ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ 5ཚེས 2ཉིན་གློག་འཕྲིན་འབྱོར་གསལ། གནའ་དེང་གི་རིག་གནས་པ་དང་སྙན་ངག་པ་མང་པོས་ཤིང་པད་མ་སེར་པོའི་མཚར་སྡུག་ལ་སྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད། བོད་དུ “སྨན་ལུང ”དུ་རི་སྐྱེས་ཤིང་པད་མ་སེར་པོ་ཕན་ཚུན་འགྲན་པ་ལྟར་བཞད་ནས་གངས་རི་དང་ནགས་ཚལ་སྟུག་པོའི་རྒྱན་དུ་གྱུར་ཞིང་། ལོ་ལྟར་ཟླ 5པརའདབ་ལོ་སེར་པོས་ཡོངས་སུ་བརྒྱན་པའི་ས་གཞིས་སྐྱེ་བོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་གི་ཡོད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཤིང་པད་མ་སེར་པོའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་ཟླ 5་ཚེས་28ཉིན་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གནས་ཡུལ་རོང་མཛེས་ལྗོངས་ཁུལ་བྲག་དགོན་རོང་དུ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་ཞིང་། དེ་དུས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་རབ་ཏུ་བཞད་པའི་མེ་ཏོག་པད་མ་སེར་པོ་མཐོང་ཐུབ་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཤེས་རྟོགས་ཐུབ་རྒྱུ་དང་ཆབས་ཅིག་དེའི་ཐུན་མོང་མ་ཡིན་པའི་ལྷོ་པ་བའི་ཡུལ་སྲོལ་མྱོང་རོལ་ཐུབ་རྒྱུ་རེད།
གནས་ཡུལ་རོང་མཛེས་ལྗོངས་ཁུལ་ལ་སྔར་ནས་བཟུང་སྨན་ལུང་ཞེས་འབོད་ཀྱི་ཡོད། ལོ་རྒྱུས་ཐོག་བོད་ཀྱི་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོས་སློབ་མར་གསོ་རིག་སློབ་ཁྲིད་གནང་སའི་བདུད་རྩི་ཕུག་དེར་ཡོད། ཁོང་གིས་ས་ཆ་དེར་བོད་ཀྱི་གསོ་བ་རིག་པའི་འབུམ་རམས་པ་མང་པོ་གསོ་སྐྱོང་གནང་བ་མ་ཟད། དཔལ་ལྡན་རྒྱུད་བཞི་ཡང་མཛད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རི་སྐྱེས་ཤིང་པད་མ་སེར་པོ་ཧ་ཅང་དཀོན་ཞིང་ས་བབ་སྨི་2000ནས་3500བར་གྱི་གྲོག་རོང་དུ་སྐྱེ་གི་ཡོད་ཅིང་། ད་ཆ་ཡུན་ནན་དང་། སི་ཁྲོན། བོད་ཀྱི་ཤར་ལྷོའི་ས་ཁུལ་ལ་ཁྱབ་ཡོད། སྨན་གླིང་རྫོང་ལ་རི་སྐྱེས་ཀྱི་ཤིང་པད་མ་སེར་པོ་རབ་ཏུ་བཞད་པ་ནི་གཡུ་ཐོག་ཡོན་ཏན་མགོན་པོས་སྨན་སྒྲུབ་གནང་སྐབས་མེ་སྟག་སེར་པོ་ཆེམ་ཆེམ་འཕྲོ་བ་ལས་བྱུང་བའི་ཤོད་སྲོལ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཤིང་པད་མ་སེར་པོའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་མེ་ཏོག་པད་མ་སེར་པོར་ལྟ་བ་དང་། བོད་ཀྱི་གསོ་བ་རིག་པའི་འབྱུང་རྩ་འཚོལ་བ། ལྷོ་པ་བའི་གསང་བ་ཤེས་རྟོགས་བྱེད་པ་་བཅས་གཞི་གཅིག་ཏུ་འདུས་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན།
སྐབས་དེའི་ཡུལ་སྐོར་དུས་ཆེན་ནང་སྐུ་མགྲོན་ལ་བོད་རག་འགྱོགས་པ་དང་། བོད་ཀྱི་གློག་བརྙན་ཆུང་གྲས་ཀྱི་འགྲན་བསྡུར་ཐོག་མར་གཉེར་བའི་མཛད་སྒོ་འཚོག་རྒྱུ། མེ་ཏོག་པད་མ་སེར་པོའི་རི་མོའི་འགྲེམས་སྟོན་གཉེར་བ། བོད་ཀྱི་སྨན་རྩའི་ཟས་རིགས་ཀྱི་བྲོ་བ་མྱོང་བ། གནས་ཡུལ་རོང་དུ་མ་ལ་སུང་ཐུང་རྒྱུག་འགྲན་རྒྱུ། ལྷོ་པའི་རྔོན་རྒྱག་པའི་མྱོང་བ་ཉམས་སུ་མྱོང་རྒྱུ། བོད་སྨན་ཐོན་ལས་འཕེལ་རྒྱས་གླེང་སྟེགས་འཚོག་རྒྱུ་སོགས་ཀྱི་རྣམ་གྲངས་མང་པོ་ཚུད་ཡོདཔ་རེད།