འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་བོད་ལུགས་གསོ་རིག་སྨན་པས་ནད་པར་རྩ་ལྟ་བའི་གནས་ཚུལ་ཡིན་པ།
ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་འཕྲོད་བསྟེན་ཚན་པས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་མགྱོགས་སུ་གཏོང་བའི་སྤྱིའི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་། “གཞི་རྩ་འགན་ལེན་དང་། གཞི་རིམ་སྟོབས་ཆེ། ཟུངས་ནུས་འཛུགས་པ ”བཅས་རྒྱུན་འཁྱོངས་ཀྱིས་སྒྱུར་བཅོས་གཏིང་ཟབ་དང་། སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་ཏན་ཏིག་སྤེལ་བ། ཞིང་འབྲོག་པའི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་སྤེལ་བ། འཕྲོད་བསྟེན་བྱ་གཞག་མཐུན་སྦྱོར་གོང་འཕེལ་གཏོང་བའི་གཅིག་གྱུར་བཀོད་སྒྲིག་ལ་སྐུལ་འདེད་བཅས་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུ་ལས་ཕན་པ་ཐོབ་ཡོད།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་ཞིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་མ་འཇོག་སྒོར་དུང་ཕྱུར་20རེ་ཞུ་བྱས་ནས་ཚད་ལྡན་ཅན་གྱི་རྫོང (གྲོང་ཁྱེར་དང་། ཆུས། འགག་སྒོ )འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་75དང་། ཤང (གྲོང་རྡལ )འཕྲོད་བསྟེན་ཁང་294 ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གནད་དོན་སྲོག་སྐྱོབ་སྨན་བཅོས་མ་ལག་བཅས་གཙོ་གནད་ཐོག་སྐྲུན་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་རང་སྐྱོང་ལྗོངས་བོད་སྨན་ནད་ཐོག་ཞིབ་འཇུག་གསོ་སྦྱོང་ལྟེ་གནས། རྫོང་འཕྲོད་བསྟེན་ལྟ་སྐུལ་སུའོ 72 རྫོང་མྱུར་སྐྱོབ་ལྟེ་གནས་69 སྡེ་ཁུལ་གྱི་ཞབས་ཞུའི་ལྟེ་གནས 11སོགས་གསར་སྐྲུན་བྱས་པ་རེད། གཞན་ཡང་རང་སྐྱོང་ལྗོངས་ཀྱིས་ད་དུང་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5261ཡི་འཕྲོད་བསྟེན་ཁང་དེ་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་བྱེད་སྒོ་ཁང་གི་འཆར་འགོད་ནང་བཅུག་ནས་གཅིག་གྱུར་ཐོག་འཛུགས་སྐྲུན་བྱས་པས “གྲོང་ཚོ་རེ་ལ་འཕྲོད་བསྟེན་ཁང་རེའི ”དམིགས་ཡུལ་མངོན་འགྱུར་ཐུབ་པ་དང་། མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་བཏང་ནས་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང (གྲོང་རྡལ )སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་དང་། སྐོར་སྐྱོད་སྨན་བཅོས་རླངས་འཁོར། བབ་བསྟུན་མྱུར་སྐྱོབ་རླངས་འཁོར་སོགས་ཁྱོན་རླངས་འཁོར་840ལྷག་ཙམ་གཅིག་གྱུར་སྒྲིག་སྦྱོར་བྱས་ནས་གཞི་རྩའི་སྨན་བཅོས་ཡོ་བྱད་དང་མ་བུ་བདེ་སྲུང་ཡོ་བྱད་སོགས་གཅིག་གྱུར་སྒྲིག་སྦྱོར་བྱས་པས་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་འཐུས་སྒོ་ཚང་དུ་སོང་ཡོད་པ་རེད། 2013ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1413དང་ཉལ་ཁྲི 11036བར་འཕེལ་རྒྱས་ཕྱིན་ཡོད་པ་རེད།
འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། ལྗོངས་ཡོངས་སུ་ཡོངས་བསྒྲགས་གདན་ཞུ་དང་ནང་འདྲེན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་རིམ་ཁག་དང་ལྷག་པར་དུ་རྫོང་དང་ཤང་འཕྲོད་བསྟེན་སྒྲིག་གཞིར་འཕྲོད་བསྟེན་མི་སྣ་ཁ་སྣོན་བརྒྱབ་པས་མིག་སྔར་ཤང (གྲོང་རྡལ )རེའི་འཕྲོད་བསྟེན་ཁང་ལ་འཕྲོད་བསྟེན་མི་སྣ་5ཡོད་པ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ལ “གྲོང་ཚོ་རེར་སྨན་པ་གཉིས ”ཀྱི་དམིགས་ཡུལ་མངོན་འགྱུར་ཐུབ་པ་དང་། “སྨན་པ་དཀའ་བཅུ་པ་ཁྲི་ཡིས་གྲོང་གསེབ་ཀྱི་འཕྲོད་བསྟེན་ལ་རོགས་སྐྱོར་བྱེད་པའི་འདུ་འགོད ”དང “རྫོང་རིམ་པའི་སྨན་ཁང་གི་རྐང་འཛིན་སྨན་པའི་གསོ་སྦྱོང ” “མཁོ་ཆོད་སྨན་པའི་ལས་སྒྱུར་གསོ་སྦྱོང ”སོགས་ལག་བསྟར་བྱས་པ་དང་རྣམ་པ་སྣ་ཚོགས་དང་རིགས་ཁག་གི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་འཕྲོད་བསྟེན་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2009ཚུན་དུ་ལྗོངས་ཡོངས་སུ་འཕྲོད་བསྟེན་མི་ཐེངས་ཁྲི་5ལྷག་ཙམ་གསོ་སྦྱོང་བྱས་ཡོད། རང་སྐྱོང་ལྗོངས་ཀྱིས་གཞི་རིམ་འཕྲོད་བསྟེན་མི་སྣའི་ཐོབ་ཐང་མཐོ་རུ་བཏང་སྟེ་2014ལོ་ནས་བཟུང་ཤང (གྲོང་རྡལ )འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་300ནས་སྒོར་950བར་སྤྲད་པ་ནས་འདི་ལོའི་སྒོར་600བར་མང་དུ་བཏང་བ་རེད། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་མི་སྣ་14335ཟིན་པ་དང་ཆེད་ཚན་སློབ་གྲྭ་ཆེ་མོ་ཡན་གྱི་སློབ་རྒྱུས་ལྡན་པས་60%ཟིན་པ་དང་། དེའི་ནང་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན་པས་23.65%ཟིན་པ་དང་ཆེད་ཚན་སློབ་གྲྭ་ཆེ་མོའི་སློབ་རྒྱུས་ལྡན་པས་33.82%ཟིན་ཡོད་པ་རེད།
ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཞིང་། རིན་མེད་སྨན་བཅོས་རྨང་གཞི་དང་། སྲིད་གཞུང་གི་མ་འཇོག་གཙོ་ཁྲིད་དུ་བྱེད་པ་དང་། ཁྱིམ་ཚང་གི་རྩིས་ཐོ་དང་། ནད་ཆེན་གཅིག་གྱུར་འཆར་འགོད། སྨན་བཅོས་རོགས་སྐྱོབ། ནད་ཆེན་སྨན་བཅོས་འགན་བཅོལ་ཟུང་འབྲེལ་གྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་བཅོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས་ཞིང་འབྲོག་ཁུལ་དུ་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%ཟིན་པ། ཞིང་འབྲོག་པ་མི་རེས་ཆ་སྙོམས་ལོ་རེར་སྒོར་20སྤྲོད་དགོས་པ་དང་ཞིང་འབྲོག་མང་ཚོགས་ཞུགས་ཚད་96.23%ཟིན་པ། སྨན་བཅོས་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ནས་སྲིད་གཞུང་གི་ཁ་གསབ་2008ལོའི་ཆ་སྙོམས་མི་རེར་སྒོར་140ནས་ད་ལྟའི་སྒོར་380བར་མཐོ་རུ་བཏང་བ། ནད་ཆེན་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་6ཡན་དང་སྒོར་ཁྲི་6ལས་མི་ཉུང་བའི་བར་མཐོ་རུ་བཏང་ཡོད།
སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། 2014ལོར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཚད་གཞི་ཆ་སྙོམས་མི་རེར་སྒོར་45ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་ཡིག་ཚགས་དང་བདེ་ཐང་སློབ་གསོ། གཅིན་སྙི་ཟ་ཁུའི་ནད་སོགས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་རིགས་ཁག་11ལག་བསྟར་ནན་ཏན་བྱས་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆ་སྙོམས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པས་འགོ་ནད་ཕོག་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད་43.92%ནས་82.33%བར་མཐོ་རུ་ཕྱིན་པ། གྲུམ་བུ་ཚིགས་ཆེན་ནད་ཚོད་འཛིན་ནུས་ལྡན་བྱུང་ཡོད་པ་རེད།
བོད་སྨན་དང་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། བོད་སྨན་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལྗོངས་ཡོངས་ཀྱི་རྫོང་74ཁྲོད་ཀྱི་རྫོང་21ལ་བོད་སྨན་སྨན་ཁང་བཙུགས་པ་དང་དེ་མིན་རྫོང་ཁག་ལ་བོད་སྨན་པུའུ་དང་བོད་སྨན་ཁོའོ་བཙུགས་ཡོད་པ་རེད། གཞི་རིམ་གྱི་ཉེར་སྤྱོད་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ནས་བོད་སྨན་གྱི་མཁོ་ཆོད་སྨན་པ་དཀའ་བཅུ་པ་ལས་སྒྱུར་གསོ་སྦྱོང་ལག་བསྟར་བྱས་ཏེ་ས་ཁུལ (གྲོང་ཁྱེར )གྱིས་སྣེ་འདྲེན་དང་། རྫོང་གིས་ལྟེ་བ། ཤང་གྲོང་ཞབས་ཞུ་ས་ཚིགས་ཀྱིས་རྨང་གཞི་བྱས་པའི་བོད་སྨན་སྨན་བཅོས་ཞབས་ཞུའི་དྲ་ཚིགས་རྩ་བའི་ཆ་ནས་ཆགས་ཡོད་པ་རེད།