚལ་དུ་རིན་ཆེན་རིན་བུའི་ཕྱག་ལེན་མཛད་སྐབས་ཀྱི་བསྟན་བཅོས་ཞིག་ཀྱང་མཐོང་ངོ་།།སྡེ་དགེའི་བླ་སྨན་ཆོས་གྲགས་རྒྱ་མཚོ་སོགས་ལས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོ་དཔྱད་གསན།སྨན་གྱི་བསྟན་བཅོས་དང་ཟིན་ཐོ་འགའ་ཞིག་མཛད་པ་ཡོད།

    ཀུན་མཁྱེན་གྱི་ཡང་སློབ་འཇམ་མགོན་ཡོན་ཏན་རྒྱ་མཚོས་ཀྱང་སྨན་མགྲོན་ཀརྨ་ཚེ་དཔལ་ལས་རྒྱུད་བཞིའི་གོ་ཁྲིད་ལག་ལེན་སྐོར་གསན་ཞིང་།སྨན་གྱི་ཟིན་ཏིག་དང་དངུལ་ཆུ་བཙོ་བཀྲུ་ཟླ་ཤེལ་སོགས་ཀྱི་ལག་ལེན་ཡིག་ཆ་འགའ་རེ་མཛད་པ་དེང་སང་སྨན་པ་རྣམས་ཀྱི་མིག་ཏུ་གྱུར་ལ།དེའི་བུ་ཡིག་བསྡུས་དཔེའང་ཕྱིས་ལྷེ་གཉིས་ཙམ་བྱུང་ངོ་།།ཕྱིས་འདིར་རིག་གནས་སྤྱི་དང་ཁྱད་པར་གསོ་རིག་ལ་མཁས་པ་འཇུ་མི་ཕམ་འཇམ་དབྱངས་ཀྱིས་ནི་སྨན་གྱི་ཕྱོགས་ལ་བསྟན་བཅོས་གཞན་ལས་ཁྱད་ཐོན་པ་མང་པོ་མཛད་པ་དང་།ཁྱད་པར་དཔལ་སྤུངས་ཀྱི་གདན་སར་གསོ་རིག་གི་བཤད་པ་རྒྱུན་རིང་མཛད་པ་ལས་སྨན་མགྲོན་ཨ་ཚང་།སྒོ་ཐར་རྡོ་རྗེ་ཚེ་རིང་།མཁན་པོ་ཚེ་དབང་དཔལ་འབྱོར་སོགས་སྐྱ་སེར་མང་པོས་སྨན་དཔྱད་མཁས་པར་གྱུར་ནས་དེ་ཡི་རྒྱུན་ལས་དེང་སོང་བར་ཕྱོགས་འདིར་མཁས་མི་མཁས་ཀྱི་སྨན་པ་མང་དུ་བྱུང་བ་འདི་ལྟར་ལགས།རྒྱུད་བཞིའི་ཀླག་ལུང་ནི་ཟུར་མཁར་བ་སྐྱེན་པ་ཚེ་འབུམ།བྱར་པོ་པཎ་ཆེན།ཟླ་བའི་དབང་པོ།ས་བོ་བློ་ལྡན།བྱང་ངོས་བསྟན་འཛིན་རྒྱལ་པོ།དེ་སྲས་གཞན་ཕན་དབང་པོ།རྗེ་ལྔ་པ་ཆེན་པོ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།ཡང་ན།རྡརྨ་སཽ་མི།སྐྱེན་རི་བོང་བཀྲ་ཤིས་དབང་ཕྱུག བསོད་ནམས་བཟང་པོ།བསོད་ནམས་རིན་ཆེན།ཕྲིན་ལས་དོན་ཡོད།སྙི་ཕུ་བ་རིག་འཛིན་སྙིང་པོ།ཕྲིན་ལས་ལྷུན་གྲུབ།འགྱུར་མེད་རྡོ་རྗེ།བུརྦྷ་སྭོ་རའོ།ཡང་ན།རྡརྨ་སྭོ་མི་འཕྲག་དབོན།དཀོན་མཆོག་དཔལ་བཟང་།བྱམས་པའི་མཚན་ཅན།པཎ་ཆེན་མགོན་པོ་དཔལ་བ།སྲས་དོན་ལེགས་སྨན་ལྷ་དོན་གྲུབ།སྣ་ཚོགས་གསོ་བ།མི་ཕམ་ཆོས་ཀྱི་དབང་ཕྱུག འབྲི་གུང་ཆོས་གྲགས།ཚེ་དབང་བརྟན་པ།དཔོན་ཚང་ཡེ་ཤེས།ཕྱག་མཛོད་སྐྱེས་མཆོག རྗེ་སི་ཏུ་དྷརྨ་ཀཱ་ར།བཻ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་བར་རོ།།ལག་ལེན་བརྒྱུད་པ་ནི།འབྲི་གུང་ཆོས་གྲགས།གར་དབང་དྲུག་པའི་བླ་སྨན་སྨན་མོ་ཆེ།མཁྱེན་བརྩེ་གསལ་བྱེད།ཨ་ལོ་ཆོས་དབང་།དེས་རྗེ་སི་ཏུ་ཀུན་མཁྱེན་ལའོ།།ཡང་སྔགས་གྲྭ་ཨེམ་མཆི་བསྟན་འཕེལ།དེ་ལས་ཀྱང་སི་ཏུས་གསན་ནོ།།དེ་ལས་ད་ལྟའི་བར་ལུང་རྒྱུན་ནི་རྗེ་ཀོང་སྤྲུལ་རིན་པོ་ཆེའི་གསན་ཡིག་ལས་གསལ་ལོ།།

    ད་ནི་གོང་དུ་བཤད་པའི་ཡིག་ཆ་དེ་དག་ལས་གལ་ཆེ་བ་མཁྱེན་བརྩེ་རིན་པོ་ཆེ་ཞེས་འདི་རྣམས་བཞེད་དེ།ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པ།དཔའ་བོའི་ཡན་ལག་བརྒྱད་པ་རྩ་འགྲེལ།སོ་མ་རཱ་ཛཱ་རྣམས་དང་།གཡུ་ཐོག་སྙིང་ཐིག་དབང་ལུང་ཞུས་ནས་རྒྱུད་ལ་འཇུག་དགོས་ཏེ།རྒྱུད་བཞི་ནི་ཇི་སྐད་དུ།རྩ་བ་ཐུགས་ཀྱི་རྒྱུད་འདི་ས་བོན་འདྲ།།འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན།།སྐུ་ཡི་བཤད་རྒྱུད་བར་སྣང་ཉི་ཟླ་འདྲ།།ཚིག་དོན་མ་ལུས་སྒྲིབ་མེད་གསལ་བར་སྟོན།།མན་ངག་ཡོན་ཏན་རྒྱུད་ནི་ནོར་བུ་འདྲ།།དགོས་པ་མ་ཚང་བ་ནི་གཅིག་ཀྱང་མེད།།ཕྱི་མ་ཕྲིན་ལས་རྒྱུད་འདི་ཕ་ལམ་འདྲ།།ནད་ཀྱི་སྟེང་དུ་ཐོགས་པ་ཡོད་མ་ཡིན།།ཞེས་པ་ལྟ་བུ་རྒྱུད་ཆེན་བཞི་ལ་བྱང་བར་དགོས་པས་དེའི་འགྲེལ་པ་བྱང་པ་རྣམ་རྒྱལ་གྲགས་བཟང་།ཟུར་མཁར་བའི་པོད་ཤལ་ཁྲ་མོ་རྣམས་གལ་ཆེ་ཡང་།དེང་སང་དཔེ་རྒྱུན་དཀོན།མེས་པོའི་ཞལ་ལུང་དར་མོའི་ཁ་སྐོང་བཅས་དང་།སྐྱེམས་པའི་རྒྱུད་འགྲེལ།ཕྱི་རྒྱུད་སྟག་ལུང་འགྲེལ་ཆེན།འབྲི་གུང་ཆོས་གྲགས་མཆན་བུ།སྡེ་སྲིད་བཻ་སྔོན།བཀྲ་འབུམ་དཀའ་འགྲེལ།གུ་རུ་འཕེལ་གྱི་ཟིན་བྲིས།མི་ཕམ་རྩ་ཆུའི་འགྲེལ།དིལ་དམར་བའི་ཕྱི་རྒྱུད་བུ་ཡིག ཆ་ལག་བཅོ་བརྒྱད།སྡེ་སྲིད་ལྷན་ཐབས་བུ་ཡིག་མཁའ་འགྲོ་གཏད་རྒྱ་བཅས་རྣམས་ལས་གོ་བ་ལེགས་པར་བཙལ།

    མན་ངག་སྐོར་ལས་ས་སྐྱའི་གསོ་དཔྱད་རྒྱལ་པོའི་དཀོར་མཛོད།དྭགས་པོའི་ཐོར་འབུམ།གཡུ་ཐོག་པའི་རེ་མིག་བརྒྱ་རྩ་ཆ་ལག་བཅས།ཨ་ཙར་ཕྱག་སྡུམ་འབུམ་ཁུ་ཚུར།རྡོར་འབུམ་བདུད་རྩི་བུམ་ཆེན།བུམ་ཆུང་།གཡུ་ཐོག་ཤོག་དྲིལ་སྐོར་གསུམ།བྲང་ཏིའི་པོད་དམར་ཁྲ།སྨན་གྲོང་པའི་གསེར་བྲེ་དངུལ་བྲེ།བྱང་པའི་ཡན་ལག་བརྒྱད་པའི་སྙིང་པོ།ཟུར་མཁར་བྱེ་རིང་གྲངས་ཅན་གྲངས་མེད་ཁ་སྐོང་བཅས།གོང་སྨན་པའི་མན་ངག་ཆེན་མོ་ཉམས་ཡིག་བརྒྱ་རྩ།དར་མོའི་བཀའ་བརྒྱ་མ།ཕྱག་རྡོར་མགོན་པོའི་བེ་བུམ།འབྲོང་རྩེའི་བེ་བུམ།སྐྱེམ་པ་ཚེ་དབང་གི་མན་ངག་ཕན་བདེ་བརྒྱ་རྩ།སྡེ་སྲིད་ལྷན་ཐབས་ཀྱི་ཟུར་རྒྱན་ལབ་མདོ་རྒྱུད་རྒྱ་མཚོས་མཛད་པ་ལྷོ་བྲག་ལྷ་ལུང་མཁན་པོའི་དགོས་པ་ཀུན་ཚང་།ཀོང་རོང་པའི་ནེ་ལེའི་རྐྱལ་བ།ཕྱི་རྒྱུད་ལྷན་ཐབས།གཅེས་བསྡུས་ཕན་བདེ་འབུམ་ཕྲག འབྲི་གུང་གཅེས་བསྡུས་ཆོས་ཆེན༣༢།ཆོས་འབྱུང་འབྲུམ་བཅོས་སྐོར་ཀརྨའི་སྨན་བསྡུས་ཨེ་ཝཾ།བཀྲ་འབུམ་གཅེས་བསྡུས་སི་ཏུའི་དགོངས་བཞེད་ལྟར་བཀྲ་འབུམ་རྒྱུད་བཞིའི་དཀའ་འགྲེལ་དང་།དེལ་དམར་ཤེལ་གོང་ཕྲེང་།གཏར་ག་དང་མེ་བཙའི་གདམས་པ།འབྲུ་ཚེ་རམ་པའི་མན་ངག་དྲན་འཛིན་ལྕགས་ཀྱུ།གཅེས་བསྡུས་འཆི་མེད་ནོར་ཕྲེང་།ཀོང་སྤྲུལ་ཟིན་ཏིག་མ་བུ།ཀོང་སྤྲུལ་དངུལ་ཆུའི་བཙོ་བཀྲུ་ལག་ལེན།མཁྱེན་བརྩེའི་སྨན་སྦྱོར།མི་ཕམ་པའི་གསུང་རྣམས་ལས་ཉེར་མཁོ་བཅས་གལ་ཆེའོ།།


    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།