ལྷོ་ཁ་ས་ཁུལ་གོང་དཀར་རྫོང་གིས་སྔོན་འགོག་གཙོ་བོར་འཛིན་པ་དང་རྒྱུན་གྲབས་ལྷོད་མེད་ཀྱི་རྩ་དོན་གཞིར་བཟུང་ཚན་རིག་དང་མཐུན་པ་དང་བཀོལ་སྤྱོད་ཤུགས་ཆེ་བའི་མིར་འགོ་བའི་བྱ་རིགས་ཀྱི་ཆམ་རིམས་H7N9འཕྲལ་སྡོམ་སྔོན་ཇུས་བཏིང་ཡོད་ཅིང་། འདི་ནི་རྫོང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་ནད་འབུར་དབྱེ་ཞིབ་ཚོད་ལྟ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
བྱ་རིགས་ཆམ་རིམས་H7N9ལ་ཁ་གཏད་གཅོག་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་འགན་འཁྲི་ཡིན། བོད་ལྗོངས་འདི་ཉིད་མ་གཞི་ས་མཐོར་གནས་ཀྱང་སྣང་ཆུང་མི་བྱེད་པར་རིམས་ནད་ལ་ཁ་གཏད་གཅོག་རྒྱུའི་སེམས་ཁམས་ཀྱི་གྲ་སྒྲིག་ཨང་གསར་བྱས་ཏེ་དུས་འགོའི་ཁ་གཏད་འཇལ་རྒྱུའི་ལམ་སྲོལ་ཡག་པོ་བཙུགས་ནས་དུས་ཐོག་ཏུ་རིམས་ནད་འགྱུར་ཚུལ་ཡོངས་བསྒྲགས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ནན་པོ་བྱ་རྒྱུའི་ཐད་རང་ལྗོངས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་སྟེ།
སེམས་ཁམས་ཀྱི་རིམས་འགོག ——
དངངས་འཚབ་ཁྱད་བསད་ཀྱིས་དོགས་ཟོན་ཆེར་བསྐྱེད་བྱེད་པ།
རང་རྒྱལ་སྲིད་གཞུང་གིས་རྒྱལ་ཡོངས་རང་བཞིན་གྱི་སྤྱི་པའི་དོན་རྐྱེན་ཆེ་གྲས་ཐག་གཅོད་བྱེད་རིང་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེན་པོ་ཞིག་ཆགས་པ་དང་མི་རྣམས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། གསར་དུ་ཐོན་པའི་བྱ་རིགས་ཆམ་རིམས་H7N9ཡི་རིམས་ནད་ཐད་སྲིད་གཞུང་གིས་དུས་ཐོག་ཏུ་ལྟ་སྟངས་ཡང་དག་འཛིན་པ་དང་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཚོད་འཛིན་བྱེད་ཤུགས་ཆེན་པོ་ཞིག་མངོན་པར་བྱས་ཏེ་རང་རྒྱལ་མི་དམངས་ལ་རིམས་ནད་འགོག་སྲུང་གི་བློས་འགེལ་ས་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།
རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གཞུང་ལས་ཁང་གི་འགན་འཁུར་བས “དཀྲོག་གཏམ་གྱི་མདུན་དུ་སྤྱི་དམངས་ཡོངས་ཀྱིས་རང་རྟོགས་ངང་སེམས་ཁམས་ཀྱི་རིམས་འགོག་ནུས་ཤུགས་ཆེ་རུ་བཏང་སྟེ་དངངས་འཚབ་མི་བྱེད་པར་སེམས་རྣལ་དུ་ཕབ་དགོས་པ་དང་། དོགས་ཟོན་ཆེར་བསྐྱེད་ཀྱིས་ལུས་པོ་མི་བདེ་བ་བྱུང་ཚེ་རང་འགུལ་ངང་སྨན་ཁང་དུ་བརྟག་དཔྱད་བྱེད་པར་བསྐྱོད་དགོས ”ཞེས་བཤད།
ལུས་པོའི་རིམས་འགོག ——
གཙང་སྦྲ་འཕྲོད་བསྟེན་ལ་དང་དོད་ཀྱིས་ཚན་རིག་ལ་མཐོང་ཆེན་བྱེད་པ།
ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཞབས་བྲོའི་རུ་མི་མ་ཅ་ཡིས་ཞབས་བྲོ་རྒྱག་ཞོར་དུ་དགའ་ཚོར་ཆེན་པོས་གསར་འགོད་པར “ལས་འཁྱུར་བྱས་རྗེས་ཉིན་ལྟར་ནང་དུ་བསྡད་ཕྱིན་ནད་གཞི་ཐོན་ཉེན་ཆེ། ང་ཉིན་ལྟར་བཟའ་ཟླ་དང་མཉམ་དུ་ཕྱིར་ལུས་རྩལ་རྩེ་བར་ཡོང་གི་ཡོད། གཟུགས་པོ་ཐང་པོ་བྱུང་ཚེ་ནད་དུག་གང་ལའང་ཞེད་མི་དགོས ”ཞེས་ཤོད་ཀྱི་འདུག མ་ཅ་ཡི་ཐང་ཤ་དོད་པའི་ལུས་ཐོག་དང་དགའ་བའི་འཛུམ་མདངས་ལས་མི་རྣམས་ཀྱིས་སེམས་ཁམས་དང་ལུས་པོ་གཉིས་ཀྱི་ཐོག་ནས་གྲ་སྒྲིག་བྱས་ཟིན་པ་མཐོང་ཐུབ།
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་པ་ཚེ་རིང་གིས་རིམས་ནད་ཀྱིས་ཐོག་མར་མིའི་ལུས་པོར་གནོད་པས་ལུས་རྩལ་སྦྱོང་བརྡར་བྱ་རྒྱུ་དེ་རིམས་འགོག་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཡང་ཚན་རིག་དང་མཐུན་པའི་ངང་ལུས་སྦྱོང་བྱེད་དགོས། ལུགས་དང་མི་མཐུན་པར་འགོག་སྲུང་དང་སྨན་བཅོས་བྱས་ཕྱིན་ནད་གཞི་དྲག་སྐྱེད་མ་བྱུང་བར་ཐ་ན་ཇེ་སྡུག་ཏུ་འགྲོ་ཉེན་ཆེ་ཞེས་བཤད།
རིམས་ནད་ཐོན་སྐབས་ལུས་ཐོག་གི་རིམས་འགོག་ནུས་པར་དོ་སྣང་བྱེད་པ་མ་ཟད། གསོ་རིག་དང་སྨན་རྫས་ཐད་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་བྱ་རྒྱུ་ནི་འགག་རྩ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཚན་པས་འབྲེལ་ཡོད་ཀྱི་ཞིབ་འཇུག་ཧུར་ཐག་བྱས་ཏེ་བྱ་རིགས་ཆམ་རིམས་འགོག་བཅོས་ཀྱི་ཕན་ཆེའི་སྨན་རྫས་ཞིབ་བཟོ་བྱེད་བཞིན་ཡོད་པ་རེད།
ཆ་འཕྲིན་ཐོག་གི་རིམས་འགོག ——
དུས་ཐོག་དང་ཡང་དག་པའི་ངང་བརྡ་ཁྱབ་གཏོང་བ།
ཆ་འཕྲིན་དྲང་བདེན་མ་བྱུང་ཚེ་སྤྱི་ཚོགས་ཟང་ཟིང་དུ་གྱུར་ནས་མི་རྣམས་ལ་འཇིགས་སྣང་བཟོ་སྲིད། འབྲེལ་ཡོད་སྡེ་ཚན་གྱིས་ཆེས་མྱུར་ཤོས་དང་། དོན་དངོས། དབང་གྲགས་ཆེ་ཤོས་བཅས་ཀྱི་ཆ་འཕྲིན་ལ་བརྟེན་ནས་དོན་ངོ་མ་གསལ་བཤད་བྱེད་པ་དང་ཕན་ནུས་དེ་བས་ཆེ་བའི་སྒོ་ནས་དཀྲོག་གཏམ་མེད་པ་བཟོས་ཏེ་སྲིད་གཞུང་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་བྱ་རིགས་ཆམ་རིམས་H7N9ལ་ཁ་གཏད་འཇལ་རྒྱུའི་ཆ་འཕྲིན་བརྡ་ཁྱབ་ལམ་སྲོལ་བཙུགས་ཟིན་པ་དང་སྨྱན་སྦྱོར་ཚན་པ་ཁག་གིས་ཀྱང་རིམས་ནད་ལ་ཁ་གཏད་འཇལ་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད།
ཆ་འཕྲིན་ཐོག་གི་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས། ཆ་འཕྲིན་སྙན་སེང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ཐབས་ལམ་ཤར་བགྲོད་ཐུབ་པ་དང་། ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྟེགས་བུ་སྣ་མང་ཅན་དུ་གྱུར་པ། ཆ་འཕྲིན་ཡོངས་བསྒྲགས་ཀྱི་བྱེད་ཐབས་གཅིག་གྱུར་ཡོང་བ་བཅས་བྱས་ནས་སྨྱན་སྦྱོར་གཙོ་བོའི་ཆ་འཕྲིན་དེ་མི་རྣམས་ཀྱི་ཆ་འཕྲིན་ཡོང་ཁུངས་ཡང་དག་ཏུ་འགྱུར་བ་བྱས་ཐོག་དྲ་དམངས་ཀྱི་འགན་འཁྲིའི་བསམ་པ་དང་བཅའ་ཁྲིམས་འདུ་ཆེ་རུ་གཏོང་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཞིང་འབྲོག་དང་ཕྱུགས་རིགས་སྨན་བཅོས་སོགས་སྡེ་ཚན་གྱིས་ཆུ་ཚོད་24ཡི་འཕྲལ་སྒྲུབ་ལས་རེས་དང་རིམས་ནད་གནས་ཚུལ་གྱི་ཉིན་རེའི་སྙན་སེང་དང་གནས་ཚུལ་མེད་ནའང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱས་ནས་ཉིན་ལྟར་ཁོངས་གཏོགས་དེ་གའི་གནས་ཚུལ་གོང་རིམ་ལ་སྙན་སེང་དང་རིམས་ནད་གནས་ཚུལ་ཐོན་མེད་ནའང་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ལམ་ལུགས་ཀྱི་རིམས་འགོག ——
མཉམ་འབྲེལ་ཐོག་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཛུགས་པ།
མཉམ་འབྲེལ་ཐོག་སྔོན་འགོག་ཚོད་འཛིན་བྱེད་པ་ནི་སྡེ་ཚན་དབར་གཅིག་གྱུར་ཐོག་བྱ་སྤྱོད་སྤེལ་བ་དང་ཁོངས་གཏོགས་ཁུལ་དབར་མཉམ་ཤུགས་ཆགས་པ་བྱེད་པ་དང་། སྡེ་ཁུལ་ཁྱིམ་ཚང་དབར་མཐུན་སྦྱོར་དམ་ཟབ་བྱེད་པ། སྤྱི་དམངས་ཚང་མ་ཧུར་ཐག་ཞུགས་པ་བཅས་བྱ་རྒྱུ་དེ་ཡིན། ཤེས་རྟོགས་བྱས་པར་གཞིགས་ན། ཚེས་9ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱིས་བྱ་རིགས་ཆམ་རིམས་H7N9ཡི་ནད་དུག་སྔོན་འགོག་ཚོད་འཛིན་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་ལམ་སྲོལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ལུའུ་ཕིང་གིས “མིར་འགོ་བའི་བྱ་རིགས་ཆམ་རིམས་H7N9བོད་ཀྱི་སྨན་བཅོས་རོགས་སྐྱོབ་ནད་ཐོག་རིགས་གཅིག་མཁས་པའི་ཚོགས་ཆུང་བཙུགས་ཟིན་པ་དེ་དག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་སོགས་ལྷ་ས་གྲོང་ཁུལ་གྱི་སྨན་ཁང་ཁག་ནས་ཡོང་བའི་རིགས་གཅིག་མཁས་པ་22ལས་གྲུབ་ཡོད ”ཅེས་ངོ་སྤྲོད་བྱས་པ་རེད།