དབུ་ཤོག>བོད་ལུགས་གསོ་རིག
  • གསོ་བ་རིག་པའི་སྐོར་གྱི་དྲི་བ་དྲིས་ལན་འོས་སྦྱོར།

  • ཡོང་ཁུངས།  ཁམས་པའི་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-05-18

    1. བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་སློབ་པའི་དགོས་པ་གཙོ་བོ་གང་ཡིན།

    ལན། ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་འདས་ཟིན་པར་རྒྱུས་ལོན་དང་། ད་ལྟའི་གནས་བབས་ལ་ཤེས་རྟོགས་ཡོང་བ། མ་འོངས་འཕེལ་རྒྱས་ཀྱི་ལམ་ཀ་ཡང་དག་ཞིག་འདེམས་པ་བཅས་ཀྱི་ཆེད་ཡིན་ཏེ། གཅིག་ནས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ན་གསོ་རིག་འདིའི་འབྱུང་ཁུངས་གང་ཡིན་པ་དང་། དུས་ནམ་ཞིག་ལ་དར་བ།གཞུང་དང་ལག་ལེན་གྱི་ཆུ་ཚད་གང་འདྲ་ཞིག་ཡིན་པ། རིག་གཞུང་འདི་ལ་ཐུན་མིན་གྱི་ཁྱད་ཆོས་གང་དག་ལྡན་པ། མེས་པོ་གོང་མ་རྣམས་ཀྱིས་ཅི་ལྟར་དར་རྒྱས་སུ་མཛད་པ།དུས་སྐབས་སོ་སོའི་དར་རྒུད་ཀྱི་གནས་ཚུལ་དང་དེའི་རྒྱུ་རྐྱེན་སོགས་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། གཉིས་ནས་ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་གནས་བབས་དང་། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་གསོ་རིག་འདི་ལ་ད་ལྟ་ཚུལ་གང་འདྲ་ཞིག་བཟུང་ཡོད་པ་སོགས་ཤེས་རྟོགས་ཡོང་བ་དང་། གསུམ་ནས་འདས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ད་ལྟའི་གནས་བབས་ལ་གཞིགས་ཏེ་མ་འོངས་འཕེལ་རྒྱས་ཀྱི་ཐབས་ལམ་དང་ཁ་ཕྱོགས་ཡང་དག་འདེམས་ཐུབ་པ་བཅས་ཡིན། གཞན་ལོ་རྒྱུས་ནི་རིག་གནས་གང་ཡིན་དེ་ཡུན་རིང་གནས་པར་བྱེད་པའི་གཞོགས་འདེགས་ཀྱི་ཀ་བ་ལྟ་བུ་ཡིན་པར་འདོད་དོ།།

    2.རྒྱུད་བཞིའི་མཚན་ལེགས་སྦྱར་སྐད་ཀྱི་སྒོ་ནས་བསྟན་དོན་ཅི།

    ལན། གཅིག་ནས་གཞུང་འདི་ཉིད་རྒྱ་གཞུང་ཚད་མ་དག་ཁྱད་མེད་པར་ཁུངས་བཙུན་པའི་ཆེད་དུ་གོ་བ་དང་། གཉིས་ནས་ལེགས་སྦྱར་སྐད་ལ་བག་ཆགས་འཇོག་པ། གསུམ་ནས་རྒྱུན་ལ་བྱིན་རླབས་འཇུག་པ། བཞི་ནས་སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་པ་བཅས་ཀྱི་ཆེད་དུ་ཡིན་ནོ།།

    3.མན་ངག་རྒྱུད་འཆད་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དེ་སངས་རྒྱས་སྨན་གྱི་བླ་མའི་གཞི་གང་ལས་སྤྲུལ་བ་ཡིན།

    ལན། ཡོན་ཏན་ལས་སྤྲུལ་བ་ཡིན་ཏེ།མན་རྒྱུད་ལས། སྤྲུལ་བའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཡོན་ཏན་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་ཞེས་གསུངས་པས་སོ།།

    4.ཕྱི་མ་རྒྱུད་འཆད་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དེ་སངས་རྒྱས་སྨན་གྱི་བླ་མའི་གཞི་གང་ལས་སྤྲུལ་བ་ཡིན།

    ལན། འཕྲིན་ལས་ལས་སྤྲུལ་བ་ཡིན་ཏེ། ཕྱི་མ་རྒྱུད་ལས། སྤྲུལ་བའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཕྲིན་ལས་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་ཞེས་གསུངས་པས་སོ།།

    5.བོད་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པའི་གསོ་རིག་གི་སློབ་གྲྭ་ཐོག་མ་དེ་ཡུལ་གང་དུ་དུས་ནམ་ཞིག་ལ་མཁས་པ་སུས་བཙུགས་པ་ཡིན།

    ལན། བོད་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པའི་གསོ་རིག་གི་སློབ་གྲྭ་ཐོག་མ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་དེ་ཀོང་པོ་སྨན་གྱི་ལུང་པར་སྤྱི་ལོ་763ལོར་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བཙུགས་པ་ཡིན།

    6.རྒྱུ་ཁུ་ཁྲག་དང་འབྱུང་ལྔས་མངལ་གནས་བྱིས་པའི་ལུས་ཀྱི་ཆ་ཤས་གང་དག་སྐྱེད་དམ།

    ལན། ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། རང་གི་སེམས་ལས་དབང་པོའི་རྣམ་ཤེས་འབྱུང༌། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར།

    7. ཚ་མཁྲིས་ཀྱི་སྤྱི་བཅོས་ལས་དཔྱད་ཀྱིས་བཅོས་ཐབས་ཇི་ལྟར་ཡིན།

    ལན། རུ་ཐུང་གཤའ་རིངས་སྣོད་ཀ་གང་བབས་གཏར།

    8.ཚད་པ་རྙིང་པའི་རྩ་ཕྲ་ལ་གྲིམས་པར་འཕར་བའི་རྒྱུ་མཚན་ཅི།

    ལན། གནད་ཀྱི་ལྡེ་མིག་ལས། ཚད་པ་རྙིངས་ནས་ལུས་ཟུངས་ལ་ཞེན་པས་ཁྲག་ཚད་ཀྱི་སྟོབས་མི་མངོན་པ་བག་ལ་ཞ་བར་གྱུར་པས་རྩ་རྒྱུད་ཕྲ་བ་དང་། ངོ་བོ་ཚད་པ་ཡིན་པས་རྩ་རྒྱུད་ཁོང་གྲིམས་པ་ཅན་ནོ།།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།