ལོ་ལྔའི་ནང་ཁྲིམས་འགལ་རིམས་འགོག་སྨན་ཁབ་ཞིང་ཆེན་དང་གྲོང་ཁྱེར་18ལ་བཏང་བ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་5.7ཟིན་ཞིང་། ཅི་ནན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་གྱི་རིམས་འགོག་སྨན་ཁབ་ཀྱི་གྱོད་གཞི་གཅིག་རྩད་ཆོད་པ་དེའི་ཁྱབ་རྒྱ་ཆེ་བ་དང་དུས་ཡུན་རིང་བ་དེ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། གྱོད་གཞི་དེའི་ཐོག་ནས་རིམས་འགོག་སྨན་ཁབ་ཀྱི་ལྟ་སྐུལ་དོ་དམ་ཐད་ལྷག་པའི་ཞན་ཆ་མངོན་ཡོད།
ཁྲིམས་འགལ་གྱི་གྱོད་གཞི་ཆེན་པོ་དེ་ནི་འཁོར་རྒྱུག་ལྷུ་ཚིགས་ཁྲོད་ཐོན་ཞིང་། ཚད་ལྡན་ཁེ་ལས་ཀྱིས་གྲང་ཉར་སྐྱེལ་འདྲེན་བྱེད་དགོས་པའི་རིམས་འགོག་སྨན་ཁབ་དེ་སྨན་རྫས་གཉེར་སྐྱོང་ཆོག་པའི་ལག་ཁྱེར་གང་ཡང་མེད་པའི་ཉེས་གསོག་དོགས་ཅན་བང་ཆེ་གེ་མོས་སྤྱིར་བཏང་མཛོད་ཁང་ནང་ཉར་ཚགས་དང་། འཁྱགས་སྒམ་ནང་གི་འཁྱག་པ་སྤྱད་ནས་གྲང་མོ་བཟོ་ཐབས་དེ་རང་ཡིན་པ་རེད།
རིམས་འགོག་སྨན་ཁབ་དེ་དག་ནང་། བྱིས་པའི་རྒྱུངས་པའི་གཉན་ཚད་དང་ཀླད་ཚད་འགོག་པའི་རིམས་འགོག་སྨན་ཁབ་དང་ཁྱི་སྨྱོན་རིམས་འགོག་སྨན་ཁབ་སོགས་ཡོད། རིམས་འགོག་སྨན་ཁབ་རྒྱག་པའི་དམིགས་ཡུལ་ནི། མིའི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང“གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”ཀྱིས་ནད་གཞི་སྔོན་འགོག་གི་ནུས་པ་ཐོན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ལུས་པོར་མི་འཕྲོད་པར་བརྟེན་སྤྱི་དམངས་ཀྱིས་རིམས་འགོག་སྨན་ཁབ་ཁྱབ་ཁོངས་ཀྱི་ཡིད་ཆེས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
དེ་བས་ཁོང་ཁྲོ་བྱེད་དགོས་པ་ཞིག་ནི། ཉེས་གསོག་དོགས་ཅན་བང་ཆེ་གེ་མོས་དེ་སྔ་རིམས་འགོག་སྨན་ཁབ་ཁྲིམས་འགལ་ཚོང་གཉེར་བྱས་པས་དུས་བཀག་བཙོན་འཇུག་ལོ་གསུམ་དང་ལོ་ལྔ་ནར་འགྱངས་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད། འོན་ཀྱང་ཁོ་མོས་ནར་འགྱངས་ཁྲིམས་ཆད་འཁུར་རིང་སླར་ཡང་ཁྲིམས་འགལ་གྱི་ལས་ངན་མུ་མཐུད་བརྩམས་ཡོད།
རིམས་འགོག་སྨན་ཁབ་འཁོར་རྒྱུག་ཐད་གཞི་འཛིན་སའི་ཁྲིམས་མེད་པ་ག་ལ་ཡིན། 2005ལོར་ལག་བསྟར་བྱས་པའི《རིམས་འགོག་སྨན་ཁབ་འཁོར་རྒྱུགས་དང་རིམས་ནད་སྔོན་འགོག་གི་དོ་དམ་སྲོལ་ཡིག》ནང་། རིམས་འགོག་སྨན་ཁབ་ཚོང་གཉེར་མཁན་ལ་གྲང་ཉར་མཛོད་དང་། སྐྱེལ་འདྲེན། གསོག་ཉར་སོགས་ཀྱི་འབྲེལ་ཡོད་ཆ་རྐྱེན་འཛོམས་དགོས་པ་དང་། རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་མཁན་ཁེ་ལས་དང་རིམས་འགོག་སྨན་ཁབ་སྡེབ་ཚོང་བྱེད་མཁན་ཁེ་ལས་ཀྱིས་སྨན་རྫས་དོ་དམ་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་གཏན་འབེབས་ལྟར། དྲང་བཞག་དང་འཐུས་ཚང་གི་ཉོ་ཚོང་ཐོ་འགོད་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།
2011ལོར་སྡེ་ཚན་བདུན་གྱིས《རིམས་འགོག་སྨན་ཁབ་མཁོ་སྤྲོད་མ་ལག་བསྐྲུན་རྒྱུའི་འཆར་འགོད》བཏོན་ནས་རིམས་འགོག་སྨན་ཁབ་འཁོར་རྒྱུག་ལྷུ་ཚིགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས“རིམས་འགོག་སྨན་ཁབ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རིམས་འགོག་སྨན་ཁབ་ལ་དོ་དམ་བྱ་རྒྱུའི་ལས་དོན་དེ་སྡེ་ཚན་མང་པོ་དང་འབྲེལ་བ་ཡོད། མིག་སྔར་སྤྱི་ཡོངས་ནས་མཐུན་སྦྱོར་བྱ་རྒྱུ་མི་འདང་བ་དང་རིམས་འགོག་སྨན་ཁབ་འཁོར་རྒྱུག་ལ་དོ་དམ་བྱ་རྒྱུ་མི་འདང་བ”བཅས་ཀྱི་གནད་དོན་བཏོན་པ་དང་འབྲེལ་དམིགས་ས་ཡོད་པའི་སྒོ་ནས“རིམས་འགོག་སྨན་ཁབ་གྲང་ཉར་སྐྱེལ་འདྲེན་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གྲང་ཉར་སྐྱེལ་འདྲེན་བརྒྱུད་རིམ་གྱི་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་འགོག་སྨན་ཁབ་སྐྱེལ་འདྲེན་གྱི་སྤུས་ཚད་དང་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་བཏོན་ཡོད།
ཁྲིམས་སྲོལ་ཁ་གསལ་ཡོད་ཀྱང་། “གནད་དོན་ཡོད་པའི་རིམས་འགོག་སྨན་ཁབ”ཉོ་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་ད་དུང་ཐོན་བཞིན་ཡོད། རིམས་འགོག་སྨན་ཁབ་བདེ་འཇགས་ཡོང་བ་བྱ་རྒྱུ་དེ་ནི་མིའི་ཚེ་སྲོག་དང་འབྲེལ་བའི་དོན་ཆེན་ཞིག་ཡིན། མི་ཀུན་གྱིས་སྤུས་ཞན་གྱི་རིམས་འགོག་སྨན་ཁབ་དེ་རིགས་བཟོ་ས་དང་གང་དུ་བཏང་མིན་རྩད་ཆོད་གསལ་པོ་བྱེད་དགོས་པ་དང་ཁྱབ་བསྒྲགས་བྱེད་དགོས་པ་ཕུད། འབྱུང་རྩ་ནས་ཐོན་སྐྱེད་དང་། འཁོར་རྒྱུག ཉོ་ཚོང་། བེད་སྤྱོད་སོགས་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་གྱི་ཞན་ཆ་རྩ་བཀོག་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་འགན་འཁྲི་གཙང་སྒྲུབ་དང་། ནུས་ཆེ་ཁ་གསལ། ནན་ལ་ཚགས་ཚུད་པ་བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་སྤྱད་དེ་རིམས་འགོག་སྨན་ཁབ་ཀྱི་ཁྲིམས་འགལ་འཁོར་རྒྱུག་ལམ་བུ་བཀག་ནས་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།