དབུ་ཤོག>བོད་ལུགས་གསོ་རིག
  • ལྷ་ལྡན་སྨན་རྩིས་ཁང་གི་བྱུང་རབས་མདོར་བསྡུས། 1

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བ།   |     སྤེལ་དུས།  2015-07-21

    འགྲོ་ཕན་སྨན་སྨན་རྩིས་ཁང་གི་གདན་རབས་དྲི་མེད་ཤེལ་གྱི་མེ་ལོང་ལ་སྣོན་འཕྲི་བྱས་ཏེ་བསྒྲིགས།

    ཨོཾ་ཨ་ཐཱ།ཚོགས་གཉིས་རྟ་ལྗང་ཅན་གྱིས་ཉེར་དྲངས་པའི།།མཚན་དཔེའི་འོད་སྟོང་མཁྱེན་བརྩེའི་གཟི་འབར་བ།།སྐྱེ་དགུའི་སྙིགས་ལྔའི་གདུང་མུན་སེལ་མཛད་མཁན།།ཉིན་བྱེད་སྨན་རྒྱལ་བདེ་གཤེགས་བརྒྱད་ལ་འདུད།།རྒྱལ་བ་སྨན་བླའི་གསང་གསུམ་ཡོན་ཏན་ཀུན།།གངས་ཅན་སྨན་པའི་རྗེ་བོར་ལེགས་སྣང་བ།།སྐྱེས་ཚད་སྨན་དུ་བསྡེབས་པའི་ཆོ་ག་མཁན།།འགྲོ་བའི་མགོན་པོ་གཡུ་ཐོག་པ་དེར་འདུད།།མཐའ་བཞིའི་གསོ་རིག་བདུད་རྩིའི་རྒྱ་མཚོའི་རྒྱུན།།དད་བརྩོན་ཡུར་དྲངས་ལྗོངས་འདིའི་རྫིང་རིང་ལ།།བསྐྱིལ་བའི་བྱེད་པོ་ལོ་ཆེན་བཻ་རོ་དང་། །གཏེར་སྟོན་གྲྭ་མངོན་སོགས་ལ་ལྷག་པར་དད། །སྨན་རྩིས་དགོངས་དོན་བསམ་འཕེལ་དབང་རྒྱལ་དངོས། །མ་ཡིས་བུ་ལ་བརྩེ་ལྟར་མངོན་གཅེས་ཞིང་། །དར་རྒྱས་རྒྱལ་མཚན་སྤོར་མཆོད་དེ་འཛིན་སྐྱེ།།རྗེ་བོར་བཀུར་མཁན་ཆོས་རྒྱལ་བསྔགས་པའི་གནས། །ཁ་བའི་ལྗོངས་འདིར་ཕན་བདེ་པད་མོའི་ཚལ། །འཛུམ་དང་མི་འཛུམ་གང་ལ་ལྟོས་པའི་མགོན། །རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ། །འཚོ་བཞེས་གཡུང་དྲུང་རིས་སུ་སྨིན་གྱུར་ཅིག །དྲི་མེད་གངས་ལྗོངས་ཤེལ་གྱི་མེ་ལོང་ལ། །ནག་ཕྱོགས་སྲིན་པོའི་གཡའ་ཡིས་ཆེས་བསླད་ཀྱང་། །སྨན་རྩིས་དུང་གི་རང་མདངས་མི་འགྱུར་བར། །ཇི་སྲིད་ཉི་ཟླ་ཟུང་དང་ཅིག་ཅར་འཕྲོས། །

    ཞེས་ཚིགས་སུ་བཅད་པའི་མེ་ཏོག་གི་ཕྲེང་བས་མདུན་བསུས་ནས།དེ་ཡང་གངས་རི་རྭ་བས་ཁོར་ཡུག་ཀུན་ཏུ་བསྐོར་བའི་བསིལ་ལྡན་ཁ་བ་ཅན་གྱི་ལྗོངས་འདིར་དར་བའི་སྨན་དང་རྩིས་ཀྱི་རིག་པའི་ལྟེ་གནས་དང་།འགྲོ་མཆོག་གཙོ་བོར་གྱུར་པའི་རྐང་གཉིས་མིའི་ལུས་ཅན་གྱི་སྲོག་གི་དཔུང་གཉེན།ཕན་བདེ་ཉི་ཟླ་ལྟ་བུའི་སྨན་རྩིས་ཁང་ཞེས་སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་མཛེས་པ་འདི་ཉིད་ནི་རབ་བྱུང་བཅོ་ལྔ་བའི་ནང་ཚན་མེ་འབྲུགསྤྱི་ལོ་1916ལོ་ལ།༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་༧སྐུའི་བླ་སྨན་པ་དང་སྤྱི་ཁྱབ་མཁན་པོ་གཅིག་ལྕོགས་མཛད་མཁན་མི་རྗེ་བཀྲས་ཁང་དངོས་གཞི་བྱམས་པ་ཐུབ་དབང་ཞེས་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་རྩལ་རྫོགས་ཤིང་། རིས་མེད་འགྲོ་ལ་ཕན་བདེའི་དགའ་སྟོན་འབད་མེད་དུ་སྩོལ་མཁན། གངས་ཅན་སྨན་པའི་གཙུག་ནོར་ལྟ་བུ་གང་ཉིད་ནས་སྨན་རྩིས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་སློབ་གསོའི་ཞུ་སྒོ་ཁག་རྣམས་དུས་རབས་དང་མཐུན་པར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་ཐོག་སྐྱེ་འགྲོ་ཀུན་ལ་ནད་མེད་ལང་ཚོའི་དཔལ་ཡོན་ཅིག་ཅར་དུ་འབྱུང་ཕྱིར་ལྷ་སར་སྨན་རྩིས་སློབ་གྲྭ་ཞིག་གསར་འཛུགས་བསྐྱངས་རྒྱུ་དང་། དེའི་འགོ་འཛིན་དུ་ཡང་མཁས་དབང་བྱམས་པ་ཐུབ་དབང་རང་ཉིད་ཀྱི་དངོས་སློབ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕུལ་དུ་བྱུང་བའི་སྨན་རྩིས་རིག་པ་སྨྲ་བ་མཁྱེན་རབ་ནོར་བུ་མཆོག་འབྲས་སྤུངས་སྨན་སྦྱིན་པའི་ལས་འཁུར་ཞུ་མུས་ཡིན་པ་ཁོང་ལ་འོས་བབས་ཆེ་ཚུལ་བཅས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་ལ་སྙན་ཞུ་འབུལ་གནང་མཛད་པ་ལྟར། ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོས་ལྷ་སར་གཞི་རྒྱ་ཆུང་ཙམ་གྱི་སྨན་རྩིས་སློབ་གྲྭ་གསར་འཛུགས་ཆོག་པ་དང་། མཁྱེན་རབ་ནོར་བུ་ལ་གཞུང་ཞབས་རྩེ་སྐོར་ལས་ཚན་པའི་གོ་གནས་ཐོག་སྨན་རྩིས་ཁང་དང་། ལྕགས་པོ་རི་རིག་བྱེད་གྲྭ་ཚང་གཉིས་ཀའི་དབུ་འཛིན་གཅིག་ལྕོགས་གནང་དགོས་པའི་ཕྱག་རྟགས་ཕེབས།

    སྨན་རྩིས་སློབ་གྲྭ་ཐོག་མའི་ཚུགས་ཡུལ་ནི། བསྟན་རྒྱས་གླིང་གི་ནུབ་ངོས་ཁང་རྙིང་སྒོ་ར་ཤར་ནུབ་གཉིས་ལས་ཤར་གྱི་ཉིས་ཐོག་ཀ་བ་གཉིས་ལ་སློབ་ཁྲིད་གནང་ཡུལ་ཚོགས་ཁང་《རྗེས་སུ་སྨན་སྦྱོར་ཁང་》དང་། དེ་ནས་ལྷན་རྒྱས་ཁང་ཞེས་ནད་པ་གཏོང་ཡུལ་ཀ་བ་གཅིག་དང་། ཞབས་ཕྱི་སྒང་ལྕམ་གང་མ་གཅིག རྩིས་ཁང་ཀ་བ་བཞི། མཁྱེན་རབ་ནོར་བུའི་བཞུགས་ཤག་ལྕམ་གང་མ་གཅིག དེ་འཕྲོས་འོག་ཁང་རྣམས་སློབ་ཕྲུག་གི་ལས་ཤག་དང་། སྨན་གྱི་དོས་ཁང་། གཉེར་ཚང་། ཐབ་ཚང་། ཤིང་ཁང་བཅས་པར་ཀ་བ་བཅུ་དྲུག་ཙམ་དང་། སྒོ་ར་ཤར་ནུབ་ཀྱི་བར་ཤུར་ཀ་བ་གཉིས་ལ་སྨན་བརྫོགས་རྡོ་གཏུན་འཇོག་ས་བྱས། དེ་རྗེས་རང་གཞུང་བཀའ་ཤག་ནས་ད་དུང་གཏོར་རྒྱག་གླིང་ཀ་དང་། གཡུ་ཐོག་ཟམ་པ་ནས་བྱུས་བཏིང་གླིང་བར་གྱི་འདམ་ར་ཡོངས་རྫོགས། དེ་བཞིན་བསྟན་རྒྱས་གླིང་གི་མདུན་ངོས་ས་ཆའི་བདག་དབང་བཅས་པ་སྨན་རྩིས་ཁང་ལ་གསོལ་རས་གནང་བ་དེ་དག་ལེགས་བཅོས་ཀྱིས་སློབ་གྲྭའི་ཁོར་ཡུག་དང་། ལམ་གྱི་གཡས་གཡོན་ཀུན་ཏུ་ཨ་ག་རུ་དང་པདྨ། སྨན་རྩྭའི་མེ་ཏོག་སྣ་ཚོགས་སྡུག་གུར་བཀྲ་བའི་ལྷན་སྐྱེས་ཀྱི་དྲི་ངད་དང་སྦྱར་བྱུང་དྲི་ཞིམ་སྤོས་ཀྱི་དུད་སྤྲིན་སོགས་ནི་འགྲན་པ་བཞིན་དུ་མཁའ་ལ་འཕྱུར་བཞིན་ཡོད་པ་མ་ཟད། ཞོགས་པའི་སྐྱ་རེངས་དང་པོ་ཤར་བ་དང་དྲན་ཤེས་རྣམ་པར་དག་པའི་སློབ་ཕྲུག་རྣམས་ནི་མཚར་སྡུག་པདྨའི་གེ་སར་བཞད་པར་རྐང་དྲུག་གཞོན་ནུས་བཅུད་ལ་རོལ་བ་བཞིན། རྒྱུད་བཞི་དང་བཻ་དཀར། སྙན་སུམ་ལེགས་བཤད་སོགས་སྐྱོར་སྦྱོང་གི་སྒྲ་དབྱངས་གསར་པའི་མགྲིན་རྔ་ཕྱོགས་ཀྱི་མཛེས་མའི་སྙན་ལམ་དུ་ལྷང་ལྷང་སྒྲོག་པ་སོགས་ངོ་མཚར་བའི་ཁྱད་པར་སྟོང་གིས་སྒེག་པའི་སྨན་རྩིས་སློབ་གྲྭ་ཞེས་གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་བ་དེ་ཉིད་དུས་ཡུན་ཐུང་ངུ་ཞིག་གི་ནང་གྲ་སྒྲིག་བྱ་བ་མཐའ་དག་གེགས་མེད་ལམ་ལྷོང་ལྡན་པའི་སྒོ་ནས་མགྱོགས་མྱུར་དང་། བདེ་ལེགས་ངང་བཙུགས་ཐུབ་པ་བྱུང་བ་ནི། བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་གི་ཐུགས་ཁུར་ཟབ་མོའི་ཇུས་འགོད་སློབ་སྟོན་འོག་མཁྱེན་རབ་ནོར་བུ་རང་ཉིད་ཀྱི་ལྷག་བསམ་རྣམ་པར་དག་པའི་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་བསྙོན་དུ་མེད་དོ། །

    སྨན་རྩིས་ཁང་འཛུགས་དགོས་པའི་རྒྱུ་རྐྱེན་དང་དམིགས་ཡུལ།  མཁས་མཛངས་ལྡན་པའི་ཆོས་རྒྱལ་རིམ་བྱོན་གྱིས་བསྐྱངས་པའི་ལོ་ངོ་ཉིས་སྟོང་ལྷག་ལ་ཉེ་བའི་དུས་ཡུན་ནང་། ཆོས་དང་རིག་གཞུང་སྤྱི་དང་། ལྷག་པར་དུ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནས་སྨན་པ་དུང་གི་ཐོར་ཅོག་ཅན། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། གཏེར་སྟོན་གྲྭ་བ་མངོན་ཤེས་སོགས་གསོ་རྩིས་རིག་པ་གཙོས་པའི་རིག་གནས་ཆེ་ཕྲ་ཀུན་ལ་མཁྱེན་དཔྱོད་ཀྱི་མངའ་བརྙེས་པའི་མཁས་ཆེན་དམ་པ་རྣམས་ནས་གཅེས་ནོར་དུ་བཞག་པའི་སྨན་རྩིས་རིག་པའི་གཞུང་ལུགས་འདི་མི་ཉམས་གོང་སྤེལ་ཆེད་ྋརྒྱལ་མཆོག་ལྔ་པ་ཆེན་པོ་དང་དེའི་གོང་དུའང་སྨན་གྱི་སློབ་གྲྭ་རེ་ཟུང་བཙུགས་ཏེ་འགྲོ་ལ་ཕན་པའི་འཕྲིན་ལས་ཀྱི་བཀའ་དྲིན་གཞལ་མེད་བསྐྱངས་ཟིན་པ་དེ་ལྟར་ཡང་།  བོད་མི་བྱིངས་རྩྭ་ཐང་དང་རི་སྒང་། ལུང་ཁུག་སོགས་ལ་ཆགས་ཡོད་པས་འགྲིམ་འགྲུལ་སྟབས་བདེ་བོ་མེད་པས་ན། ནད་གཞི་ཚབས་ཆེའམ་ནད་རིམས་སོགས་བྱུང་སྐབས་དུས་ཐོག་སྨན་བཅོས་བྱེད་མི་ཐུབ་པའི་དཀའ་ངལ་དང་། བོད་སྟོད་སྨད་ཀྱི་ཡུལ་གྲུ་རེ་འགར་སྨན་པ་གྲྭ་ཚང་རེ་ཟུང་ཡོད་ནའང་དེ་དག་ནང་དགོན་པའི་བཅའ་ཁྲིམས་དང་ཆོ་ག་ཕྱག་ལེན་གྱི་ལས་འགན་ལྕི་བ་སོགས་ཀྱི་རྐྱེན་པས་སྤྱི་ཚོགས་ཁྲོད་དུ་ཕན་རླབས་དེ་ཙམ་ཐོན་མི་ཐུབ་པའི་དཀའ་ངལ་བཅས་སེལ་ནས། སྐྱ་སེར་དང་རིགས་རུས་ཁྱད་མེད་ཀྱི་བློ་གསར་དོན་གཉེར་ལྡན་པས་སྨན་རྩིས་རིག་པ་འདིར་ཅི་དགར་ལོངས་སུ་སྤྱོད་རྒྱུ་དང་། ལུང་ཁུག་འགའ་རེ་ན་གདོད་མའི་སྤྱི་ཚོགས་ནས་བཟུང་འཚོལ་སྒྲུབ་བྱུང་བའི་ནད་གཞི་ཁག་ཅིག་ལ་གཅིག་ཆོག་སྨན་བཅོས་ཀྱི་མན་ངག་ཟབ་མོ་ཡོད་པ་དག་འཚོལ་སྒྲུབ་ཀྱིས་གངས་ལྗོངས་ཡངས་པའི་ཁྱོན་ལ་ཁྱབ་བརྡལ་བཏང་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ། སྔོན་བྱོན་མཁས་དབང་རྣམས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས་དང་ཞིབ་འཇུག སྔོན་ལས་ལྷག་པའི་སྒོ་ནས་རྫོང་གཞིས་ཁག་གི་མི་དམངས་ཀྱི་བདེ་རྩ་དང་ཁེ་ཕན་ཁོ་ན་ལ་དམིགས་ཏེ་སྨན་བཅོས་བྱེད་རྒྱུ། བོད་ཀྱི་སྨན་རྩིས་རིག་པའི་བང་མཛོད་འདི་ཉམས་པ་སོར་ཆུད་དང་ཡོད་པ་རྒྱུད་འཛིན། མེད་པ་གསར་འདྲེན་བྱེད་རྒྱུ། སྨན་རྩིས་གཉིས་ཀྱི་ཤེས་ཡོན་འབུར་དུ་ཐོན་པའི་མི་སྣ་གང་མང་གསོ་སྐྱོང་བྱས་ཏེ་ཆོལ་ཁ་གསུམ་གྱི་ཡུལ་ཕྱོགས་གང་སར་འགྲོ་དོན་དུ་ཞབས་འདེགས་ལེགས་པར་བསྒྲུབ་ཐུབ་པ་བྱ་རྒྱུ་བཅས་སོ། །

    སློབ་ཕྲུག་བསྡུ་ཕྱོགས་དང་ཡོངས་ཁུངས། སློབ་ཕྲུག་བསྡུ་ཕྱོགས་སྐོར་བཀའ་ཤག་ཕྱག་རྟགས་དགོངས་དོན་སྐྱེ་འགྲོའི་ཕན་བདེར་དམིགས་ནས་སྨན་རྩིས་སློབ་གྲྭ་གསར་འཛུགས་གནང་རྒྱུ་ཐུགས་གཏན་འཁེལ་ཚུལ་དང་། སློབ་ཕྲུག་གི་ཆ་རྐྱེན་སྐོར་དགོན་སྡེ་ཡིན་ཚེ་གྲྭ་གཞོན་བློ་གསལ་དང་། ཡི་གེ་འབྲི་ཀློག་ཤེས་པ། སྐྱ་རྩ་བརྟན་ལྡན། སྔགས་འཆང་རྩིས་པ་ཡིན་རིགས། རིག་གནས་ཀྱི་རྨང་གཞི་ངེས་ཅན་ཡོད་པ་བདམས་ནས་གཏོང་དགོས་པ་སོགས་ཀྱི་བཀའ་རྒྱའི་ནང་དོན་ལྟར་དུས་བཀག་ནང་སློབ་ཕྲུག་གཏོང་རྒྱུ་དང་ལེན་ཞུ་བའི་ལམ་སྲོལ་ཆགས། དཔེར་ན། ཐེངས་དང་པོར་སྨན་རྩིས་ཁང་དུ་སློབ་ཕྲུག་གཏོང་དགོས་པའི་དགོན་སྡེ་ནི་ལྷོ་ཁ་སྨིན་གྲོལ་གླིང་དང་། རྩེད་ཐང་ལྔ་མཆོད་གྲྭ་ཚང་། རྩེད་ཐང་དགའ་ལྡན་ཆོས་འཁོར། ཨེ་ཆ་དཀར་ཆོས་སྡེ། ཟུར་མཁར་མདོ་སྔགས་གླིང་། དོལ་གསུང་རབ་གླིང་། གོང་དཀར་བདེ་ཆེན་ཆོས་འཁོར། ཡར་འབྲོག་བསམ་སྡིང་དགོན། ཤངས་དགའ་ལྡན་ཆོས་འཁོར། པ་སྣམ་དགའ་བ་གདོང་། ཆུ་ཤུར་ཆོས་འཁོར་ཡང་རྩེ། བྲག་ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེའི་དགོན། འབྲི་གུང་མཐིལ་སོགས་ཡིན་པ་དང་། དེ་ཚོའི་ནང་སྨིན་གྲོལ་གླིང་གི་སྨན་སློབ་འཇམ་དཔལ་དང་། རྩིས་སློབ་བདེ་སྔགས་བསྟན་འཛིན་སོགས་མི་དྲུག རྩེད་ཐང་ལྔ་མཆོད་ནས་སྨན་སློབ་བློ་བཟང་བཀྲ་ཤིས། རྩེད་ཐང་དགའ་ལྡན་ཆོས་འཁོར་ནས་སྨན་སློབ་དཔལ་ལྡན། ངག་དབང་རྒྱལ་མཚན། ཨེ་ཆ་དཀར་ཆོས་སྡེ་ནས་སྨན་སློབ་འོད་གསལ། ཟུར་མཁར་མདོ་སྔགས་གླིང་ནས་སྨན་སློབ་བློ་བཟང་ཐབས་མཁས། དོལ་གསུང་རབ་གླིང་ནས་སྨན་སློབ་ཐུབ་བསྟན། ཡར་འབྲོག་བསམ་སྡིང་དགོན་ནས་སྨན་སློབ་ལྷ་ཡུལ་དང་། རྣམ་གྲོལ་ཆོས་དབང་། བྲག་ཡེར་པ་ནས་སྨན་སློབ་འཕྲིན་ལས་དབང་གྲགས། ཆུ་ཤུར་ཆོས་འཁོར་ཡང་རྩེ་ནས་རྩིས་སློབ་ཆོས་ལྡན་དཔལ་འབར། པ་རྣམ་དགའ་བ་གདོང་ནས་རྩིས་སློབ་ཨ་ཡ་བློ་བཟང་བཅས་མི་གྲངས་བཅོ་བརྒྱད་དང་། གཞན་ཡང་ལྕགས་རི་འགྲོ་ཕན་གླིང་ནས་རྩིས་སློབ་སྟོད་ལུང་ཆུ་བཟང་པ་ངག་དབང་ཆོས་གྲགས་དང་། ལྷོ་བྲག་དོན་གཉིས་གླིང་གི་སྨན་སློབ་ངག་དབང་ཡེ་ཤེས། དེ་མིན་གཞོན་ཁྲལ་སྨན་བརྫོགས་མཁན་དང་མ་བྱན་བཅས་མི་བཞི། དབུས་ནས་སྔགས་འཆང་རྩིས་སློབ་གཙང་རལ་ཚེ་དབང་དོན་ལྡན། འབྲོམ་ཐོད་ནས་རིན་ཆེན། གཙང་ནས་རྩིས་སློབ་སྲི་ཐར། ཚེ་དོན། བྱ་ངང་ཨ་ཇོ་ཞེས་པ་སོགས་དང་། ད་དུང་སེ་ར་ནས་ཟུར་ཞུགས་སྨན་སློབ་བསྟན་ཆོས་དང་། འབྲས་སྤུངས་ནས་རྩིས་སློབ་མི་རབས་ལགས་ཞེས་པ་སོགས་ཡིན་ལ་དེའི་རྗེས་ཡོང་ཁུངས་རྒྱ་ཆེ་རུ་བཏང་སྟེ་བོད་ས་སྟོད་སྨད་བར་གསུམ་དུ་སློབ་ཕྲུག་གཏོང་སྲོལ་ཡོད།

    སློབ་གྲྭའི་འཚོ་ཐབས། དེའི་དུས་སུ་སྨན་རྩིས་ཁང་གི་ཆ་རྐྱེན་ཤིན་ཏུ་ཞན་པ་དང་དགེ་སློབ་ཀྱི་འཚོ་བར་མཚོན་ན་འགན་འཛིན་མཁྱེན་རབ་ནོར་བུ་མཆོག་ལ་རང་གཞུང་བཀའ་ཤག་ནས་གཞུང་ཞབས་རྩེ་དྲུང་ལས་ཚན་པ་གནས་ལྔ་པའི་ཕོགས་ཐོབ་བཞེས་རྒྱུ་ཡོད་པ་ལས། དགེ་བའི་བཤེས་གཉེན་གཞན་པ་རྣམས་ལ་རང་གཞུང་རྩེ་དྲུང་ཡིག་ཚང་ལས་ཁུངས་ནས་འཚོ་ཐབས་ཙམ་ལས་དམིགས་བསལ་གྱི་ཕོགས་ཐོབ་སོགས་གང་ཡང་བཞེས་རྒྱུ་མེད། དེ་བྱིངས་སློབ་ཕྲུག་དགོན་སྡེ་ཁག་ནས་ཡོངས་རིགས་ལ་དགོན་པའི་འགྱེད་ཕོགས་དང་། སྔགས་འཆང་རྩིས་པའམ་ཟུར་ཞུགས་རྣམས་ལ་ཁྱིམ་ཚང་རང་ནས་འགྲོ་གྲོན་གཏོང་དགོས་པ་ལས་མཐུན་འགྱུར་རོགས་རམ་གྱི་ཡོང་ཁུངས་མེད་པར་བརྟེན་སློབ་སྦྱོང་བྱེད་རིང་དཀའ་ངལ་ཆེ་ཙམ་ཡོད། ཡིན་ནའང་སྐབས་དེའི་སློབ་མ་རྣམས་ཡོང་ཁུངས་སོ་སོ་ནས་དྲག་གྲས་འདེམས་ཀ་བྱས་པ་ཤ་སྟག་ཡིན་པས། རྨང་གཞིའི་ཤེས་ཚད་སོགས་མཐོ་བོ་ཡོད་པར་བརྟེན་སྨན་རྩིས་གཉིས་ཀྱི་སྦྱངས་འབྲས་ལ་གཞན་དྲིང་མི་འཇོག་པའི་གྲུབ་འབྲས་བླངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།