དུས་བཞི་ཐོག་མ་དཔྱིད་ཀྱི་དབུགས།
རྒྱ་བོད་ཟླ་བ་བཅུ་གཉིས་ཀྱི།
ཚེས་ནི་ཉེར་དྲུག་ལ་ཟུག་པའི།
དོན་འབྲས་བརྟག་པ་འདི་ན་སྤྲོ།
སྤྱིར་ན་ཁྱུ་མཆོག་མདོག་དཀར་བས།
སད་སེར་ལ་སོགས་ལོ་དགྲ་དང་།
གཉན་སྐྲངས་ལྷོག་རྒོད་ནད་རིམས་ངོ་།
མགོ་དམར་དཔྱིད་གསུམ་ར་བཞི་ལ།
ཆར་དཀོན་ཁྱད་པར་ས་སྟོད་ཐན།
མི་ཆེན་མཁར་ཁང་ཉེས་པའི་ངོ་།
ཕོ་བ་དམར་པོས་སྤྱི་ལ་དགེ
བྱེ་བྲག་རྭ་རྣ་མཇུག་གསུམ་དམར།
ཡུལ་སྤྱིར་ཆར་དཀོན་ཐན་ངོ་ཤར།
རིམས་ཚད་ནད་ཀྱིས་ཅུང་ཟད་ཉེས།
སུག་བཞི་ཁ་མཚུལ་མདོག་སེར་པོས།
རོང་ཆེན་ལུང་པའི་དམའ་ཞིང་བཟང་།
གླང་གི་ཁ་གདངས་མཇུག་གཡོན་གཡོབ།
ཕྱུགས་དགེ་གཞོན་དང་ཕྲུ་གུ་འཕེལ།
མི་ལ་ཆུང་ཟད་རྩུབ་པའི་ངོ་།
གླང་རྫི་བྱིས་པས་བྱིས་པ་བདེ།
རྒན་རྩུབ་དར་མ་ཤིན་ཏུ་དྭོགས།
གོས་ལྗང་རྐེད་ཆིངས་དཀར་བ་ཡིས།
ཟོང་དང་མི་ཡི་འབྱོར་པ་འབྲིང་།
དགྲ་ཟླའི་འཚེ་བ་ཅུང་ཟད་ཤར།
ལྷམ་ཟུང་ཕུད་དེ་ས་ལ་བཞག།
བདེ་སྐྱིད་དལ་བའི་མཚན་མ་མངོན།
ལྟག་སྐྲ་གཙུག་བཅིངས་མཆོག་ཏུ་དགེ
རྒྱལ་ཁམས་ལྷ་ཡི་དཔལ་ལ་འགྲན།
ལྕག་ཚན་དར་སྐུད་སར་འདྲུད་པས།
ཡུལ་ཁམས་བདེ་ཡང་མི་ཆེན་ཉེས།
གླང་རྫི་བྲེལ་བས་སྔོན་དུ་རྒྱུག
ཕྱུགས་རྣམས་བདེ་ཞིང་སོས་འཕར་སྔ་།
ཀུན་གཞིར་ཁྱུ་མཆོག་རྒྱན་(༦)གྱིས་མཛེས།
ས་བཅུད་སོས་འཕར་འབྲིང་པོ་དང་།
མཁའ་ལ་གཡུ་འབྲུག་གཏེར་(༩)གྱིས་འཁྱུག
ཆར་དྲག་ཐོག་སེར་རྒོད་པའི་ངོ་།
ཚེས་གཅིག་ལྕགས་ཕོ་སྤྲེལ་གྱི་ཉིས།
བཟའ་བཏུང་ལོ་ཏོག་འབྲིང་པོ་དང་།
གསུམ་པ་བཞི་པར་ཅུང་ཟད་ཐམ།
བརྒྱད་པར་ཁ་ཆར་ཆེ་བ་འོང་།
མི་གྲངས་སྲིད་པར་(༣)ཁུར་པོ་རི(༧)།
འབྲུ་ཡི་སྙིང་པོ་ཐབས་ཤེས་(༢)ཀྱིས།
སྨིན་དུས་འབུས་མྱུར་བཟང་བ་ཡིན།
ཐོའུ་ཚུགས་ནས་སྟོན་དབུགས་བར།
མཁའ་མེའི་ཞག་ལ་ལྟོ་འགྲོ་(༨)ཆད།
སྨིན་དཔྱད་ཚད་པ་འབྲིང་དུ་རྟོགས།