ད་ཕན་ལོ་ཤས་རིང་ང་རང་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་འཐུས་མིའི་ཁོངས་མིའི་ངོས་ནས་སྔ་རྗེས་སུ་ཡོ་རོབ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོར་འཚམས་འདྲི་ཞུ་མྱོང་ཡོད། གང་དུ་སླེབས་རིམ་བཞིན་སྲིད་ཕྱོགས་ཀྱི་གནད་ཆེའི་མི་སྣ་ནས་ཇུས་འདོན་ཚོགས་པ་དང་སྨྱན་སྦྱོར་ནས་མི་སེར་དཀྱུས་མའི་བར “བོད་ཀྱི་གནད་དོན ”ཟེར་བར་གོ་འཛོལ་བྱུང་བ་ནི་གཅིག་མཚུངས་རེད་འདུག དུས་ཡུན་རིང་པོའི་ནང་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་གཙོ་བོས་མདོག་ལྡན་མིག་ཤེལ་བརྒྱབ་ནས་བོད་ལ་བལྟས་ཁར་དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་ཏཱ་ལ་ནུབ་ཕྱོགས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཀྱི་གནས་སྣ་ཚོགས་སུ་ཡང་ཡང་ཐོན་པར་བརྟེན་ནུབ་ཕྱོགས་ཀྱིས་འཛམ་གླིང་ལ་ནོར་འཁྲུལ་གྱི་ཕྱོགས་སྟོན་བྱས་ཡོད་པ་རེད།
ད་ཕན་ལོ་ཤས་རིང་འཚམས་འདྲིར་ཐེངས་མང་བསྐྱོད་པ་ལས་ང་ལ་མྱོང་ཚོར་ཟབ་མོ་བྱུང་བ་ཞིག་ནི་ཀྲུང་གོ་དར་རྒྱས་བྱུང་བའི་རྒྱལ་ཁབ་ཆེན་པོའི་གནས་བབ་ཀྱིས་ང་ཚོས་གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་བྱེད་ཆེད་མདུན་ལམ་ཡངས་པོ་བཏོད་ཡོད་པ་དེ་རེད། ད་ཕན་ལོ་5ཙམ་རིང་ཡོ་རོབ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སྲིད་གཞུང་ནས་དམངས་ཁྲོད་བར “བོད་ཀྱི་གནད་དོན ”ལ་ངོས་འཛིན་བྱེད་ཚད་ཐལ་ཆ་ཆེ་ཙམ་ནས་བར་གནས་སུ་གྱུར་པ་དང་རྣམ་འགྱུར་ཡང་དྲག་པོ་ནས་ཞི་བའི་བར་འགྱུར་བའི་སྣང་ཚུལ་ཐོན་ཡོད། ནོར་ཝེའི་ངོས་ནས་བཤད་ཚེ་དུས་ཡུན་རིང་པོའི་ནང “བོད་ཀྱི་གནད་དོན ”ཐད་ཕྱོགས་ཞེན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། 2008ལོར་བོད་དུ “3·14”དོན་རྐྱེན་ཐོན་ཀྱང་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སུ་ང་ཚོས་ནོར་ཝེར་དུ་འཚམས་འདྲི་བྱེད་སྐབས་ནོར་ཝེར་གྱི་ལས་རིགས་ཁག་གིས “བོད་ཀྱི་གནད་དོན ”ལ་འཛིན་པའི་རྣམ་འགྱུར་ཐད་བསམ་ཡུལ་ལས་འདས་པའི་དྲག་པོ་དང་ཐལ་དྲགས་པོ་དེ་འདྲ་མི་འདུག ཕྱོགས་གཉིས་དབར་སྤེལ་རེས་བྱེད་པའི་རྣམ་པ་འཆམ་མཐུན་དང་མཛའ་གྲོགས་ལྡན་ཞིང་། ནོར་ཝེར་ཕྱི་འབྲེལ་པུའི་དཔོན་རིགས་ཤིག་གིས་ནོར་ཝེར་གྱིས་ཀྲུང་གོའི་བོད་ལྗོངས་ལ་སྤྱི་ཚོགས་ཚན་རིག་མཁས་ཅན་མི་ཉུང་བ་ཞིག་གསོ་སྐྱོང་བྱས་པའི་སྐོར་གླེང་བ་དང་འབྲེལ་ཀྲུང་གོ་ཤེས་རྟོགས་བྱེད་པའི་གོ་སྐབས་དེ་བས་མང་བ་ཞིག་ཀྲུང་གོ་ཕྱོགས་ཀྱིས་མཁོ་འདོན་བྱ་རྒྱུའི་ཡིད་ཆེས་བྱེད་ཀྱི་འདུག
དེ་ལྟར་ཡིན་མོད་ཀྱང་ནུབ་ཕྱོགས་ཀྱིས “བོད་ཀྱི་གནད་དོན ”ལ་གོ་འཛོལ་བྱུང་བ་དེ་རྩ་ཟབ་སྡོང་བརྟན་ཞིག་ཡིན་པས་གོ་འཛོལ་རྦད་དེ་མེད་པ་བཟོ་བར་ཡུན་རིང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་དང་ང་ཚོའི་ཁ་གཏད་གཅོག་ཐབས་དང་ཐབས་ཤེས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། ནུབ་ཕྱོགས་སྤྱི་དམངས་ཀྱིས་བོད་ལ་ཤེས་རྟོགས་ཉུང་ཡང་བོད་ལ་ཡ་མཚན་བྱེད་པ་དང་བོད་ཀྱི་གནད་དོན་མཐའ་དག་སྐོར་སྔོན་ལ་འགྲེལ་བཤད་རྒྱག་དབང་དེ་དག་ཀྱང་ཁོང་ཚོའི “གདམ་གའི་རང་བཞིན་གྱི་དྲན་ཤེས ”ཀྱི་ནང་དོན་དང་པོར་གྱུར་ཡོད། དེར་བརྟེན་རང་འགུལ་དང་། ཧུར་བརྩོན། དྲང་ཕྱོགས། དོན་དངོས་བཅས་ཀྱི་སྒོ་ནས་བོད་ཀྱི་གནད་དོན་འཕྲིན་སྤེལ་བྱས་ནས་ནུབ་ཕྱོགས་སྤྱི་ཚོགས་ལ་བོད་ལྗོངས་སྒོ་ཀུན་ནས་ངོས་འཛིན་ཐུབ་པ་བྱ་རྒྱུ་ནི་རྨང་གཞི་དང་ལས་འགན་ཨང་དང་པོར་གྱུར་ཡོད། དེ་གོང་ནོར་ཝེར་གྱི་ཕིའར་ཀེན་གྲོང་ཁྱེར་གྱི་མེ་འཁོར་ཐོག་སྐྱོད་སྐབས་ང་ཚོས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་སྐབས་པར་བརྒྱབ་པའི 《གླིང་སྒྲུང 》གི་སྒྲུང་པའི་བྱེད་སྒོ་དང་བོད་རིགས་ཀྱི་བག་སྟོན་གྱི་བཪྙན་ཕབ་དེ་མཐའ་འཁོར་གྱི་སྐུ་མགྲོན་ལ་བལྟ་རུ་བཅུག་པས་ཁོང་ཚོ་ཧ་ཅང་དགའ་པོ་བྱུང་ཞིང་། ཁོང་ཚོས “བོད་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་འདུག གོ་སྐབས་བྱུང་ཚེ་ངེས་པར་དུ་བོད་ལ་བལྟ་བར་འགྲོ་གི་ཡིན ”ཞེས་ཤོད་ཀྱི་འདུག
“བོད་ཀྱི་གནད་དོན ”སྐོར་ང་ཚོས་ནུབ་ཕྱོགས་གླེང་ཕྱོགས་ཀྱི་རྗེས་སུ་མི་བསྙེགས་པ་དང་གཞན་དབང་གི་དམག་འཐབ་མི་རྒྱག་པའི་ཆེད་དུ་ཕྱི་རྒྱལ་གྱི་སྨྱན་སྦྱོར་འཕྲིན་སྤེལ་བྱེད་པར་ཡོང་རྒྱུར་གདན་འདྲེན་མང་ཙམ་ཞུས་ན་སྐྱོན་མེད་པར་སེམས། དཔེར་ན། འདི་ལོའི་ཟླ་བ་6པར “ཕྱི་རྒྱལ་གྱི་གྲགས་ཅན་རྒྱ་ཡིག་སྨྱན་སྦྱོར་གྱིས་སི་ཁྲོན་བོད་རིགས་ས་ཁུལ་གྱི་འཚོ་བ་གསར་པ་འཕྲིན་སྤེལ་བྱེད་པའི ”གཅིག་སྡུད་བཅར་འདྲིའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དང་རྒྱལ་ཁབ་20ཡི་སྨྱན་སྦྱོར་40ནས་ཡོང་བའི་གསར་འགོད་པས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རིག་གནས་སྲུང་སྐྱོང་། དེ་བཞིན་ས་ཡོམ་གྱི་གེགས་བར་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཐད་ས་ཆ་དེ་རང་ནས་གནས་ཚུལ་སྤེལ་བས་ཕྱི་རྒྱལ་དུ་ཚུར་སྣང་ལན་ཆ་ཡག་པོ་བྱུང་བ་རེད། གདན་འདྲེན་ཞུ་བའི་ཁྱབ་ཁོངས་ཀྱང་ཀྲུང་གོའི་ཡི་གེའི་སྨྱན་སྦྱོར་ནས་ཕྱི་རྒྱལ་ཡི་གེའི་སྨྱན་སྦྱོར་བར་རྒྱ་ཆེར་གཏོང་ཆོག་པ་སྨོས་མེད་ཡིན། གཞན་ཡང་རྒྱལ་སྤྱིའི་གྲགས་ཅན་རིག་གནས་པ་དང་ཞིབ་འཇུག་སྒྲིག་གཞིའི་དབར་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་འཛུགས་པ་དང་། བོད་དུ་འབྲེལ་ཡོད་སྤྱི་ཚོགས་དང་རིག་གནས་འཕོ་འགྱུར་གྱི་ཞིབ་འཇུག་རྣམ་གྲངས་སྤེལ་ནས་ཁོང་ཚོར་རང་ཉིད་ཀྱི་མཐོང་ཐོས་དང་ཞིབ་འཇུག་གྲུབ་འབྲས་སྤྱད་དེ་འཛམ་གླིང་ལ་བོད་ཀྱི་གནས་ཚུལ་ངོ་མ་ངོ་སྤྲོད་གཏིང་ཟབ་བྱེད་དུ་འཇུག་ཆོག
ནུབ་ཕྱོགས་ཀྱི་སྐད་སྒྲ་སྤྱད་དེ་བོད་རིགས་ས་ཁུལ་དྲིལ་བསྒྲགས་བྱས་ཚེ་ཕན་འབྲས་ལེགས་ཙམ་ཐོན་ཐུབ། ཀྲུང་གོའི་རིག་གནས་པ་ཕྱི་རྒྱལ་དུ་སྐྱོད་དུ་འཇུག་པ་ཕུད་མཛའ་གྲོགས་ལྡན་པའི་ཕྱི་རྒྱལ་གྱི་རིག་གནས་པའམ་ཡང་ན་སློབ་ཕྲུག་གི་ཚོགས་པ་ཁག་གཅིག་གདན་འདྲེན་ཞུས་ནས་དམིགས་བཀར་གྱི་གྲོས་དོན་སྐོར་ཕྱི་རྒྱལ་གྱི་སློབ་ཆེན་ནམ་ཡང་ན་ཞིབ་འཇུག་སྒྲིག་གཞིར་ཁོང་ཚོའི་བྱེད་སྟངས་ལ་བརྟེན་ནས “བོད་ཀྱི་གནད་དོན ”གྱི་གླེང་སྟེགས་དང་། དཔྱད་གླེང་ཚོགས་འདུ། གཏམ་བཤད་འདུ་ཚོགས་སོགས་གཉེར་བ་དང་འབྲེལ་དེའི་རིང་གློག་བཪྙན་དང་བཪྙན་འཕྲིན་འགྲེམས་སྟོན་དང་གཞོགས་འདེགས་བྱེད་པའམ་ཡང་ན་བོད་དུ་འགྲོ་མྱོང་ཡོད་པའི་རིག་གནས་པ་དང་སྨྱན་སྦྱོར་གསར་འགོད་པ་གདན་འདྲེན་ཞུས་ནས་ཕྱི་རྒྱལ་གྱི་དུས་དེབ་དང་དྲ་བ་སོགས་སྨྱན་སྦྱོར་ཐོག་རྩོམ་ཡིག་འབྲི་བ་སོགས་བྱེད་ཆོག འཇར་མན་གྱི 《ཏེ་དབྱི་ཀྲི་ལྷོ་མའི་ཚགས་པར 》ཐོག་ཟླ་6ཚེས་8ཉིན 《བླ་ན་མེད་པའི་སྣང་འཆར 》ཞེས་པའི་རྩོམ་ཡིག་ཅིག་སྤེལ་ནས་དུས་རབས་གོང་མའི་ལོ་རབས་50པར་བོད་ས་གནས་སྲིད་གཞུང་དང་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུས་དབར་གྱི་འབྲེལ་བའི་སྐོར་ཐེར་འདོན་བྱས་པ་རེད། འདི་ལོའི་ལོ་སྟོད་དུ 《ཉིའུ་གཡོད་སྐབས་དོན་ཚགས་པར 》དང 《ཝ་ཧྲིང་ཐོན་སྦྲག་ཏར་ཚགས་པར 》ཐོག་སྔ་རྗེས་སུ 《བདེ་སྐྱིད་ལྡན་པའི་ལྷ་ས 》ཞེས་འགོ་བརྗོད་དུ་འཁོད་པ་སོགས་ཀྱི་རྩོམ་ཡིག་སྤེལ་བ་རེད། དེར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཀློག་པ་པོ་དང་དྲ་དམངས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེ་ཙམ་བྱུང་བ་རེད། མདོར་ན་བོད་སྐོར་གྱི་འཕྲིན་སྤེལ་ནང “རང་ཉིད་ལྟེ་བར་བྱེད ”ཐུབ་པ་བྱེད་པ་དང་། ནུབ་ཕྱོགས་ཀྱི་དམངས་ཚོགས་དང་ཉན་མཁན་གྱི་སེམས་ཁམས་ལ་བསམ་གཞིག་གང་ལེགས་བྱེད་པ། དོན་དངོས་དང་བསྟུན་པ། དུས་བསྟུན་འཕེལ་རྒྱས་དང་དངོས་ཡོད་ཀྱི་རྣམ་འགྱུར་འཛིན་པ་བཅས་བྱེད་དགོས།
(རྩོམ་པ་པོ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བོད་རིགས་རིག་གནས་རིགས་གཅིག་མཁས་ཅན་ཡིན )