དབུ་ཤོག>བོད་ལུགས་གསོ་རིག
  • ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་བཅོས་ཐབས་ཚད་ལྡན་དུ་གྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   |     སྤེལ་དུས།  2016-01-20

    སྤྱི་ཚེས་18ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་བོད་ལུགས་གསོ་རིག་སྨན་བཅོས་ལྟེ་གནས་ཀྱི་གཙོ་བཅོས་སྨན་པ་ཚེ་བརྟན་རྣམ་རྒྱལ་གྱིས“ད་ནས་བཟུང་སྨན་པས་བོད་ལུགས་སྲོལ་རྒྱུན་སྨན་བཅོས་བྱེད་ཐབས་ཏེ་ཁྲག་གཏར་ནད་བཅོས་ཐབས་སོགས་སྤྱོད་སྐབས།ནད་གང་ལ་ཁྲག་གཏར་སྤྱོད་དགོས་པ་དང་གཏར་གནས་གང་དུ་ཡོད་པ།ཁྲག་ཕྱིར་འདོན་པའི་ཚད་བཅས་གཏན་ཁེལ་བྱས་ཟིན་པའི་ཚད་ལྡན་གྱི་མ་ལག་ལྟར་འགྲོ་དགོས་པ་དང་།ཚད་ལྡན་གྱི་མ་ལག་འདི་ཡོད་པས་ནད་པས་ཀྱང་སྨན་པ་གསར་བ་ལག་བྱང་སོང་ཡོད་མེད་ལ་སེམས་ཁུར་བྱ་དགོས་དོན་མེད"ཅེས་གསུངས།བོད་ཀྱི་གསོ་རིག་ནི་ཀྲུང་གོའི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤིག་ཡིན་པར་མ་ཟད།ད་སྔའི་བར་ལོ་ངོ་༢༣༠༠ལྷག་གི་ལོ་རྒྱུས་ལྡན་ཡོད་པ་རེད།བོད་ཀྱི་སྔོན་བྱུང་གསོ་རིག་མཁན་པོ་དག་གིས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་གསོ་རིག་གི་གཞུང་མང་པོ་བརྩམས་ཡོད་ལ།དེ་དག་གི་ཁྲོད་དུ་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱེད་ཐབས་༣༠བསགས་འཇོག་བྱས་འདུག མིག་སྔར་ཁྲག་གཏར་དང་མེ་བཙའ།དུགས།ལུམས།བྱུགས་པ་སོགས་ནི་རྒྱུན་མཐོང་གི་ནད་བཅོས་ཐབས་དང་ཀུན་གྱིས་མཁས་མཆེད་ལ།ནད་གང་ལ་ཚད་དེར་འཚམ་སྤྱོད་ཐུབ་པའི་སྨན་བཅོས་བྱེད་ཐབས་གལ་ཆེན་ལྔ་རུ་བཟུང་ཡོད།ཚེ་བརྟན་རྣམ་རྒྱལ་ན་རེ།སྨན་བཅོས་བྱེད་ཐབས་འདི་དག་ལོ་ངོ་སྟོང་ཕྲག་བརྒྱུད་ནས་ད་ལྟའི་བར་བསླེབས་པའི་ཁྲོད།སྨན་པ་ཚང་མས་《དཔལ་ལྡན་རྒྱུད་བཞི》ནི་ལག་ལེན་བྱེད་པའི་ཚད་འཛིན་སར་བཟུང་ཡོད།འོན་ཀྱང་རྒྱུད་བཞིའི་ཁྲོད་དུ་ལག་ལེན་བྱེད་ཐབས་སྤྱི་ཙམ་ཞིག་ལས།ཕྲ་ཞིང་ཞིབ་པ་བཀོད་མེད་པར།བོད་ཀྱི་གཞོན་སྐྱེས་སྨན་པ་མང་པོས་དགེ་རྒན་གྱི་ནད་ཐོག་ཉམས་མྱོང་ལ་སྟེན་དགོས་པས།ཚད་ལྡན་དང་ལུགས་མཐུན་མིན་པ་ཆ་ཤས་མང་ཙམ་མཆིས་ཞེས་བརྗོད།གནད་འདིར་དམིགས་ཏེ་༢༡༠༥ལོར་བོད་རང་སྐྱོང་ལྗོངས་ནས་བོད་ལུགས་གསོ་རིག་སྨན་བཅོས་བྱེད་ཐབས་ལེགས་སྒྲིག་དང་ཚད་ལྡན་ཅན་དུ་འགྱུར་བའི་བྱ་བར་ཞིབ་འཇུག་བྱས།བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་ནད་ཐོག་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཕུར་ཆུང་ཚེ་རིང་(སྒྲ་སྒྱུར་བྱས)ལགས་ནས་གསལ་བཤད་བྱས་པ་ལྟར་ན།《དཔལ་ལྡན་རྒྱུད་བཞི》ཡི་གཞུང་ལུགས་ཀྱི་རྨང་བྱས་ཐོག ནད་ཐོག་སྨན་བཅོས་བྱེད་ཐབས་ཀྱིས་ཟུང་འབྲེལ་བྱས་ཏེ།མིག་སྔར་ནད་རྟགས་མི་མཐུན་པ་དང་གཏར་གནས་སོ་སོའི་སྨན་བཅོས་བྱེད་ཐབས་ལྟར་ཁྲག་གཏར་དང་མེ་བཙའ།དུགས།ལུམས།བྱུགས་པ་སོགས་སྨན་བཅོས་ཐབས་མཆོག་ལྔ་ཡི་ཚད་ལྡན་སྨན་བཅོས་བྱེད་ཐབས་༧༨བཏོན་ཡོད་འདུགཕུར་ཆུང་ཚེ་རིང་གིས་གསར་འགོད་པར་བོད་ལུགས་གསོ་རིག་ཆེད་མཁས་པ་གདན་དྲངས་ཐོག་ཞིབ་བསྡུར་ནན་མོ་བྱ་རྒྱུ་མ་ཟད།ནད་ཐོག་ཏུ་བཀོལ་བའི་ཁྲོད་ནས་མུ་མཐུད་ལེགས་བཅོས་ཀྱིས།ཆེས་ཐོག་མར་སྨན་ཁང་དུ་སྤྱོད་ཆོག་པའི་སྨན་བཅོས་བྱེད་ཐབས་ཚད་ལྡན་ཞིག་ཆགས་པར་བྱས་རྗེས།“གལ་ཏེ་ནད་ཐོག་ཕན་འབྲས་ཆེན་པོ་ཐོན་ཡོད་ན།ང་ཚོས་དབང་གྲགས་ཆེ་བའི་སྡེ་ཁག་ལ་བསྟེན་ནས་ཚད་ལྡན་ཅན་གྱི་བོད་ལུགས་གསོ་རིག་སྨན་བཅོས་བྱེད་ཐབས་འདི་རྒྱལ་ཡོངས་སམ་བོད་ལུགས་སྨན་བཅོས་རྒྱུགས་ཆེ་བའི་ཞིང་ཆེན་དུ་ཁྱབ་སྤེལ་བྱ་རྒྱུ་ཡིན"ཞེས་བརྗོད།དེར་མ་ཟད།ཕུར་ཆུང་ཚེ་རིང་གིས་སྨན་བཅོས་བྱེད་ཐབས་འདི་གཏན་ཁེལ་གྱི་བརྒྱུད་རིམ་ཁྲོད་ནད་ཐོག་ཉམས་མྱོང་གཙོས་སུ་བཟུང་ཐོག འབྲེལ་ཡོད་དཔེ་གཞུང་བསྡུ་ཉར་དང་ལེགས་སྒྲིག ཕྱོགས་བསྡུས་བྱས་ཏེ་འདྲ་གཟུགས་དང་ཡི་གེ་གཉིས་ལྡན་གྱི་གཞུང་ཞིག་ཆགས་པར་བྱས་པས་ལས་དང་པོ་བར་ཕན་ཆེ་ཚུལ་བསྟན་འདུག

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།