མི་དམངས་དྲ་བའི་འཕྲིན། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་ཉེ་ཆར་སྟོངས་ལ་ཉེ་བའི་སྨན་རྩྭ་སྟེ། ཧི་མ་ལ་ཡའི་བ་སྤྲུའི་སྤུས་ཚད་ཚད་གཞིར་གདེང་འཇོག་བྱེད་སྟངས་གསར་པ་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་དང་། ཞིབ་འཇུག་གྲུབ་འབྲས་དེས་དུས་ཡུན་རིང་པོར་སྤུས་ཚད་ཚད་གཞི་མེད་པའི་སྟོངས་ཉེའི་བོད་སྨན་རྒྱུ་ཆར་དཔེ་དབྱིབས་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད་པ་རེད།
ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་གིས་ཀྲུང་ལུགས་གསོ་རིག་དང་། གནའ་བོའི་རྒྱ་གར་གྱི་གསོ་རིག གནའ་བོའི་ཨ་རབ་ཀྱི་གསོ་རིག་བཅས་ཀྱི་ལེགས་ཆ་བསྡུས་པས་མ་ལག་ཆ་ཚང་ཞིང་ནད་ཐོག་ལག་ལེན་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་། སྨན་རྒྱུའི་སྣ་ཁ་མང་ཞིང་། སྣ་ཁ་རེ་རེའི་རྨང་གཞིའི་ཞིབ་འཇུག་ཡག་པོ་མེད་པ། བཟོས་དབྱིབས་ཅུང་རྗེས་ལུས་ཡིན་པ་བཅས་ཀྱིས་རྐྱེན་པས་བོད་སྨན་རྒྱུ་ཆའི་སྤུས་ཚད་ཚད་གཞིའི་མ་ལག་བཟོ་རྒྱུ་ཡུན་རིང་འགོར་བ་རེད།
ཧི་མ་ལ་ཡའི་བ་སྤྲུ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་700ནས་སྨི་3300བར་ཡོད་པའི་བོད་ལྗོངས་དང་སི་ཁྲོན་སོགས་ཀྱི་རི་ལྡེབས་དང་རྩྭ་གསེབ་ཏུ་སྐྱེས་ཀྱི་ཡོད། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཉེ་ལེ་ཅོན་གྱིས་སྟོངས་ལ་ཉེ་བའི་བོད་སྨན་རྒྱུ་ཆ་འདི་ནད་ཐོག་ལག་ལེན་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད་མོད། ཡིན་ན་ཡང་དུས་ཡུན་རིང་པོར་ཚོད་འཛིན་ཐུབ་པའི་སྤུས་ཚད་ཚད་གཞི་ཞིག་མེད་ཅེས་ངོ་སྤྲོད་བྱས། ཞིབ་འཇུག་བྱེད་པའི་ཁྲོད་སྟོངས་ལ་ཉེ་བའི་བོད་སྨན་རྒྱུ་ཆའི་སྤུས་ཚད་ཚད་གཞིའི་གདེང་འཇོག་བྱེད་སྟངས་གསར་པ་བཟོས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱུན་སྤྱོད་བོད་སྨན་རྒྱུ་ཆ་500ལྷག་ཙམ་ཡོད་པ་ལས་136ལ་མིག་སྔར་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་ཚད་གཞི་བཟོས་ཡོད། 2013ལོར་བོད་རང་སྐྱོང་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་རྒྱུ་ཆའི་ཚད་གཞི་》ཁྱབ་བསྒྲགས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་ཚད་གཞི་མེད་པའི་རྒྱུན་སྤྱོད་བོད་སྨན་རྒྱུ་ཆ་སྣ་ཁ་101ལ་ས་གནས་ཀྱི་ཚད་གཞི་བཟོས་ན་ཡང་། མིག་སྔར་རྒྱུན་དུ་སྤྱོད་པའམ་ཡང་ན་སྟོངས་ལ་ཉེ་བའི་བོད་སྨན་རྒྱུ་ཆ་མང་པོ་ཞིག་ལ་ད་དུང་སྤུས་ཚད་ཚད་གཞི་གཅིག་གྱུར་ཅིག་མེད་པ་རེད།
རིགས་གཅིག་མཁས་ཅན་གྱིས་ཧི་མ་ལ་ཡའི་བ་སྤྲུའི་སྤུས་ཚད་ཚད་གཞིའི་གདེང་འཇོག་བྱེད་སྟངས་གསར་པས་སྟོངས་ལ་ཉེ་བའི་བོད་སྨན་རྒྱུ་ཆ་མིའི་ཐབས་ལ་བརྟེན་ནས་ཐོན་སྐྱེད་བྱེད་པའི་ཐད་སྔར་བས་བློ་གཏད་ཆོག་པའི་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་ཆབས་ཅིག་སྟོངས་ལ་ཉེ་བའི་བོད་སྨན་རྒྱུ་ཆ་གཞན་དག་གི་སྤུས་ཚད་ཚད་གཞི་བཟོ་བའི་ཐད་ཀྱང་ཟུར་ལྟའི་དཔེ་དབྱིབས་མཁོ་འདོན་བྱས་ནས་བོད་སྨན་གྱི་སྤུས་ཚད་ཚད་གཞི་སྔར་བས་འཐུས་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།