རང་ཅག་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ་ལོ་ཐོའི་ནང་ལོ་འཁོར་བཅུ་གཉིས་དང་བསྟུན་པའི་མི་སོ་སོའི་བླ་གཟའ་དང་། སྲོག་གཟའ། གཤེད་གཟའ་བཅས་རེས་གཟའ་གང་ལ་འཁེལ་མིན་གྱི་བརྩི་སྲོལ་ཁྱད་འཕགས་ཤིག་ཡོད་པ་ནི། བོད་མི་རིགས་ཀྱི་མི་ཚེའི་རིན་ཐང་གི་ལྟ་བ་དང་། གསོ་རིག་གི་ལྟ་བ། དམངས་སྲོལ་རིག་གནས། ཡུལ་གོམས་གཤིས་ལུགས་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཀྱི་ནོར་བུ་གཅེས་སུ་རུང་བ་ཞིག་རེད། འོན་ཀྱང་དུས་ད་ལྟར་བལྟས་ཚེ། བོད་མི་ལོ་གཞོན་ཕྱི་རབས་པ་མང་པོའི་ཁྲོད་དུ་རང་གི་བླ་གཟའ་དང་། སྲོག་གཟའ། གཤེད་གཟའ་བཅས་ངོས་བཟུང་ཐུབ་མཁན་རི་བོང་བརྒྱ་ལ་བློ་ལྡན་གཅིག་ལྟར་ཤིན་ཏུ་ཉུང་ལ། ལ་ལས་ནི་སོ་སོའི་སྐྱེས་ལོ་དང་ལོ་རྟགས་ཙམ་ཡང་མི་ཤེས་མི་དྲན་པར་ཕ་མ་སོགས་རྒན་རབས་ཚོར་རྣ་ལ་གཟན་པའི་སྐད་ཆ་འདྲི་གིན་འདུག་པ་ནི། མི་རིགས་ཀྱི་རིག་གནས་དང་། རང་གི་མི་ཚེ་ལ་འགན་མི་འཁུར་བའི་ཅོལ་ཆུང་ངོ་ཚའི་གནས་ཤིག་ལས་མ་འདས་པར་སྙམ། གཤམ་ལ་བླ་གཟའ་དང་། སྲོག་གཟའ། གཤེད་གཟའ་བཅས་ལྟ་སྟངས་ཀྱི་རེའུ་མིག་ཅིག་གཟིགས་པར་འཚལ་ལ། འདི་ཡང་མ་ཤེས་པས་ཤེས་པ་དང་། ཤེས་པས་ཀྱང་སླར་ཤེས་པ། སླར་ཤེས་པས་ཀྱང་སླར་ཤེས་རྒྱུ་རྣམས་ལ་སྐད་འཕྲིན་ནང་བརྒྱུད་བསྐུར་ཤེས་རྟོགས་ཡོང་བའི་ཆེད་དུ་ལགས།
གོང་གསལ་རེའུ་མིག་ནང་ལོ་འཁོར་བཅུ་གཉིས་སོ་སོའི་བླ་གཟའ་དང་། སྲོག་གཟའ། གཤེད་གཟའ་བཅས་ཇི་ལྟར་བལྟ་དགོས་སམ་ཞེ་ན། གལ་སྲིད་ཁྱེད་རང་ལོ་རྟགས་ལུག་ཡིན་ན། རེའུ་མིག་ལྟར་ཁྱེད་ཀྱི་བླ་གཟའ་རེས་གཟའ་པ་སངས་ལ་འཁེལ་བ་དང་། (ཉིན་དེར་བྱ་བ་ལེགས་པའི་ལས་བྱས་ན་བཟང་བར་བརྩི།)སྲོག་གཟའ་རེས་གཟའ་ཟླ་བར་འཁེལ་བ། (ཉིན་དེ་ལའང་དགེ་བར་བརྩི་བ། ) གཤེད་གཟའ་རེས་གཟའ་ཕུར་བུར་འཁེལ་བ། (ཉིན་དེར་བྱ་བའི་ལས་འཛེམས་དགོས་པར་བརྩི་བ།) དེ་བཞིན་ཁྱེད་ཀྱི་བླ་སྐར་རྒྱུ་སྐར་རྒྱལ་དང་། སྲོག་སྐར་རྒྱུ་སྐར་ཐ་སྐར། དབང་སྐར་རྒྱུ་སྐར་བྲ་ཉེ། ཀེག་སྐར་རྒྱུ་སྐར་ཆུ་སྟོད། བདུད་སྐར་རྒྱུ་སྐར་མགོ གཤེད་སྐར་རྒྱུ་སྐར་ནམ་གྲུ་བཅས་ཡིན་ཞིང་ཞིབ་པར་ཤེས་འདོད་ན་བོད་ཀྱི་ལོ་ཐོའི་ནང་གཟིགས་པར་འཚལ། དེ་མིན་ལོ་རྟགས་གཞན་རྣམས་རེའུ་མིག་ནང་གཟིགས་ཏེ་རིགས་འགྲེ་ན་རྟོགས་སླའོ།།