དབུ་ཤོག>བོད་ལུགས་གསོ་རིག
  • “བདེ་ཐང་བོད་ལྗོངས”རྣམ་གྲངས་ཀྱིས་ས་མཐོའི་མིའི་གཟུགས་གཞི་ཐང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-04

    རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་དོན་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས“བདེ་ཐང་བོད་ལྗོངས”བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་དགོས་མཁོ་སྐོང་རྒྱུ་ཕྱོགས་སྟོན་དུ་འཛིན་པ་དང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། བོད་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བྱེད་ནུས་ཆེར་གཏོང་། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་དར་སྤེལ་ཤུགས་ཆེན། མི་རིགས་ཁག་གི་མང་ཚོགས་ལ་ནད་ཕོག་ཉུང་བ་དང་། ནད་གཞི་ལྟ་ཐུབ་པ། ནད་གཞི་ཡག་པོ་ལྟ་ཐུབ་པ་བཅས་ཡོང་བ་བྱས་ཏེ་དམངས་ཡོངས་ཀྱི་གཟུགས་གཞི་རྒྱུན་ཆད་མེད་པར་ཐང་དུ་གཏོང་རྒྱུ་ཡིན་པ་རེད།

    ཉེ་ཆར། ཆུ་ཤུར་རྫོང་གིས་ལྗོངས་ཡོངས་ཀྱི་སྔོན་ལ“བདེ་ཐང་ཆུ་ཤུར”ཞེས་པའི་རྣམ་གྲངས་བསྐྲུན་ཏེ་དམངས་ཡོངས་ཀྱི་བདེ་ཐང་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སླེབས་རྒྱུར་སྐུལ་སྤེལ་བཏང་སྟེ“བདེ་ཐང་བོད་ལྗོངས”བསྐྲུན་རྒྱུར་སྣེ་ཡག་པོ་འཁྲིད་པ་རེད།

    རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དགའ་སྐྱིད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས“བདེ་ཐང་བོད་ལྗོངས”བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད་ཅེས་བཤད།

    2016ལོར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་མི་རེའི་ཆ་སྙོམས་ཞབས་ཞུའི་འགྲོ་གྲོན་དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགྲོ་གྲོན་གྱི་ནོར་སྲིད་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུའི་རྣམ་གྲངས་བསྡུ་སྒྲིལ་བྱ་ཤུགས་ཆེ་རུ་གཏོང་བ། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་རྫོང་རིམ་པ་མན་གྱི་སྨན་ཁང་གི་རྒྱལ་ཁབ་གཞི་རྩའི་སྨན་རྫས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཤང(གྲོང་རྡལ)གི་སྨན་དོན་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་སྔར་བས་མཐོ་རུ་གཏོང་བ་བཅས་བྱ་ཆེད། རང་ལྗོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཐད་མ་དངུལ་སྒོར་དུང་ཕྱུར་33.32བཏང་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་8.49ཡིས་མང་བ་ཡོད་པ་དང་འཕར་ཚད་34.2%ཟིན་ཡོད། དེའི་ནང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་འགྲོ་གྲོན་སྒོར་དུང་ཕྱུར་1.77ཡིན་པ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་འགྲོ་གྲོན་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་50ནས་སྒོར་55བར་མང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བརྟག་དཔྱད་འགྲོ་གྲོན་སྒོར་དུང་ཕྱུར་1.51ཡིན་པ། སྲིད་འཛིན་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་གཟུགས་པོར་བརྟག་དཔྱད་བྱས་པའི་འགྲོ་གྲོན་སྒོར་དུང་ཕྱུར་2.3ཡིན་པ། སྦྲུམ་མའི་སྐྱེ་སྒུག་འཚོ་བའི་ཁ་གསབ། ནད་སྡོད་བུ་བཙའི་ཁ་གསབ་དང་དེ་བཞིན་བྱ་དགའི་རོགས་དངུལ་བཅས་སྒོར་ཁྲི་6384ཁ་སྣོན་བརྒྱབ་ཡོད་པ་རེད།

    “བདེ་ཐང་བོད་ལྗོངས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་ད་དུང་ལས་དོན་མང་དག་ཅིག་སྒྲུབ་དགོས་པ་སྟེ།

    ——ཕྱོགས་ཡོངས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་དང་། ས་ཁུལ(གྲོང་ཁྱེར)རྫོང་བཅས་རིམ་པ་གསུམ་གྱི་ནད་གཞི་སྔོན་འགོག་ཚོད་འཛིན་དང་། མ་བུ་བདེ་སྲུང་ཞབས་ཞུ། ཁྲག་འཐེན་སྤྲོད་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་ནས་ནད་ཆེན་དང་། འགོ་ནད། ས་མཐོའི་ནད། ཡུལ་ནད། ལས་ནད། དབང་རྩའི་ནད་བཅས་སྔོན་འགོག་ཧུར་ཐག་བྱས་ཏེ། ཐོལ་བྱུང་ལས་འཛོལ་ཚབས་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་ཐག་གཅོད་དང་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཕྱོགས་བསྡུས་ལྟ་སྐུལ་བྱེད་ནུས་ཆེ་རུ་གཏོང་དགོས། “ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་སྐུལ་སྤེལ་བྱ་སྤྱོད”གཏིང་ཟབ་སྤེལ་བ་དང་བདེ་ཐང་སློབ་གསོ་ཤུགས་ཆེན་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིན་མེད་ངང་བདེ་ཐང་བརྟག་དཔྱད་བྱས་ནས་གློག་རྡུལ་བདེ་ཐང་ཡིག་ཚགས་རིམ་བཞིན་བཟོ་དགོས།

    ——ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་མགྱོགས་སུ་དང་ལེགས་སུ་བཏང་ནས་རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)རིམ་པའི་སྨན་བཅོས་སྒྲིག་གཞིའི་ཞབས་ཞུ་བྱེད་ནུས་ཆེ་རུ་གཏོང་དགོས་པ་དང་། གཙོ་གནད་རྫོང་སྨན་ཁང་གིས་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་གཞི་ལྡན་པའི་ངང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྨན་བཅོས་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་ནས་མི་ཆིག་སྟོང་ལ་ལས་རིགས(ལས་རོགས)སྨན་པ་2.2ཡོད་པ་བྱེད་དགོས།

    ——བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ་དང་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་སྟེ། རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(ཡུལ་མི)བཅས་ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་ཁྱོན་ཡོངས་ནས་ཁྱབ་པ་བྱེད་དགོས། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཀྱི་དོ་དམ་སྒྲིག་སྲོལ་དང་འཁོར་རྒྱུག་ལམ་སྲོལ་བཙུགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་གསར་གཏོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་སྨན་སྨན་རྩྭ་ཐོན་ཁུངས་སྲུང་སྐྱོབ་དང་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་བཅས་བྱེད་དགོས།

    ——གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྲིད་ཇུས་ཆ་འགྲིག་དང་། སྒྲིག་འཛུགས། ལག་བསྟར་བཅས་དང་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་དང་སྨན་བཅོས་བཅས་ཀྱི་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་རྫོང་དང་ཤང་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག་དེང་སྐབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་དགོས།

    ——དམངས་ཡོངས་བདེ་ཐང་གི་རྒྱལ་ཁབ་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི“སྒྲིག་ཆས་ཚད་ལྡན་ཅན་དང་། རྩ་འཛུགས་དྲ་རྒྱ་ཅན། བྱེད་སྒོ་སྤུས་རྟགས་ཅན། མཁོ་སྤྲོད་སྣ་མང་ཅན”བཅས་ཡོང་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་ཚན་རིག་དང་མཐུན་པའི་ངང་ལུས་སྦྱོང་ནང་ཞུགས་པ་དང་། ལུས་རྩལ་བདེ་ཐང་མཉམ་རོལ་བྱ་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་དགོས། སློབ་གྲྭའི་ལུས་རྩལ་འཕེལ་རྒྱས་བཏང་སྟེ་སློབ་མ་རྣམས་སློབ་གྲྭའི་ནང་ཉིན་ལྟར་ལུས་རྩལ་བྱེད་སྒོར་ཞུགས་ཡུན་ཆུ་ཚོད་གཅིག་ལས་མི་ཉུང་བ་བྱེད་པ་དང་སློབ་མ་90%ཡན་གྱི་སློབ་མ་རྒྱལ་ཁབ་ཀྱི་སློབ་མའི་གཟུགས་གཞི་བདེ་ཐང་ཚད་གཞི་ལོན་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་རྒྱལ་དམངས་ཀྱི་གཟུགས་གཞི་ཚད་གཞི་ལོན་ཚད་80%ཡན་ལོན་ཐུབ་པའི་བརྩོན་ལེན་བྱེད་དགོས།

    ——བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་གཅིག་གྱུར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་འགན་ལེན་མ་ལག་འཛུགས་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་དང་ལག་རྩལ་འདེགས་སྐྱོར་ནུས་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་སྲོལ་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྨན་རྫས་ཀྱི་སྣ་ཁ་ཡོངས་རྫོགས་དང་བཟའ་བཅའི་གཙོ་གནད་ཐོན་རྫས་ལ་ཁྱབ་པའི་ཆ་འཕྲིན་མཉམ་རོལ་མ་ལག་དང་ཁུངས་འདེད་ཐུབ་པའི་མ་ལག་རགས་ཙམ་འཛུགས་དགོས།

    ——ལེགས་བཙའ་ལེགས་གསོའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མ་བུ་བདེ་སྲུང་དང་གཞི་རིམ་གྱི་ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། སྦྲུམ་མ་དང་དམར་འབྱར་ཤི་ཚད་ཆེས་ཆེར་དམའ་རུ་གཏོང་བ། དབང་པོ་སྐྱོན་ཅན་མི་སྐྱེ་བ་བྱེད་པ། གསར་སྐྱེས་མི་འབོར་བྱང་ཚད་མཐོ་རུ་གཏོང་བ། མི་རེའི་ཆ་སྙོམས་རེ་འདུན་ཚེ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་ཏེ་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་རྒྱུན་མཐུད་ངང་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)རིམ་པ་གཉིས་ཀྱི་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་གཞུང་གིས་ཁ་གསབ་སྤྲོད་པ་དང་ཞབས་ཞུ་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད་རིགས་ཁག་གི་ཁེ་ལས་དང་། རྩ་འཛུགས། མི་སྒེར་བཅས་དབང་པོ་སྐྱོན་ཅན་བྱ་གཞག་ཁྲོད་ཞུགས་རྒྱུར་སྐུལ་འདེབས་གཏོང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།