རག་སྡིས་ཀྱིས་ཚད་མཐོའི་གདེང་འཇོག་དང་འབྲེལ་དཔེ་དེབ་ལ་ཕྱག་བྲིས་གནང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས “བོད་སྨན་སྦྱོར་རྟའི་ལག་རྩལ ”གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་རྡོ་རྗེས་རྩོམ་སྒྲིག་གནང་བའི 《བོད་སྨན་སྨན་རྩྭའི་པར་རིས་ཀུན་བཏུས 》ཞེས་པའི་དཔེ་དེབ་དེ་དངོས་སུ་པར་སྐྲུན་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་དེབ་དེར་ཚད་མཐོའི་གདེང་འཇོག་དང་འབྲེལ་ཕྱག་བྲིས་ཀྱང་གནང་བ་རེད།
《བོད་སྨན་སྨན་རྩྭའི་པར་རིས་ཀུན་བཏུས 》ཞེས་པའི་དེབ་དེའི་ནང་པར་ཡིག་མཉམ་འགོད་ཀྱི་རྣམ་པའི་ཐོག་ནས་སྨན་རྩྭའི་སྣ་ཁ་2192བསྡུ་བཀོད་བྱས་ཡོད་པ་དང་བོད་སྨན་སྨན་རྩྭ་ངོས་འཛིན་དང་འཚོལ་འཐུ། སྦྱོར་རྟ། འདེབས་འཛུགས། སློབ་ཁྲིད་བཅས་དང་ཞིབ་འཇུག་སོགས་བོད་སྨན་ལག་ལེན་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གཞི་འཛིན་ས་ཞིག་མཁོ་འདོན་བྱས་ཡོད་པ་རེད།