དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་རྩིས་རིག་པའི་བྱུང་ཚུལ་དང་འཕེལ་རིམ་མདོར་བསྡུས།

  • ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   |     སྤེལ་དུས།  2016-06-07

    དེང་དུས་ཚན་རིག་པའི་ལྟ་སྟངས་ལྟར་ན། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་བྱ་བ་རྣམས་གོམ་པ་རེ་རེ་བཞིན་དམའ་རིམ་ནས་མཐོ་རིམ་ལ་འཕེལ་གྱི་ཡོད་པར་བརྟེན་མི་རྣམས་ཀྱི་ཤེས་རྟོགས་དེ་རང་བྱུང་ཁམས་ཀྱི་ཕྱོགས་དང་། སྤྱི་ཚོགས་ཀྱི་ཕྱོགས་གང་གི་སྐོར་ཡིན་ནའང་ཚང་མ་གོམ་པ་རེ་རེ་བཞིན་དམའ་རིམ་ནས་མཐོ་རིམ་ལ་འཕེལ་གྱི་ཡོད་པ་སྟེ། རགས་པ་ནས་ཞིབ་པར་འགྲོ་གི་ཡོད་པ་དང་། ཕྱོགས་རེ་བ་ནས་ཆ་ཚང་བར་འཕེལ་གྱི་ཡོད་བསམ་གྱི་ཡོད་པ་རེད། གནའ་སྔ་མོའི་དུས་ཀྱི་རྡོ་ལ་རི་མོ་འབྲི་བ་དང་ཤིང་ལ་འཕེལ་ཁ་བཏོན་ནས་གྲངས་བརྩིས་རྒྱག་པའི་ཐབས་ཤེས་དེ་རྗེས་སུ་ཐོན་སྐྱེད་ཡར་རྒྱས་འགྲོ་བ་དང་སྦྲགས་འཕེལ་རྒྱས་ལ་ཕྱིན་ཏེ་གཅིག་གྲངས་རྡོ་དང་། བཅུ་གྲངས་ཤིང་སོགས་ཀྱི་ཚབ་བྱས་ནས་སྟབས་བདེའི་རྡེའུ་རྩིས་དར་བ་དང་། ད་ལྟའི་བོད་ཀྱི་ཨང་ཀིའི་གཟུགས་བརྙན་དཔེ་རིས་དེ་ཡང་ཐོག་མར་མི་ལ་དཔེ་བཞག་ནས་བྲིས་པ་ཏེ། ༡ མགོ་བོའི་སྤྱི་གཙུག་གི་སྒོར་འཁྱིལ་འདྲ་བ། ༢ སྤྱི་གཙུག་གི་དབྱིབས་དེ་ལ་དཔྲལ་བའི་སྒོར་གཅིག་འཐེན་པ། ༣ དཔྲལ་སྒོར་མིག་གི་དབྱིབས་འདྲ་གཅིག་འཐེན་པ་དེ་ལ་གསུམ་ཚོགས་ཟེར། ༤ དེ་བཞིན་རྣ་བའི་དབྱིབས་འདྲ་གཅིག་བྲིས་པ་བཞི། ༥ སྣ་ཁུག་གི་དབྱིབས་འདྲ་གཅིག་བྲིས་པ་ལྔ། ༦ ཁའི་དབྱིབས་འདྲ་བ་གཅིག་བྲིས་པ་ལ་ལན་མོ་དྲུག་ཟེར། ༧ མ་ལེའི་དབྱིབས་འདྲ་བ་གཅིག་བྲིས་པ་བདུན། ༨ སྐེའི་དབྱིབས་འདྲ་བ་གཅིག་བྲིས་པ་བརྒྱད། ༩ མཇུག་མའམ་ཕོ་མཚན་གྱི་དབྱིབས་འདྲ་བ་གཅིག་བྲིས་པ་ལ་མཁས་པ་དགུ་ཟེར་བ་བཅས་ཨང་ཀིའི་བཟོ་དབྱིབས་བཟོས་པ་དེས་ཨང་རྩིས་ཀྱི་རྨང་གཞིས་ཤེས་བྱ་དང་ཐོག་བྱུང་བ་དང་། རྨང་གཞི་དེའི་ཐོག་ནས་གཅིག་བཅུ་བརྒྱ་སྟོང་སོགས་རྐྱང་པ་དང་། ཐེར་འབུམ་ཁྲག་ཁྲིག་ལ་སོགས་པ་གྲངས་གནས་དྲུག་ཅུ་དབྱེ་བ་མ་ཟད། དེ་ནས་བསྡོམས་འཐེན་བསྒྱུར་བགོས་ཀྱི་རིག་པ་འཕེལ་རྒྱས་ཕྱིན་ཏེ་ད་ལྟའི་རྩིས་རིག་གི་རྨང་གཞི་ཨང་རྩིས་བྱུང་བ་རེད།

    སྤྱི་ལོ་༦༠༤ ལོར་བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་གྱི་དུས་སུ་རང་རྒྱལ་གནའ་རབས་ཀྱི་གནམ་རིག་བོད་ལ་ཐོག་མར་དར་བ་དང་། ལྷག་པར་སྤྱི་ལོ་༦༤༡ ལོར་གནམ་རི་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོའི་བཙུན་མོར་འུན་ཤིང་ཀོང་ཇོ་བསུས་པ་བོད་དུ་ཕེབས་སྐབས་རྒྱ་ནག་ནས་རྩིས་རིག་གི་དཔེ་ཆ་ཁག་ཅིག་བསྣམས་ཡོད། དེའི་སྐོར་རྗེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་《རྒྱལ་རབས་གསལ་བའི་མེ་ལོང་》ལས། རྒྱ་ཡི་གབ་ཙེ་གཙུག་ལག་སུམ་བརྒྱ་པོ། །ལེགས་ཉེས་སྟོན་པའི་ལས་ཀྱི་མེ་ལོང་ཡང་། མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །ཞེས་གོང་མ་ཐང་ཐའི་ཙུང་གིས་ཀོང་ཇོར་རྩིས་ཀྱི་གབ་རྩེ་སུམ་བརྒྱ་དྲུག་ཅུ་དང་། དེ་མིན་སྤོར་ཐང་བརྒྱད་ཅུ་དང་། འབྱུང་བ་རིན་ཆེན་ཀུན་འདུས། རྒྱུད་གབ་པ་གནད་གཟེར། རིན་ཆེན་སྤུངས་པ། སྡོང་པོ་ཀུན་འདུས། ཧོང་ལེ་བརྩི་སྟངས་སོགས་གནམ་རིག་དཔེ་དེབ་མང་དག་ཅིག་སྐྱེས་སུ་གནང་བ་རྣམས་བོད་དུ་དར་ཁྱབ་མཛད་པར་བརྟེན་བོད་ཀྱི་གནམ་རིག་འཕེལ་རྒྱས་གཏོང་བར་ལོ་རྒྱུས་རང་བཞིན་གྱི་ནུས་པ་ཐོན་པ་རེད། ལྷག་པར་ལྷ་སར་ལྷ་ཅིག་ཁྲི་བཙུན་གྱིས་སྐད་གྲགས་ཡོད་པའི་ལྷ་ས་གཙུག་ལག་ཁང་གསར་དུ་བཞེངས་སྐབས་ཀོང་ཇོ་རང་གིས་ས་དཔྱད་དང་རི་དཔྱད་སོགས་ལ་བརྟག་པ་སྣ་ཚོགས་བྱས་ཏེ་མཐུན་འགྱུར་རམ་འདེགས་གནང་བར་བརྟེན་ལྷ་སའི་མཚོ་མོའི་སྟེང་དུ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ཐུབ་པ་བྱུང་། དེ་དང་ཕྱོགས་མཚུངས་པར་བོད་རིགས་ཤེས་རབ་ཅན་བཞི་རྒྱ་ནག་ཏུ་རྩིས་རིག་སློབ་པར་བཏང་སྟེ། རྒྱ་ནག་སློབ་དཔོན་འབར་བ་ཚོམ་ཚོམ་ལ་རྩིས་ཀྱི་གཞུང་ལུགས་《རྒྱུད་སྡེ་དགུ》 དང་།《འགྲེལ་བ་གསུམ》 《གབ་རྩེ་བཅོ་ལྔ》 རྣམས་ཞུས་ནས་བོད་དུ་བསྒྱུར་ཞིང་། དེའི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་རྩིས་ཀྱི་བསྟན་བཅོས་《བཻ་དཀར》 ནང་དུ། སྔ་བསྒྱུར་ཐོག་མ་བྱ་བ་ནི། །རྒྱ་བཟའ་ཀོང་ཇོ་ཕེབས་པའི་དུས། །ཆ་ཙམ་འཕེལ་ཞིང་མི་རིང་བར། །ར་ས་འཕྲུལ་སྣང་བཞེངས་པ་དང་། །བོད་མི་ཤེས་རབ་ཅན་བཞི་ཞེས། །ཡེ་ཤེས་རྒྱལ་བ་གཙང་གཡུ་བཞེར། །འབྲོ་གཉེར་བརྟན་པ་ར་བླ་མཁྱེན། །མི་བཞི་རྒྱ་ནག་ཡུལ་དུ་མངགས། །སློབ་དཔོན་འབར་བ་ཚོམ་ཚོམ་ལ། །རྒྱུད་སྡེ་དགུ་དང་འགྲེལ་པ་གསུམ། །གབ་ཙེ་བཅོ་ལྔ་རྣམས་བསྒྱུར་རོ། །ཞེས་གསུངས་པ་དང་། གོང་གསལ་རྣམས་ནས་བོད་དུ་དར་ཁྱབ་ཆེས་ཆེར་ཡོད་པ་ནི། ཁམས་སམ་དབང་ཐང་གི་བརྩི་ལུགས་དང་ལོ་འཁོར་བཅུ་གཉིས། ལོ་རྒན་དྲུག་ཅུ། སྤར་ཁ་བརྒྱད། སྨེ་བ་དགུ། ཧོང་ལེའི་ལག་ལེན། དུས་ཚིག་ཉེར་བཞི། གླང་རྩིས་སོགས་ཧ་ཅང་མང་པོ་ཡོད། ལྷག་པར་མང་ཚོགས་ནང་ལ་བག་ཆགས་གཏིང་ཟབ་ཡོད་པ་ནི་ལོ་འཁོར་བཅུ་གཉིས་དང་ལོ་རྒན་དྲུག་ཅུ་བརྩི་སྟངས་སྐོར་དང་། ཞིང་པའི་ཁུལ་དུ་དུས་ཚིགས་ཉེར་བཞི་དང་གླང་རྩིས་བརྟག་པར་ཤིན་ཏུ་མཐོང་ཆེན་བྱེད་པ་རེད། དཔེར་ན་བོད་ཀྱི་ས་ཁུལ་མང་ཆེ་བར་སྐྱེས་ལོ་གང་ཡིན་ལོ་འཁོར་བཅུ་གཉིས་ལ་བརྟེན་ནས་བརྩི་བ་དང་། ལོ་ན་རྒན་གཞོན་ཁམས་གང་ཡིན་ལ་བརྩི་སྲོལ་ཡོད་པ་དེ་ད་ལྟའང་མང་ཚོགས་ནང་དུ་སྔར་བཞིན་བེད་སྤྱོད་བྱེད་པ་དང་། གླང་རྩིས་ལ་ཆ་བཞག་ན་ལོ་གཅིག་གི་ཆར་ཞོད་ཆེ་ཆུང་དང་སད་སེར་ཐན་པ་སོགས་ལོ་དགྲ་ཡོད་མེད་གོ་བདེ་ཞིང་ཤེས་སླ་བའི་གླང་རྩིས་རི་མོའི་འགྲེལ་བཤད་ལ་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་སྟབས་བོད་ཀྱི་ལོ་ཐོའི་ནང་ཆུང་རྩིས་ཀྱི་རི་མོ་དང་། འགྲེལ་བཤད་རྒྱག་སྲོལ་ད་ལྟའང་མི་ཉམས་པར་གནས་ཡོད།

    སྤྱི་ལོ་༧༠༤ ལོར་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་དུས་རྒྱ་ནག་ནས་ཧོང་ལེའི་ཡིག་ཆ་《མེར་རྒན་གསེར་རྩིས》དང་། 《སྟག་རྣ་ཆུང་བའི་མདོ》《ཁྲོམ་རྩིས་ལེའུ་བརྒྱད་ཅུ》《གྲུ་གུའི་ཉི་ལྡོག་འཁོར་ལོ》ལི་ཡུལ་གྱི་《ལོ་བདག་དང་དྲུག་ཅུའི་ཁྱུང་རྩིས》བཅས་དར་བ་དང་། དེ་བཞིན་ཁ་ཆེ་སྤྲིན་ཡུལ་ནས་《དབྱངས་འཆར་འཁོར་ལོ་རེ་བཞི》དང་བལ་ཡུལ་ནས་ཀར་མྱང་རྩིས་ཀྱང་དར། ལྷག་པར་སྟོད་མངའ་རིས་གུ་གེ་དང་ཞང་ཞུང་ནས་གཟའ་ལྔའི་དམར། ལྷག ཕུར། སངས། སྤེན། འཕོ་འགྲོས་དང་། ཉི་ཟླ་གཟའ་འཛིན་གྱི་རྩིས་རིག་སྐོར་ཐོག་མར་དར་ཁྱབ་བྱུང་།

    སྤྱི་ལོ་༧༡༠ ལོར་གྱིམ་ཤིང་ཀོང་ཇོ་བོད་ལ་འབྱོར་ནས་གཙུག་ལག་རྩིས་ཀྱི་རྒྱུད་བདུན་དང་ལེ་ལག་བརྒྱད་ཀྱིས་གཙོ་བྱས་ཏེ་འབྱུང་བ་ལྔ་དང་། སྤར་ཁ་བརྒྱད། སྨེ་བ་དགུ། གཟའ་བདུན། སྐར་མ་ཉེར་བརྒྱད་སོགས་ཀྱི་རྩིས་འགྲེལ་ཧ་ཅང་མང་པོ་བསྒྱུར། ཆོས་རྒྱལ་ཁྲི་སྲོང་སྐུ་དུས་སུ་ཟན་ཡང་མི་འགྱུར་གཙུག་ལག་ཁང་བཞེངས་སྐབས་གྱིམ་ཤིང་ཀོང་ཇོས་འཕྲིན་ཡིག་བྲིས་ཏེ་རྒྱ་ནག་ནས་སེམས་བརྩེ་ཞེས་པའི་སློབ་དཔོན་རྩིས་ལ་མཁས་པ་ཞིག་ཡོད་པ་དེ་གདན་འདྲེན་དུ་བཏང་ནས་སེམས་བརྩེ་བོད་དུ་འབྱོར། ཁོང་གིས་རྩིས་དང་ས་དཔྱད་བརྟག་པའི་གནས་ལུགས་མང་པོ་བཤད་པ་རེད། དེ་རྗེས་རྒྱ་པཎ་དར་ཆེན་ཐིག་ལེའམ། ཏིང་ཅོ། དུ་ཧར་ནག་པོ་ཞེས་མཚན་གྱི་རྣམ་གྲངས་སུ་འབོད་པ་དེ་དང་། ཧ་ཤང་མ་ཧཱ་ཡཱ་ན། མ་ཧཱ་རཱ་ཛ་དེ་ཝ། བི་བྱིན་ཙན་པ་ཤི་ལ་བཅས་དང་། བོད་རིགས་ཁམས་ཁྲ་དང་པོ་དང་། ལང་ཚོ་ལྡོང་ཡག ཡུག་སྒྲ་བཞེར། ཁུ་ཤོག་མཁན། རྒྱ་གཡུ་བཟང་བཅས་ཀྱིས་རྩིས་ཀྱི་མ་ལྔ་བུ་ལྔ་དང་། ཡན་ལག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་བསྒྱུར། དེའི་ནང་ནས་རྒྱ་པཎ་དུ་ཧར་ནག་པོ་བོད་ལ་སྔ་ཕྱིར་ཐེངས་གཉིས་ཡོང་ཞིང་། ཐེངས་དང་པོར་ཁྲི་སྲོང་སྐབས་གཙུག་ལག་རྩིས་རིག་མཐུན་མོང་བ་རྣམས་བསྒྱུར་བ་དང་། ཐེངས་གཉིས་པར་གནམ་རིག་གིས་དུས་བཞི་དབྱེ་བའི་གཞུང་ལུགས་འོ་མ་ལ་མར་དཀྲོགས་པ་ཇི་བཞིན་རྒྱུད་སྡེ་ཀུན་ལས་བཏུས་པའི་《རིན་ཆེན་གསལ་བའི་སྒྲོན་མེ》དང་། 《ཉི་ལྡོག་འཁོར་ལོ》《འབྱུང་བ་རིན་ཆེན་གསལ་བའི་སྒྲོན་མེ་གསང་ཏིག་བཅུ་གཅིག》སོགས་བརྩམས་པ་མ་ཟད། ད་དུང་ཁོང་རང་ཉིད་ངོ་མས་བོད་ཀྱི་དུས་ཚིགས་ངེས་ཅན་དབྱེ་བའི་དགོངས་པས་མོན་ཡུལ་དང་བྱང་ཁམས་ཡུལ་བཞིར་བྱོན་ཏེ་མོན་ཡུལ་རྣམ་གསུམ་ན་སྟོན་ཀྱང་སྟོན། དཔྱིད་ཀྱང་སྟོན། བྱང་ཁམས་རྣམས་བརྒྱད་ན་དབྱར་ཡང་འཁྱག་ལ་དགུན་ཡང་འཁྱག ཅེས་བོད་ཀྱི་ལྷོ་བྱང་གཉིས་ཀྱི་གནམ་གཤིས་ཚ་གྲང་དང་ནམ་དུས་མི་འདྲ་བ་ཡོད་ཚུལ་གསལ་པོར་གསུངས་པ་རེད། དུ་ཧར་ནག་པོས་མཛད་པའི་《ཉི་ལྡོག་འཁོར་ལོ》དང་《འབྱུང་བ་རིན་ཆེན་གསལ་བའི་སྒྲོན་མེ་གསང་ཏིག》གཉིས་ནི་ད་ལྟའང་ཉར་ཚགས་བྱས་ཡོད་པས་དེ་ནི་བོད་ལ་ཡོད་པའི་རང་རྒྱལ་གནམ་རིག་རྩིས་དཔེ་སྔ་ཤོས་ཀྱི་གྲས་ཤིག་ཡིན། རྒྱ་པཎ་དུ་ཧར་ནག་པོའི་སློབ་མའི་ཐུ་བོའི་གྲས་ནི་ཁམས་ཁྲ་དང་པོ་ཡིན་པས་ཁོང་གིས་ཞུས་པའི《གཙུག་ལག་རྩིས་ཀྱི་བཻཌཱུར་ཡའི་གླེགས་བུ》དང་། 《གཞུང་དོན་སྙིང་པོ》《འགྲེལ་པ་ཉི་མའི་འོད་ཟེར》 ཞེས་པ་བསྒྱུར་བ་དེ་དག་ཕལ་ཆེ་བ་སྐབས་དེར་སྟག་གི་སྒྲོ་བར་བཅུག་ནས་རེ་ཞིག་གཏེར་དུ་སྦས་པ་རྗེས་སུ་བཻ་རོས་ཞུས་ཏེ་བསྒྱུར་བར་གྲགས། དེ་དུས་རྩིས་ལ་མཁས་པ་ཅོག་རོ་དཔལ་རྒྱལ་དང་། ལྷ་ལུང་དབྱིག་ཚེས་སྤོངས་ཡེ་གྲགས། སྣ་ནམ་ལྷ། སྣ་ནམ་གྲགས་པ། ཤུད་བུ་བ་གྲགས་པ་ལྷ་ཆེན། རྒྱའི་སྟོན་པ་ཆོས་ཀྱི་རིན་ཆེན་རྣམ་བདུན་བྱུང་། ཁྲི་སྲོང་རྗེས་ལ་རྒྱ་ནག་ནས་རྩིས་གཞུང་མང་པོའི་འགྱུར་བྱུང་བ་དེ་རྣམས་རྩིས་ལ་མཁས་པ་ཁམས་ཁྲ་དང་པོ་དང་། ཁྱུང་པོ་རྡོ་འབར། བྲན་ཁ་པད་མ། བྱམས་ཆེན་གྲགས་པ། ཁྱུང་ནག་ཤཱཀ་དར་ལ་སོགས་པས་རིམ་གྱིས་དར་ཁྱབ་མཛད་པ་ཡིན།

    དུས་རབས་བརྒྱད་པའི་ལོ་རྒྱུས་འཁོད་པ། 《ལོ་པཎ་བཀའ་ཐང་》ལེའུ་ཉེར་གསུམ་པ་རྩིས་གཏན་ལ་ཕབ་པའི་ནང་འཁོད་གསལ། བོད་ལ་ཕན་པའི་གཙུག་ལག་སྡེ་དགུར་བཏགས། །གནམ་ས་བར་གསུམ་གསུམ་གསུམ་གབ་ཙེ་དགུ། །ལོ་དང་ཟླ་བ་ཞག་དང་གསུམ། །ཟ་མ་སྐར་མ་དུས་ཚོད་གསུམ། །སྤར་ཁ་སྨེ་བ་ལོ་ཁྱིམ་གསུམ། །འདི་རྣམས་དགུ་གསུམ་བསྡུས་པས་དགུ་འདུས་བཏགས། །ཟླ་བ་བཅུ་གཉིས་རིམ་པ་བཞིན། །གསལ་དང་སྐར་མ་ཚེས་གྲངས་ཉི་མ་ནི། །མི་འགྱུར་བ་ཡི་གཟེར་ནི་བཞི་བཞི་ཡོད། །རྒྱ་བོད་སྐོར་འགོ་བཅོ་ལྔ་གཏན་ལ་ཕབ། །འདི་རྣམས་གབ་ཙེའི་མཚན་དུ་བཏགས། ཞེས་དང་། 《རྒྱལ་པོ་བཀའ་ཐང་》 ནང་དུ་ཟླ་བ་ཆེ་ཆུང་སྐྱེ་འབྲི་མི་སྲིད་ཀྱང་། །ཟླ་བ་སྟོད་སྨད་སྐྱེ་འབྲི་བྱུང་བ་འདྲ། །གནམ་སྟོང་དུས་སུ་ཆུ་ཤེལ་ཟླ་བའི་སྟེང་། །ཉི་མས་ནོན་པས་གསལ་བའི་ནུས་པ་མེད། །ཚེས་གསུམ་དུས་སུ་བག་ཙམ་བྲལ་བ་ཡིས། །མུ་ཆུའི་དྲི་མ་ནང་དུ་ཁྱབ་ཚད་གསལ། །ཚེས་བརྒྱད་དུས་སུ་དྲི་མས་ཕྱེད་ལ་ཁྱབ། །བཅོ་ལྔ་ཀུན་ལ་ཁྱབ་པས་གསལ་བ་ཡིན། དབྱར་དགུན་ཉི་མ་རིང་ཐུང་ཁྱད་པར་ནི། །དབྱར་ནི་རི་རབ་ཉི་མ་ཉེ་བས་བུལ། །རླུང་གིས་མ་བསྐྱོད་རི་རབ་ལྡེབས་ད་དལ། །དགུན་ནི་རི་རབ་ཉི་མ་རྒྱང་ཐག་རིང་། །རི་ཡིས་མ་བསྐྱབས་རླུང་གིས་བསྐྱོད་པས་མགྱོགས། །སྤུ་གྲིའི་སྟོབས་ཅན་རླུང་གིས་འདེགས་པའི་གོ། །འདེགས་དང་གནོན་དང་འཕྲུལ་དང་བརྟེན་པའི་རླུང་། །བཞི་སྒྲོམ་རླུང་གིས་ཉི་ཟླ་གཟའ་སྐར་བཏེགས། །མཚོ་ཡི་རླངས་ལས་མཁའ་ལ་སྤྲིན་དུ་ཆགས། །འབྱུང་བ་ཚ་གྲང་འཐབ་པས་གློག་ཏུ་འཁྱུག །དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོག །དྲག་ཅིང་ངར་ན་བར་ནས་ཐོག་ཏུ་བབས། །དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ། །ཞེས་འདུག་པས་དེ་དུས་མི་རྣམས་ཀྱིས་ཉི་ཟླ་ས་སྒང་གི་ཕན་ཚུན་འབྲེལ་བ་དང་། རང་བྱུང་ཁམས་ཀྱི་སྣང་ཚུལ་ཁ་ཤས་གནའ་རབས་བབས་ཆགས་ཀྱི་དངོས་གཙོའི་ལྟ་ཚུལ་ཐོག་ནས་གསལ་བཤད་བྱེད་ཐུབ་པ་དེས་སྐབས་དེར་གནམ་རིག་ཡར་རྒྱས་སྔར་ན་མ་གྲགས་པ་ཞིག་བྱུང་བ་གསལ་པོར་མངོན།

    སྤྱི་ལོ་༧༢༤ ཙམ་ལ་སྟོད་ཞང་ཞུང་ནས་ཡིན་པའི་གནུབས་བན་སངས་རྒྱས་ཡེ་ཤེས་ཞེས་པ་གཟའ་ལྔའི་འགྲོས་བཞི་དང་ཉི་ཟླ་གཟའ་འཛིན་སོགས་གནམ་རིག་སྐར་རྩིས་ལ་ཤིན་ཏུ་བྱང་ཆུབ་པ་དེས་ཁོང་གིས་ཉི་མའི་གྲིབ་གཟུགས་ལ་ཞིབ་འཇུག་ཐེངས་མང་བྱས་ཏེ་མཐར་དབྱར་དགུན་ཉི་ལྡོག་དང་། སྟོན་དཔྱིད་མཉམ་གཉིས་སོགས་བརྟག་པར་ཧ་ཅང་གནད་ཐིག་པའི་ཐུར་གྲིབ་ཡོ་བྱད་གསར་བཟོ་བྱས་པ་དང་། དེས་ད་དུང་དུས་སྦྱོར་དང་ཁྱིམ་བཅུ་གཉིས་གནས་ལུགས། གཞན་ཡང་ཉིན་མཚན་གྱི་དུས་ཚོད་རིང་ཐུང་གང་ཡིན་ཕྲ་ཞིབ་བརྩི་ཐུབ་པ་མ་ཟད། ད་ལྟའང་སྔོན་གྱི་ཐུར་གྲིབ་བརྟག་པའི་རིག་པ་དེ་ལ་བརྟེན་ནས་ཆུ་ཚོད་འཁོར་ལོའི་དུས་ཚོད་དང་གཅིག་གྱུར་ཡོང་བར་ས་རིས་ཨང་རྩིས་ཀྱི་ལམ་ནས་གསལ་པོར་ཤེས་རྟོགས་བྱེད་ཐུབ་ཀྱི་འདུག་པ་དེ་ནི་ཤིན་ཏུ་ངོ་མཚར་ཆེ་བའི་གནས་སུ་འདུག་པས་གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས་ཐུར་གྲིབ་བརྟག་པའི་རིག་པ་རྙེད་པ་དེ་ནི་བོད་ཀྱི་གནམ་རིག་ལོ་རྒྱུས་ཐོག་དུས་སྦྱོར་དང་། ཉི་མ། སའི་གོ་ལའི་བར་གྱི་ཕན་ཚུན་འབྲེལ་བ་ཤེས་པ་བྱེད་རྒྱུར་གལ་ཆེའི་གསར་རྙེད་ཅིག་ཀྱང་རེད།

    སྤྱི་ལོ་༨༠༦ ལོར་རང་ལུགས་བྱེད་པའི་རྩིས་འགོ་ཟུག་པ་དང་། བྱེད་རྩིས་ཀྱིས་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་དང་། ཆུ་ཚོད་བཅོ་ལྔ། སྐར་མ་སོ་གཉིས། བཅུ་གསུམ་ཆ་བཞི་ལ་གཏན་རྩིས་བཟོས་ཏེ་ཉིན་རྩིས་གཙོ་བོར་བྱས་ནས་གཟའ་ཚེས་སྐར་སྦྱོང་བྱེད་པ་ལྔ། ཞེས་ཉིན་རེའི་གཟའ་དང་། ཚེས་འཁྱུད་ཟླ་སྐར་ཟླ་བས་སའི་གོ་ལར་སྐོར་བ་བརྒྱབ་པ་ཁོ་ནར་བརྩི་བ་། ཉི་སྐར་ཉི་མ་གཙོ་བོར་བཞག་པ་། བྱེད་པ་བྱེད་པ་བཅུ་གཅིག་སྟེ། གདབ་པ། བྱིས་པ། རིག་པ་ཅན། ཏིལ་བརྡུངས། ཁྱིམ་སྐྱེས། ཚོང་། བི་ཊི། ཤང་ཀུ་ནི། རྐང་བཞི། ཀླུ། མི་སྡུག ད་དུང་སྒྲ་གཅན་གདོང་མཇུག་ཉི་མའི་དམར་ཐིག་གི་རྩིས་དང་། དེ་ལ་བརྟེན་པའི་ཉི་ཟླ་གཟའ་འཛིན་བརྩི་སྟངས་སོགས་ཅུང་ཟད་ཆ་ཚང་བའི་གནམ་རིག་མ་ལག་བྱུང་བར་བརྟེན་བྱེད་རྩིས་ཀྱིས་བོད་ཀྱི་གནམ་རིག་ལོ་ཐོ་འཕེལ་རྒྱས་འགྲོ་བར་བསྐུལ་འདེད་ཀྱི་ནུས་པ་ཤུགས་ཆེན་ཐོན་པ་རེད། འོན་ཀྱང་སྐབས་དེར་བོད་ལ་ཆོས་ལུགས་སྟོབས་ཤུགས་བར་གྱི་འཐབ་རྩོད་གནས་པ་དང་། ལྷག་པར་དབང་སྒྱུར་གྲལ་རིམ་གྱིས་ལོ་རྒྱུས་འཁྱོག་བཤད་བྱས་ནས་བྱེད་རྩིས་ནི་ཕྱི་རོལ་མུ་སྟེགས་པའི་རྩིས་རིག་ཡིན་པས་དེ་ནི་བོན་སྟོན་པ་གཤེན་རབ་ནས་བྱུང་བ་རེད་ཅེས་དྲིལ་བསྒྲགས་བྱས་རྐྱེན་བྱེད་རྩིས་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་འགོག་རྐྱེན་ཆེས་ཆེར་བྱུང་བ་རེད།

    སྤྱི་ལོ་༩༠༠ ཙམ་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ལ་རྩིས་ཀྱི་སྒྲོན་མེ་སྦར་བར་དགོངས་ནས་རྒྱ་ནག་དར་ཆེན་ཐིག་ལེར་གཙུག་ལག་གི་རྩིས་རིག་སློབ་པར་བོད་རིགས་མི་བཞི་བརྫངས་པའི་ནང་ཚན་ལང་ཚོ་ལྡོང་ཡག་ཅེས་བྱ་བ་དེ་ཉིད་ཀྱི་རིགས་ཚ་མདོ་ཁམས་ལ་གཞིས་ཆགས་པའི་མི་རྒྱུད་མི་ཉག་རྒྱལ་མཚན་དཔལ་བཟང་ཞེས་པ་མདོ་ཁམས་ནས་དབུས་ཕྱོགས་སུ་སླེབས་ཏེ་གཡོར་པོ་གྲ་ནང་གི་ཕུག་པ་ད་ལྟ་གྲ་ནང་ཤན་བྱིང་ཨོ་དཀར་བྲག་ཕུག་ཟེར་བ་ཞིག་ལ་བརྟེན་ནས་བཞུགས་པས་ཕུག་པ་ཞེས་པའི་མིང་ཡང་དེ་ལ་བརྟེན་ནས་བྱུང་ཞེས་གྲགས་ལ། མི་ཉག་རྒྱལ་མཚན་དཔལ་བཟང་ནི་རྒྱ་རྩིས་སྔ་འགྱུར་འབྱུང་རྩིས་དང་ཧོང་ལེ་སོགས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས་ཁོང་བོད་ལ་འབྱོར་རྗེས་བོད་ཀྱི་གནམ་རིག་ལོ་ཐོ་དང་། གནམ་གཤིས། ས་བབས་བཅས་ལ་བརྟག་དཔྱད་ཞིབ་འཇུག་མང་དག་ཅིག་བྱས་པ་མ་ཟད། ཐ་ན་དམངས་ཁྲོད་ལ་མཐོ་བ་ལུག་རྫི་ནས་དམའ་བ་ཉ་པ་ཡན་ལ་སྐད་ཆ་དྲིས་ཏེ་མང་ཚོགས་ཀྱི་ཉམས་མྱོང་བཟང་པོ་བསྡུ་ལེན་བྱས་ནས་རྒྱ་རྩིས་ཧོང་ལེ་དང་། བོད་ལྗོངས་ས་མཐོའི་ཁྱད་ཆོས་ཟུང་སྦྲེལ་གྱིས་ལོ་འགོ་ཤིང་བྱི་ནས་འཛིན་པའི་གནམ་རིག་སྐོར་གྱི་དཔེ་དེབ་དང་ལོ་ཐོ་གསར་རྩོམ་བྱས་པ་དང་། ཕྱིས་སུ་ཕུག་པའི་བརྒྱུད་པ་སྔགས་པ་ལྷུན་གྲུབ་དཔལ་སོགས་གནམ་རིག་སྐར་རྩིས་ལ་མཁས་པ་མང་པོ་བྱུང་ནས་ཕུག་ལུགས་ཞེས་པའི་བཞེད་སྲོལ་ཐོག་མར་དེ་ནས་བྱུང་བ་རེད།

    སྤྱི་ལོ་ ༡༠༢༧ ལོར་ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་བོད་དུ་འབྱོར་པ་དང་། སྐད་གཉིས་སྨྲ་བའི་དབང་ཕྱུག་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་ཆེན་མཛད་དེ་དུས་འཁོར་རྒྱུད་འགྲེལ་བསྒྱུར་བ་དང་། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་དང་། རྭ་ཆོས་རབ། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་ཉན་བཤད་སྒྲུབ་པའི་སྒོ་ནས་དུས་ཀྱི་འཁོར་ལོའི་བསྟན་པའི་གཞི་མ་བཙུགས་པ་རེད། སྐབས་འདིར་བྱེད་རྩིས་ཀྱི་མེ་མཁའ་རྒྱ་མཚོ་༤༠༣ཞེས་པའི་འདས་ལོའི་འཕྲོ་རྫོགས་པ་མེ་ཡོས་དང་དུས་འཁོར་རྒྱུད་འགྲེལ་བོད་ལ་བསྒྱུར་བ་དུས་མཚུངས་པས་བོད་ལ་དུས་འཁོར་ལུགས་ལྟར་རྒྱ་གར་གྱི་རབ་བྱུང་བརྩི་སྲོལ་ཐོག་མར་དར། དེ་ནས་བཟུང་སྔར་བོན་ལུགས་ཀྱི་ལོ་འགོ་འབྱུང་ལྡན་དང་། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྐུ་དུས་༦༦༤ སུ་དར་བའི་རང་རྒྱལ་གནའ་རབས་ཀྱི་ལོ་འགོ་ཤིང་བྱི་ནས་འཛིན་པའི་ཚབ་དེ་རབ་བྱུང་གིས་བྱས་པ་རེད། སྐབས་དེར་ལོ་འགོ་གང་ནས་འཛིན་པ་ཡང་དག་མིན་སྐོར་ལ་གནམ་རིག་སྐར་རྩིས་པའི་བར་དུ་རྩོད་གླེང་ཆེན་པོ་བྱུང་ཞིང་། ཕུག་ལུགས་སྔ་མས་ལོ་འགོ་ཤིང་བྱི་ནས་འཛིན་པ་དེ་ནི་བོད་སྔ་རབས་པའི་ལོ་འགོ་འཁྲུལ་མེད་ཡིན་ལུགས་དང་། ད་ལྟ་མེ་ཡོས་རབ་བྱུང་དང་པོ་ནས་ལོ་འགོ་འཛིན་པ་དེས་བོད་རྩིས་དཀྲུགས་པ་རེད་ཅེས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་རེད། ཡིན་ནའང་སྐབས་དེར་དུས་འཁོར་རྒྱུད་འགྲེལ་ནང་དུ་སྣོད་ཀྱི་འཇིག་རྟེན་མེད་ན་ཡང་། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་བཤད་ནས་ཕྱི་དུས་ཀྱི་འཁོར་ལོ་ལས་ནང་དུས་ཀྱི་འཁོར་ལོ་ལྷག་པ་ཡོད་པས་དེ་ལ་བརྟེན་ན་གསང་སྔགས་བླ་མེད་ཀྱི་ལམ་བརྒྱུད་དེ་མཐར་ཐུག་འཚང་རྒྱ་བའི་དགོས་པ་ཡོད་ཚུལ་བཤད་སྟབས་ཕྱི་དུས་ཀྱི་འཁོར་ལོའི་གནམ་རིག་དགོས་པ་མེད་པ་ལྟ་བུ་དང་། ཐ་ན་བོད་ཀྱི་ལོ་འགོ་བརྩི་སྟངས་ཀྱང་རབ་བྱུང་དང་མཐུན་པར་བསྒྱུར་བཅོས་བཏང་ནས་བོད་དུ་རབ་བྱུང་ཐོག་མ་འགོ་ཚུགས་པའི་སྐབས་དེར་འབྱུང་རྩིས་ལུགས་ཀྱི་ཤིང་བྱི་ནས་བརྩིས་པའི་ད་ལྟ་མེ་ཡོས་འཁེལ་བར་བརྟེན་རབ་བྱུང་དང་པོ་མེ་ཡོས་ལ་འཇོག་དགོས་བྱུང་བ་རེད། བོད་ལ་རབ་བྱུང་དང་པོ་མེ་ཡོས་ནས་འགོ་ཚུགས་པ་དང་། རང་ལུགས་རྣམ་དག་གྲུབ་རྩིས་ཀྱི་འགོ་ཡང་ཚུགས་ཤིང་། གྲུབ་རྩིས་པས་སྔར་ཡོད་བྱེད་རྩིས་ལ་དཔྱད་གསུམ་དག་པས་ཞིབ་འཇུག་དང་ལེགས་ཆ་བླངས་ཏེ་བོད་ས་ཁུལ་རང་གི་ཡུལ་དུས་ཁྱད་ཆོས་དང་། དེ་བཞིན་སྐར་ཁྱིམ་གོ་ལའི་སའི་གོ་ལ་དང་གནམ་གོ་ལ་འགྲོས་ལ་གཞིགས་ནས་ལོ་གཅིག་ལ་ཉིན་ཞག་༣༦༥ དང་། ཆུ་ཚོད་༡༦ ཆུ་སྲང་༡༤ དབུགས་༡ བཅུ་གསུམ་ཆ་༡༢ རི་མཁའ་རིའི་ཆ་༡༣༡ གཏན་ཚིག་བཟོས་པ་དང་། བྱེད་རྩིས་གཟའི་སྐབས་སུ་ཞག་རེར་ཆ་ཤས་༡༦ ཉུང་བ་དང་། ཉི་སྐར་ཞག་རེར་ཆ་ཤས་༤༤ མང་བའི་སྐྱོན་བསལ་བའི་ཁར་བྱེད་རྩིས་ཚེས་འཁྱུད་ཟླ་སྐར་གྱིས་ཞག་༢༧ ལ་ཟླ་བས་སའི་གོ་ལར་སྐོར་བ་ཐེངས་གཅིག་བསྐོར་བ་དེ་རེས་འགྲོགས་ཟླ་སྐར་ཞེས་པར་བཅོས་ནས་ཟླ་བས་སའི་གོ་ལར་སྐོར་བ་རྒྱག་པ་དང་། ཟླ་བ་དང་སའི་གོ་ལ་གཉིས་ཀས་ཉི་མར་སྐོར་བ་རྒྱག་པའི་ཆོས་ཉིད་དང་བསྟུན་ཏེ་ཟླ་བ་ཆེ་བར་ཞག་༣༠ དང་ཆུང་བར་ཞག་༢༩ བརྩིས་རྗེས་ད་གཟོད་ཟླ་རྩིས་ཐོག་ནས་ཚེས་༡༥ ལ་ཟླ་བ་ཉ་རྒྱས་པ་དང་། གནམ་སྟོང་ལ་ཟླ་བ་མི་མཐོང་བ། ཚེས་༡༥ ལ་ཟླ་འཛིན་དང་ཚེས་༣༠ ལ་ཉི་འཛིན་བྱུང་བའི་གཏན་ཚིག་བཟོས་པ་རེད། དེ་དག་གིས་མི་ཚོས་ཉི་ཟླ་སྐར་སྒང་གི་ཕན་ཚུན་འབྲེལ་བ་དང་དེ་ཚོའི་ཆོས་ཉིད་ཤེས་རྟོགས་བྱེད་རྒྱུ་དེ་ཆུ་ཚད་གསར་པ་ཞིག་གི་ཐོག་ལ་སླེབས་ཐུབ་པ་བྱུང་ངོ་། །

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།