དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་བོད་ཀྱི་རྫོང་ཡོངས་ལ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        འདི་ནི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་བོད་ལུགས་གསོ་རིག་སྨན་པ་རིན་ཆེན་གྱིས་ནད་པར་རྩ་ལྟ་བའི་གནས་ཚུལ་ཡིན་པ།

        གངས་ལྗོངས་ས་མཐོར་ལོ་ངོ་2000ལྷག་ཙམ་རྒྱུན་འཛིན་བྱས་པའི་བོད་ལུགས་གསོ་རིག་དང་བོད་སྨན་དེ་མིག་སྔར་ཀྲུང་གོར་ཆ་ལག་ཚང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པའི་གྲས་ཤིག་ཡིན་པས་སྐྱེ་བོ་ཀུན་གྱིས “གངས་ལྗོངས་ཀྱི་ངོ་མཚར ”ཞེས་བརྗོད་ཀྱི་ཡོད། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་3ནང་བོད་ཀྱིས་རྫོང་རིམ་པའི་སྨན་རྩིས་ཁང་གི་རྣམ་གྲངས་འཛུགས་སྐྲུན་ལ་རིམ་བཞིན་ཤུགས་སྣོན་བརྒྱབ་པས་ས་ཁུལ (གྲོང་ཁྱེར )གྱིས་སྣེ་ཁྲིད་པ་དང་། རྫོང་གིས་རྐང་བྱེད་པ། གྲོང་གསེབ་ཀྱི་ཞབས་ཞུའི་ས་ཚིགས་ཀྱིས་གཙོ་བོར་བྱེད་པ་བཅས་ཀྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་ཆགས་ཡོད། ད་ཆ་བོད་ཡོངས་ཀྱི་རྫོང་74ཡི་ནང་རྫོང་21ལ་བོད་ལུགས་སྨན་ཁང་བཙུགས་པ་དང་དེ་བྱིངས་ཀྱི་རྫོང་སྨན་ཁང་ཚང་མར་བོད་སྨན་ཚན་ཁག་བཙུགས་ཡོད།

        བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་གྲངས་གཞི་གསར་ཤོས་ནས་ལྗོངས་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་75%ཡན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུ་བྱེད་ཐུབ་པ་དེ་2009ལོ་ལས་25%འཕར་བ་དང་། གཞན་ཡང་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་སྨན་པ་300ལྷག་ཙམ་གྱིས་ཞིང་འབྲོག་ཁུལ་དུ་ཁེར་རྐྱང་སྨན་བཅོས་བྱེད་པ་མངོན་ཡོད།

        བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ་ཡུས་ཧྥེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2010ལོར་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད་བོད་རང་སྐྱོང་ལྗོངས་ཀྱིས 《བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ལ་སྔར་བས་རོགས་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར 》བཏོན་པ་དང་2013ལོར་བོད་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་འཚམ་མཐུན་གྱི་ལག་རྩལ་ཁྱབ་གདལ་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཚམ་མཐུན་ལག་རྩལ་འདེམས་སྒྲུག་དང་ཁྱབ་གདལ་ཧུར་ཐག་བཏང་ནས 《བོད་རང་སྐྱོང་ལྗོངས་གཞི་རིམ་གྱི་རྒྱུན་ཐོན་ནད་གཞི་དང་ཐོན་མང་བའི་ནད་གཞིར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཚམ་མཐུན་ལག་རྩལ་ཁྱབ་གདལ་གཏོང་བའི་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི 》བཟོས་པ་དང་འབྲེལ་ལག་བསྟར་བྱས་པ་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ 《ཞིང་འབྲོག་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཚམ་མཐུན་གྱི་ལག་རྩལ་ཁྱབ་གདལ་གཏོང་བའི་བཀོལ་སྤྱོད་ལག་དེབ 》བཟོ་བཅོས་རྒྱག་པ་དང་གཤམ་སྤྲོད་བྱས་ཡོད་པ་རེད།

        ཡུས་ཧྥེ་ཡིས་དགེ་རྒན་བསྟེན་པའི་རྒྱུན་འཛིན་པའི་སློབ་གསོ་ནི་ལོ་ངོ་སྟོང་ཕྲག་ནང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པ་གསོ་སྦྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གཞུང་བསམ་བློ་དང་། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་། ཁྱད་འཕགས་ཀྱི་ལག་རྩལ་བཅས་རྒྱུན་འཛིན་བྱེད་སྟངས་ནུས་ལྡན་ཞིག་ཀྱང་ཡིན། སྐབས་རིམ་བྱུང་གི་བོད་ལུགས་གསོ་རིག་དང་བོད་སྨན་མཁས་ཅན་གྱི་ཁྱད་འཕགས་ལག་རྩལ་དང་ཉམས་མྱོང་དེ་མི་རབས་རེ་རེའི་སློབ་མས་དགེ་རྒན་དང་མཉམ་དུ་ཡུན་རིང་ལག་ལེན་དང་། ངག་བརྒྱུད་སློབ་ཁྲིད། ཡང་ཡང་འཚོལ་ཞིབ་བཅས་བྱས་ན་མ་གཏོགས་ཁོང་དུ་ཆུད་མི་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། མིག་སྔའི་བར་བོད་ཀྱི་ལག་རྒྱུན་སྨན་པ་171ལ 《བོད་ལུགས་གསོ་རིག་རྒྱུན་འཛིན་དང་སྨན་བཅོས་ཆོག་འཐུས་ལག་ཁྱེར 》ཐོབ་པ་དང་བོད་ལུགས་གསོ་རིག་གི་མཛུབ་ཁྲིད་དགེ་རྒན་10དང་རྒྱུན་འཛིན་པ་20རྒྱལ་ཁབ་ཀྱི་ལག་རྒྱུན་འཛིན་པའི་སློབ་གསོའི་རྣམ་གྲངས་ཁག་ལྔ་པའི་ནང་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།