ལྐོག་གྱུར་གྱི་གནས་རྟོགས་པའི་རིག་པའི་དཔའ་བོ།
ས་གཞོང་ནང་གི་རྩིས་རིས་ཀྱིས། སྐར་རྩིས་རིག་པའི་འཁོར་ལོ་བསྐོར།
ལོ་རྒྱུས་ཡུན་རིང་ལྡན་ལ་བརྟག་དཔྱད་གནད་ལ་འཁེལ་བའི་གངས་ལྗོངས་ཀྱི་ལོ་ཐོ་ནི་ཚན་རྩལ་གྱི་གྲུབ་འབྲས་རླབས་པོ་ཆེ་བསྙོན་དུ་མེད་པ་ཞིག་ཡིན་ཞིང་། ལོ་ཐོ་ནི་ས་མཐོའི་མི་དམངས་ཀྱིས་ཞིང་འབྲོག་ཐོན་སྐྱེད་ལེགས་གཉེར་བྱེད་པར་མེད་དུ་མི་རུང་བའི་ཕྱོགས་སྟོན་འཁོར་ལོ་ཞིག་ཡིན་ལ་འཚོ་བའི་ནང་བླང་དོར་གསལ་འབྱེད་བྱེད་པར་མཁོ་བའི་མེ་ལོང་ལྟ་བུ་ཡང་ཡིན་པས་ལོ་གསར་པ་འཆར་རིམ་བཞིན་དུ་བོད་རིགས་མང་ཚོགས་ཚོས་དོ་ཁུར་ཆེན་པོས་ལོ་ཟླ་གསར་པའི་ལྐོག་གྱུར་སྣ་ཚོགས་སྟོན་པའི་ལོ་ཐོ་ཉོ་རྒྱུ་དེ་ལོ་ཟླ་གསར་ཪྙིང་མཚམས་ཀྱི་དཔེ་དེབ་ཀྱི་ཉོ་ཆ་དང་པོར་གྱུར་གྱི་ཡོད།
འོན་ཀྱང་དཔྱད་དཔོག་གནད་སྨིན་བྱེད་ཐུབ་པའི་ལོ་ཐོ་དེ་བཞིན་ཇི་ལྟར་བྱུང་ཚུལ་དང་དེའི་ཐད་དབང་གྲགས་ཆེ་བའི་མཁས་དབང་ཇི་ལྟ་བུ་ཡོད་ཚུལ་སོགས་གསལ་པོ་རྟོགས་མཁན་ཅུང་ཉུང་ཞིང་། རྟོགས་འདོད་མཁན་ཡང་མང་པོ་ཞིག་ཡོད་པ་ནི་སྨོས་མི་དགོས་པ་ཞིག་ཡིན་པས་འདིར་གསར་འགོད་པས་སྐར་རྩིས་མཁས་དབང་ཆེ་མོ་ཀུན་དགའ་རིག་འཛིན་ལགས་ཀྱི་སྐོར་བཀོད་ན་ཀློག་པ་པོའི་ཡིད་ཀྱི་དང་བ་མི་འདྲེན་པ་མི་སྲིད་ལ་དེ་བས་ཀྱང་མཁས་དབང་དེའི་རྗེས་འཛིན་པ་ཚོར་ཁོང་ལྟ་བུ་གནམ་རིག་སྐར་རྩིས་ཀྱི་བྱ་གཞག་ཐད་ལེགས་སྐྱེས་འབུལ་རྒྱུའི་ཀུན་སློང་བཟང་པོ་ཞིག་ཀྱང་འཆར་རྒྱུ་གདོན་མི་ཟའོ།
བརྩོན་འགྲུས་ལྡན་པའི་མི་ཚེའི་ཤུལ་ལམ་དུ། ཡིད་ལ་སྐུལ་མ་ཐེབས་པའི་སྒྲུང་གཏམ་ཡོད།
ད་ཆ་དགུང་ལོ་དྲུག་ཅུ་ལྷག་ཙམ་ལ་ཕེབས་ཀྱང་སྔར་བཞིན་སྤྱན་ཟུང་ནས་རིག་སྟོབས་མ་ཉམས་པའི་གཟི་མདངས་ཅི་དགར་མངོན་པ་དང་། ཐུགས་རྒྱ་ཡངས་པའི་ཞལ་སྒོ་ལས་སྔོན་བྱུང་ལོ་ཐོའི་གཏམ་རྒྱུད་དང་། རང་ཉིད་ཀྱིས་དཀའ་སྤྱད་མཛད་དེ་ཡང་རྩེར་ཕེབས་ཚུལ། མ་འོངས་པར་ཕྱོགས་ནས་རིག་ལམ་འཕེལ་རྒྱས་དང་། རྒྱུན་འཛིན་པ་གསོ་སྐྱོང་གནང་ཚུལ་ལ་སོགས་པ་ནི་ཉན་འདོད་པའི་གཏམ་རྒྱུད་འབའ་ཞིག་ཏུ་གྱུར་བས་དེས་ན་འདི་ནས་བོད་ཀྱི་མཁས་དབང་ཚོའི་ཐུན་མོང་མིན་པའི་ཐུགས་གཤིས་ཏེ། རང་མི་རིགས་ཀྱི་ཁྱད་དུ་འཕགས་པའི་རིག་གཞུང་དར་སྤེལ་གཏོང་བའི་སྙིང་སྟོབས་ཀྱང་རྟོགས་པར་གྱུར།
མཁས་དབང་ཀུན་དགའ་རིག་འཛིན་ལགས་1942ལོར་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་འཁྲུངས་ཤིང་། ཕ་མེས་ཀྱི་དུས་ནས་ཁོང་གི་ཁྱིམ་རྒྱུད་དེ་སྐར་རྩིས་ཆེད་ལས་པ་ཞིག་ཡིན་པར་བརྟེན་མེས་པོ་གོང་མ་ཚོས་ཁོང་ལ་སྐུ་ན་ཆུང་ངུའི་དུས་ནས་བོད་ཀྱི་ཐུན་མོང་མིན་པའི་སྐར་རྩིས་རིག་པ་དེ་ཕ་ཤུལ་བུ་འཛིན་བྱས་ཏེ་ཁྱིམ་རྒྱུད་ཀྱི་ཆེད་ལས་རྒྱུན་འཛིན་དང་བོད་ཀྱི་གནམ་རིག་སྐར་རྩིས་བྱ་གཞག་གོང་དུ་སྤེལ་དགོས་པའི་བླང་བྱ་ནན་པོ་འདོན་གནང་མཛད་ཡོད་ལ་ཁོང་གིས་ཀྱང་ཆུང་དུས་རིག་གནས་སྦྱོང་རྒྱུ་གལ་ཆེ་བར་དགོངས་ཏེ་ལྷ་སའི་སྦྱར་པ་ཁང་གསར་ཞེས་པའི་ནང་རྨང་གཞིའི་རིག་གནས་གསན་སྦྱོང་གནང་བ་དང་། ཕྱོགས་མཚུངས་བོད་སྐད་ཡིག་གི་བརྡ་སྤྲོད་གཞུང་དང་བཅས་པ་རང་སྐྱ་འཕེར་རྗེས་1952ལོར་ལྷ་ས་སྨན་རྩིས་ཁང་དུ་སྐར་རྩིས་གཙོ་བོ་བྱས་པའི་སྨན་རྩིས་ཟུང་དུ་འབྲེལ་བའི་ཆེད་ལས་སློབ་སྦྱོང་ལོ་ལྔ་གནང་རྗེས་ད་གཟོད་བོད་ལྗོངས་སྨན་རྩིས་ཁང་དུ་ཕྱག་ལས་གནང་སྟེ་ཆེད་ལས་ཀྱི་འཇོན་ཐང་འདོན་འགོ་ཚུགས།
མིའི་མི་ཚེ་ནི་ཀྱག་ཀྱོག་གི་བགྲོད་ལམ་བརྒྱུད་དགོས་པ་ཞིག་ཡིན་པའི་ཆོས་ཉིད་ལྡོག་ཏུ་མེད་པ་ལྟར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་1959ལོ་ནས་1960ལོ་བར་ཁོང་གིས་སྔ་ཕྱིར་སྐབས་དེའི་ལྷ་སའི་བཟའ་བཅའ་བཟོ་གྲྭ་དང་། ལྷ་ས་གྲོང་ཁུལ་གྱི་ལས་ཞོར་ཟློས་གར་ཚོགས་པའི་ནང་བྱ་བ་བསྒྲུབས་གནང་མྱོང་ཞིང་། ལོ་དེ་དག་ནང་སྐར་རྩིས་ལ་དབྱིངས་ཞུགས་པའི་སྐབས་དེའི་གཞོན་ནུ་ཁོང་གི་ལས་སྐལ་ལ་འཕོ་འགྱུར་བྱུང་བ་ནི་ལེགས་པའི་དོན་ཞིག་མིན་པར “ཙན་དན་གྱིས་བུད་ཡོག་དང་། གོས་ཆེན་གྱིས་ཐབ་ཕྱིས ”ཞེས་པ་ལྟ་བུར་གྱུར་མོད། འོན་ཏེ་ཁོང་གིས་དུས་སྐབས་སོ་སོའི་ལས་ཀའི་དགོས་འདུན་ལ་འཁང་ར་སྤུ་ཙམ་མི་གནང་བར་གང་དུ་བྱ་བ་བསྒྲུབས་ཀྱང་དེ་ལེགས་པར་བསྒྲུབས་གནང་བའི་ཐོག་ཆུང་དུས་ནས་སྦྱངས་པ་ལྷུར་ལེན་གནང་སྟེ་ཐོབ་པའི་གནམ་རིག་སྐར་རྩིས་ཆེད་ལས་ཀྱི་ཤེས་བྱ་དེ་བཞིན་གཅེས་འཛིན་ཆེར་གནང་ཞིང་བརྗེད་ངས་རྐུན་པོའི་ལག་ཏུ་མ་ཤོར་བ་གནང་སྟེ་རིག་པ་རྩེ་གཅིག་གིས་ནང་སྦྱོང་གཟབ་ནན་དང་། རྒྱུན་འཁྱོངས་གནང་བར་བརྟེན་ལོ་ཤས་ནང་ཁོང་གི་ལས་དོན་སྒྲུབ་རྒྱུ་དེ་སྐར་རྩིས་མིན་ནའང་རིག་པ་དེ་ཏིལ་འབྲུ་ཙམ་མ་ཉམས་པར་ཁོང་དུ་གནས་པར་གྱུར།
1978ལོ་ནི་མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱིས་རིང་ནས་བཅངས་གནང་བའི་ཕུགས་འདུན་བཟང་པོ་མངོན་འགྱུར་ཡོང་བའི་ཁ་ལོ་སྒྱུར་མཚམས་ཤིག་ཡིན་ཏེ། ལོ་དེར་ཁོང་ལྗོངས་སྨན་རྩིས་ཁང་དུ་ལས་སྒྱུར་བྱུང་བ་དང་། ལས་སྒྱུར་དེ་ཡང་གཅིག་ནས་ཁོང་ཉིད་ཀྱི་མི་ཚེ་འདིའི་དགོངས་འདུན་ཉག་ཅིག་ཡིན་ལ་གཉིས་ནས་སྐར་རྩིས་ལ་བྱང་ཆུབ་པའི་རིག་པ་བ་མང་པོ་མེད་པའི་གནས་ཚུལ་འོག་ཁོང་ལྟ་བུ་བོད་ཀྱི་སྨན་རྩིས་བྱ་གཞག་གི་རྐང་འཛིན་པར་སྐོང་བསྡུ་བྱ་རྒྱུར་ཤིན་ཏུ་གལ་ཆེ་བ་དེ་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་སྟེ་ལས་སྒྱུར་བྱུང་བ་ཞིག་ཀྱང་ཡིན་ཞིང་། དེ་ནི་དངོས་འབྲེལ “ཕ་ལམ་གད་སྙིགས་ཀྱི་ཁྲོད་ནས་བཏོན་པ ”དང་མཚུངས་པར་གྱུར་ཡོད་པ་རེད།
བདག་གིས་བཅར་འདྲི་ཞུ་རིང་ཁོང་གི་སྐར་རྩིས་རིག་པའི་ཐད་ཀྱི་སྐུ་ཡོན་ལ་ཤིས་བརྗོད་ཞུ་སྐབས་ཁོང་གིས “ཤེས་ཡོན་གང་འདྲ་ཞིག་ཡིན་རུང་རང་ངོས་ཀྱི་སྦྱངས་བརྩོན་གཙོ་བོ་ཡིན་པ་སྨོས་ཅི། འོན་ཀྱང་ནང་རྐྱེན་བཟང་པོ་ཡོད་པའི་རྨང་གཞིའི་ཐོག་ཕྱི་རྐྱེན་ཡང་དེ་མཚུངས་སུ་ལེགས་པོ་བྱུང་ཚེ་གཞི་ནས་དམིགས་འདུན་གྲུབ་ཐུབ་ཀྱི་རེད། ང་རང་ལ་ད་ལྟ་ཡང་སྤོབས་པ་བྱེད་ཆོག་པ་ནི་སྙིང་རུས་ཡོད་པའི་ཁར་མཁས་དབང་དམ་པ་མཁྱེན་རབ་ནོར་བུ་སྐུ་ངོ་མས་ཞིབ་ཅིང་ཕྲ་བའི་སློབ་ཁྲིད་སློབ་གསོ་ཐོབ་མྱོང་བ་དེ་ཡིན་ཏེ། ཁོང་གིས་རྗེས་རབས་པ་སྐྱོང་བའི་སློབ་གསོ་ལེགས་པོས་སྙིང་རུས་ཅན་ང་ཚོས་རྩིས་རིག་པའི་ཐད་ལ་ནམ་འཕང་གཅོད་པར་འདབ་གཤོག་བསྒར་བ་ལྟ་བུ་བྱུང་ཡོད ”ཅེས་དང་། ཡང་ཁོང་གིས་“ང་ལ་ཐོག་མ་ནས་སྙིང་རུས་ཡོད་པའི་ཐོག་སླར་ཡང་སྙིང་རུས་ཆེར་བསྐྱེད་པའི་རྒྱུ་རྐྱེན་ཞིག་བྱུང་བ་ནི་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས ‘སྔར་བོད་ཀྱི་སྐད་གྲགས་ཆེ་བའི་གནམ་རིག་སྐར་རྩིས་པ་ཀརྨ་རང་བྱུང་རྡོ་རྗེས་《རྩིས་ཀུན་བཏུས་པ 》རྩོམ་འབྲི་གནང་སྐབས་ལྕགས་སྨྱུག་བདུན་ཙམ་ཟད་ཡོད། དེས་ན་ངས་ད་ལྟ་ལོ་བཅུ་ཙམ་རིང་དགེ་རྒན་བྱས་ཏེ་ལྕགས་སྨྱུག་གི་རྩེ་བརྡར་ནས་དབྲིལ་དབྲིལ་ཆགས་སོང་ཞེས་ཤོད་ག་ནས་ནུས། གལ་སྲིད་ཁྱོད་ཚོ་ཕུལ་དུ་བྱུང་བའི་གནམ་རིག་སྐར་རྩིས་རིག་པ་བ་ཞིག་ཏུ་འགྱུར་བ་བྱེད་དགོས་ན་མེས་པོ་ཚོའི་སྙིང་རུས་ལ་སློབ་སྦྱོང་བྱ་དགོས ’ཞེས་བརྩོན་འགྲུས་བྱེད་དགོས་ལུགས་ཀྱི་སྒྲུང་གཏམ་དེ་འདྲ་ཞིག་གསུངས་མྱོང ”ཞེས་གསུངས་ཀྱི་འདུག
ཀུན་དགའ་རིག་འཛིན་ལགས་ཀྱིས་མཁས་དབང་གོང་མ་ཚོའི་སྙིང་རུས་ལ་སློབ་སྦྱོང་གནང་བ་ཡང་དོན་དངོས་ཡིན་པ་ཏེ། ཁོང་གིས་གཞོན་ནུའི་དུས་སུ་ཟླ་རེའི་ནང་ངལ་གསོ་ཉིན་གཉིས་ལས་མ་བསྐྱོན་པར་ཉིན་རེར་སློབ་སྦྱོང་ཆུ་ཚོད་བཅུ་ལྷག་ཙམ་རྒྱུན་འཁྱོངས་གནང་བ་མ་ཟད། ད་དུང་དགོང་མོའི་ཆུ་ཚོད་དང་པོ་ནས་གཉིས་པའི་བར་དཔེ་དེབ་གཟིགས་ནས་ཤེས་བྱ་མང་པོར་སྦྱངས་བརྩོན་གནང་གི་ཡོད་ཅིང་། ཞོགས་པ་སྐྱ་གསལ་མ་ཐག་གདམས་ངག་མང་པོ་ཞིག་བློར་འཛིན་གནང་སྟེ་ཕྱོགས་གང་ཅིའི་ཐད་སློབ་གྲོགས་གཞན་གྱི་མདུན་གྲལ་ཁོ་ནར་སླེབས་ཐུབ་པ་དང་། དགེ་རྒན་གྱི་བསྔགས་བརྗོད་བརྩོན་ལེན་གནང་མྱོང་བ་རེད། གསར་འགོད་པས་མཚན་དུས་དཔེ་དེབ་གཟིགས་རྒྱུར་དགེ་མཚན་ཇི་ལྟར་ལྡན་ལུགས་བཀའ་འདྲི་ཞུ་སྐབས་ཁོང་གིས་“ཁུ་སིམ་དབེན་པའི་མཚན་མོ་དེ་སློབ་ཕྲུག་ཅིག་གི་ངོས་ནས་བཤད་ན་ཉིན་མོ་སྦྱངས་པའི་སློབ་ཚན་ལ་བློ་རྣལ་དུ་ཕབ་ནས་བསམ་གཞིགས་བྱེད་པའི་དུས་ཚོད་ཡག་ཤོས་རེད་ལ་ཞོགས་པ་ངག་སྐྱོར་གཏོང་རྒྱུའི་སློབ་ཚན་སྔོན་སྦྱོང་བྱེད་པའི་དུས་ཚོད་ལེགས་ཤོས་ཤིག་ཀྱང་རེད ”ཅེས་གསུངས་ཀྱི་འདུག་པས་ཁོ་བོའི་སེམས་ལ་མཁས་དབང་ཁོང་ལྟ་བུས་དུས་ཚོད་ཡན་པོར་གཏོང་གནང་མྱོང་མེད་པས་ད་ཆ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཆེ་བའི་སྐྱེ་བོ་མཚན་སྙན་ལྡན་པ་ཞིག་ཏུ་གྱུར་པའང་དེ་ལྟ་བུའི་བརྩོན་འགྲུས་ཀྱི་རྒྱུ་འབྲས་དང་ཁ་འབྲལ་ཐབས་མེད་པ་རེད་སྙམ་བྱུང་།
དཔྱད་གཞིའི་ལོ་ཐོའི་སྙིང་བཅུད་ཉམས་སུ་བཞེས། ལག་ལེན་ཟབ་འཇུག་བྱང་ཚད་གོང་མཐོར་གཏོང་།
འབྱུང་བཞི་དང་ནི་གནམ་དཔྱད་མ་ལུས་པ། གསལ་རྟོགས་རྩིས་ཀྱི་གོ་ལར་དོན་གཉེར་མཛད།
མཁས་དབང་ཀུན་དགའ་རིག་འཛིན་ལགས་སུ་རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི་རང་གི་ཤེས་ཚད་ཇི་ཡིན་ལ་རློམ་ནས་མི་ཞུགས་པར་ཆེད་ལས་དང་འབྲེལ་བ་ཡོད་པའི་རིག་གཞུང་ཡོད་དོ་ཅོག་ལ་སྦྱངས་བརྩོན་དང་ཞིབ་བསྡུར་གནང་སྟེ་དེ་ཚོའི་ཁྲོད་ཀྱི་དགེ་མཚན་ལྡན་པ་རྣམས་བསྡུ་རུབ་མཛད་དེ་བརྡར་ཤ་ནན་པོ་བཅད་གནང་ཐོག་བེད་སྤྱོད་གཏོང་གནང་གི་ཡོད་པ་དེ་རེད།
དེ་ཡང་ཁོང་གི་སར་ད་ལྟ་བོད་ཡིག་ཚུགས་ཐུང་ལག་བྲིས་མ་ལས་གྲུབ་པའི་ཚོན་ཁྲ་ཅན་གྱི་ལོ་ཐོ་ཞིག་ཡོད་པ་དེ་ནི་ངོ་མཚར་རིན་ཐང་ཆེ་བའི་རིག་གནས་དངོས་རྫས་ཤིག་ཡིན་ཞེས་བཤད་ན་མི་འཚམས་པ་མེད། ཁོང་གིས་གསུངས་པ་ལྟར་ན། ལོ་ཐོ་དེ་ནི་1933ལོར་ལྷོ་ཁ་སྨིན་གྲོལ་གླིང་དགོན་པས་འགྲེམས་སྤེལ་བྱས་པ་ཞིག་ཡིན་འདུག ལོ་ཐོ་ཪྙིང་པ་དེའི་སྐོར་གླེང་སྐབས་ཁོང་གིས “1916ལོར་སྨན་རྩིས་ཁང་གིས་ལོ་ཐོ་བཏོན་པ་ནས་བཟུང་སྨིན་གྲོལ་གླིང་གིས་ལོ་ཐོ་དེ་རང་དགར་བཏོན་མི་ཆོག་པའི་གཏན་འབེབས་བྱེད་མྱོང་ཡོད། དེར་བརྟེན་སྨིན་གྲོལ་གླིང་དགོན་པས་བཏོན་པའི་ལོ་ཐོ་ཪྙིང་མ་དེ་རིགས་དམངས་ཁྲོད་དུ་དེ་བས་མཐོང་རྒྱུ་དཀོན་པས་ཉར་ཚགས་བྱ་རྒྱུར་ལོ་རྒྱུས་ཀྱི་དོན་སྙིང་ངེས་ཅན་ལྡན་ཡོད ”ཅེས་གསུངས་ཀྱི་འདུག་ལ་དེ་བས་ཀྱང་ཁོང་གིས་སྨིན་གྲོལ་གླིང་གི་ལོ་ཐོའི་ཁྱད་ཡོན་ཁག་གཅིག་ཉམས་ལེན་མཛད་ཅིང་། ལོ་ཐོ་གསར་རྩོམ་བྱེད་པའི་ནང་བེད་སྤྱོད་གནང་སྟེ་བོད་ཀྱི་ལོ་ཐོ་འདི་སྔར་བཞིན་ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་ལྐོག་གྱུར་གྱི་གསང་བ་རྟོགས་རྒྱུའི་ནུས་མཐུ་དེ་བས་ཆེ་བ་ཞིག་ཏུ་འགྱུར་བ་མཛད་ཡོད། དེ་ནི་ཁོང་གི་རིག་པའི་གཞུང་ལུགས་ཉམས་ལེན་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱ་ཐབས་ཤིག་ཡིན་ལ། ཡང་ཁོང་གིས་ལོ་རེར་བཏོན་པའི་ལོ་ཐོའི་སོ་ནམ་གནམ་དཔྱད་ལ་སོགས་པ་གནད་འཁེལ་བྱུང་མིན་ཐད་དོ་ཁུར་ཆེན་པོ་གནང་སྟེ་ཞིང་འབྲོག་ཁུལ་དུ་ཐེངས་མང་ཕེབས་ནས་ལོ་ཐོར་བསྟན་པའི་རྩིས་འབྲས་དང་། དངོས་བྱུང་གནམ་གཤིས་སོགས་ཕན་ཚུན་ར་འཕྲོད་བྱུང་མིན་མཁྱེན་རྟོགས་གནང་ཡོད་པ་དང་། རྩིས་ཁང་དུ་ཡིན་ནའང་འདྲ་རང་ཁྱིམ་དུ་ཞུགས་དུས་ཡིན་ནའང་འདྲ་རྒྱུན་དུ་ལོ་ཐོའི་བསྟན་དོན་དང་། ཁ་ཆར་བུ་ཡུག་ཇི་ལྟར་འཚུབ་མིན་སོགས་བརྟག་སྟེ་རང་གིས་རང་ལ་རེ་བ་ནན་པོ་བཏོན་གནང་གི་ཡོད་པ་རེད།
རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དམ་ཟབ་གནང་བའི་ཐོག་ནས་ཁོང་གིས་བོད་ཀྱི་ལོ་ཐོ་དེ་བས་ཚན་རིག་དང་ལྡན་པ་ཞིག་ཏུ་འགྱུར་བར་ཤུགས་སྣོན་རྒྱག་རྒྱུ་དེ་སྐུ་ཚེ་ཧྲིལ་པོའི་འབད་འཐབ་དམིགས་ཚད་དུ་འཛིན་གནང་གི་ཡོད་པ་ཕུད། ད་དུང་ཁོང་ནི་ལས་རིགས་གཅིག་མཚུངས་ཀྱི་བློ་མཐུན་ཡོད་དོ་ཅོག་དང་འབྲེལ་འདྲིས་དམ་ཟབ་གནང་རྒྱུར་མཉེས་པའི་མཁས་དབང་ཞིག་ཡིན་གཤིས། འབྲེལ་འདྲིས་ཀྱི་ཁྲོད་ནས་གཞན་གྱི་ཁྱད་ཡོན་ཕྲན་བུའང་ཁོང་དུ་ཆུད་ཐབས་མཛད་ཀྱི་ཡོད་སྟབས་མཁས་དབང་མང་པོ་ཞིག་མཛའ་མཐུན་ལས་རོགས་སམ་ཕན་ཚུན་བརྟེན་རེས་བྱེད་པའི་བཤེས་གཉེན་དུ་གྱུར་ཡོད། དཔེར་ན། ཀྲུང་གོ་ཚན་རིག་ཁང་རང་བྱུང་ཚན་རིག་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་ཁྲེན་ཅིའུ་ཅིན་དང་། པེ་ཅིང་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ཧོང་མིང་ཤིན་སོགས་ནི་ཁོང་དང་ཤེས་བྱའི་ཟབ་གནད་ཐད་བགྲོ་གླེང་ཐེངས་མང་གནང་མྱོང་བའི་གྲོགས་པོ་ཡིན་ཞིང་། ཁོང་གིས་ཁེངས་སྐྱུང་ངང “རྒྱ་རིགས་བློ་མཐུན་དེ་ཚོས་ངའི་ཆེད་ལས་བྱང་ཚད་མཐོ་རུ་འགྲོ་བར་རོགས་རམ་ཞེ་དྲགས་གནང་མྱོང ”ཞེས་གསུངས་ཀྱི་ཡོད་ལ་ད་དུང་ཁོང་གིས་བོད་ཀྱི་ལོ་ཐོས་ལོ་མང་རིང་ཞིང་འབྲོག་ཐོན་སྐྱེད་ལ་ཁ་ཕྱོགས་གསལ་སྟོན་གྱི་ཞབས་ཞུ་ལེགས་པོ་ཐུབ་པ་འདི་ནི་མེས་པོའི་སྐར་རྩིས་གཞུང་ལུགས་ཁྱད་དུ་འཕགས་པ་རྒྱུན་འཛིན་བྱས་པའི་བཀའ་དྲིན་དང་། སྐར་རྩིས་པ་ཚོའི་ཐུན་མོང་འབད་བརྩོན་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་ལས་རང་ཉིད་ཀྱིས་ད་ཕན་མི་ལོ་སུམ་ཅུ་ལྷག་ཙམ་རིང་ལ་ལོ་ཐོ་རྩོམ་སྒྲིག་ལས་དོན་ཐད་གཙོ་འགན་བཞེས་པའི་སྐོར་དམིགས་བསལ་གང་ཡང་གསུངས་ཀྱི་མེད་པས་དེ་ནི་མཁས་དབང་ཞིག་གིས་ཕྱི་རབས་པ་ཚོར་བསྟན་པའི་ལས་ལ་བྱས་ཡུས་མེད་པ་དང་། རང་ཉིད་འུད་སྒྲོག་མི་བྱེད་རྒྱུའི་དཔེ་མཚོན་བླ་ན་འཕགས་པ་ཞིག་ཏུ་འགྱུར་བ་མ་ཡིན་ནམ།
མཁྱེན་བརྩེའི་འོད་དཀར་གངས་ཅན་ལྗོངས་སུ་འཕྲོས། རྩིས་རིག་ཀུན་དའི་འཛུམ་ཞལ་ལྷུག་པོར་གྲོལ།
མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱིས་རྒྱུན་དུ་གསུངས་པའི་བཀའ་མོལ་ཉན་སྤྲོ་བ་ཞིག་ཡོད་པ་ནི “སྨན་རྩིས་དགེ་རྒན་ཆེ་མོ་བ་ཞིག་གི་ངོས་ནས་བརྗོད་ན། ཕྱི་རབས་པ་གསོ་སྐྱོང་གང་ལེགས་བྱ་རྒྱུ་དང་། རང་གི་ཆེད་ལས་ཀྱི་ཁྱད་ཡོན་ལེགས་པོ་འདོན་པ་ཕུད། ད་དུང་སྨན་རྩིས་ཀྱི་ཆེད་ལས་འདི་བཞིན་གོམ་པ་རིམ་སྤོས་ཀྱིས་ཕུན་སུམ་ཚོགས་སུ་གཏོང་བར་ཞིབ་འཇུག་དང་ལག་ལེན་གྱི་རིན་ཐང་ངེས་ཅན་ལྡན་པའི་ཆེད་རྩོམ་སྤེལ་རྒྱུ་ནི་དོ་ཁུར་ཆེན་པོ་བྱ་དགོས་པའི་བྱ་བ་ཞིག་རེད ”ཅེས་པ་དེ་རེད།
ཁོང་གིས་སྐར་རྩིས་ལས་རིགས་ཀྱི་བློ་མཐུན་ཚོའི་ཡིད་ལ་ཟུག་པ་དང་། ཚང་མའི་ཡིད་ལ་དྲན་སྐུལ་ནན་པོར་གྱུར་པའི་བཀའ་མོལ་དེ་འདྲ་ཞིག་གསུངས་མྱོང་བ་མ་ཟད། རང་དཔེ་གཞན་སྟོན་བྱ་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ་བའི་བྱ་སྤྱོད་ཅིག་ཏུ་དགོངས་ཏེ་ད་ཕན་ལོ་མང་ནང་སྐར་རྩིས་ཀྱི་ཐུགས་འགན་དང་ལེན་གནང་སྟེ་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཆེ་བའི་བོད་ཀྱི་ལོ་ཐོ་རྩིས་རྒྱག་གནང་བ་མ་ཟད། སྔ་རྗེས་སུ་སྐར་རྩིས་རིག་པའི་མཁས་དབང་ཚོས་དོ་སྣང་མཛད་དགོས་པའི་ཆེད་རྩོམ་མང་པོ་ཞིག་སྤེལ་གནང་ཡོད་པ་ནི་འདི་ལྟ་སྟེ། 1983ལོར་ཧང་ཀྲོའུ་རུ་འཚོགས་པའི་རྒྱལ་ཡོངས་གནམ་རིག་སྐར་རྩིས་ཚོགས་འདུའི་ཐོག་ཁོང་གིས་འགོ་བརྗོད་དུ 《གནམ་རིག་སྐར་རྩིས་ཀྱི་འཕེལ་རིམ་གླེང་བ 》ཞེས་པའི་ཆེད་རྩོམ་ཞིག་སྤེལ་གནང་བས་སྐབས་དེར་ཆེད་རྩོམ་དེ་ཡིག་སྒྱུར་བྱས་ཏེ་གནད་བསྡུས་ཐོག 《མི་དམངས་ཉིན་རེའི་ཚགས་པར 》ཐོག་བཀོད་པ་དང་། 1984ལོར་ཁོང་གིས་ཁུན་མིན་དུ་འཚོགས་པའི་གནམ་རིག་སྐར་རྩིས་ཞིབ་འཇུག་དང་། གྲོས་བསྡུར་ཚོགས་འདུར་ཞུགས་ཏེ་《མེས་རྒྱལ་གྱི་སྲོལ་རྒྱུན་རིག་གནས་བང་མཛོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གནས་བབ 》ཅེས་པའི་ཆེད་རྩོམ་སྤེལ་གནང་བ། 1981ལོར་《ཟླ་འཛིན་ཉི་འཛིན་ལྟ་ཞིབ་ཚད་ལེན་བྱེད་ཐབས 》ཞེས་པའི་ཆེད་རྩོམ་སྤེལ་གནང་བ། 1992ལོར་ཁོང་གིས་ཡིག་འབྲུ་ཁྲི་ཚོ་6ཡོད་པའི་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་སློབ་གཞི་ཞིག་རྩོམ་སྒྲིག་གནང་བ་དང་། རྗེས་སུ་བོད་ལུགས་གསོ་རིག་གི་དངོས་གཞིའི་ཚན་ཁག་སློབ་གསོའི་འཆར་འགོད་སློབ་ཚན་གྱི་གྲས་སུ་ཚུད་ཅིང་། སློབ་ཆེན་སློབ་མའི་ཚད་ལྡན་སློབ་དེབ་ཏུ་གྱུར་པ། 1994ལོར་ཁོང་གིས་རྒྱལ་སྤྱིའི་ཚན་རྩལ་གླེང་སྟེགས་ནང་ཞུགས་ཏེ་འགོ་བརྗོད་དུ 《གནམ་རིག་སྐར་རྩིས་རགས་གླེང 》ཞེས་པའི་ཆེད་རྩོམ་ཞིག་སྤེལ་གནང་བ་དང་། 1997ལོར་ཁྱོན་བསྡོམས་དུས་ཐེངས་བཅོ་ལྔ་ཡོད་པའི་གནམ་རིག་སྐར་རྩིས་རིག་པའི་བཪྙན་འཕྲིན་སློབ་ཁྲིད་གནང་བ། 2003ལོར 《གནམ་རིག་སྐར་རྩིས་རིག་པ 》ཞེས་པའི་དཔེ་དེབ་ཆེ་གྲས་ལྔ་རྩོམ་སྒྲིག་བྱེད་པའི་ལས་དོན་ནང་ཞུགས་གནང་བ་མ་ཟད། ཙུའུ་ཀྲང་གཞོན་པའི་འགན་བཞེས་པ་དང་དེབ་དེར་རྗེས་སུ་རྒྱལ་ཡོངས་ཀྱི་རིམ་པ་དང་པོའི་དཔེ་དེབ་ཀྱི་བྱ་དགའ་ཐོབ་པ་སོགས་དང་། དེ་བཞིན་ཁོང་གིས་ད་བར་སློབ་ཡོན་མེད་པར་བོད་ཀྱི་ཞིང་འབྲོག་ཁུལ་དུ་གནམ་རིག་སྐར་རྩིས་རིག་པ་བ་མི་ཐེངས་400ལྷག་ཙམ་གསོ་སྐྱོང་གནང་ཡོད་ལ་སྐར་རྩིས་རིག་པའི་རྐང་འཛིན་པ་ཕུལ་དུ་བྱུང་བ་ལྷོ་ཁ་སྨན་རྩིས་ཁང་གི་པ་སངས་ལྷུན་གྲུབ་སོགས་སློབ་མ་མི་གྲངས་བཅུ་ཕྲག་གཅིག་ལྷག་ཙམ་གསོ་སྐྱོང་གནང་ཡོད་པ་རེད།
མཁས་དབང་ཀུན་དགའ་རིག་འཛིན་ལགས་ཀྱིས་ལས་གནས་དེའི་ཐོག་འབད་བརྩོན་ཡོད་རྒུ་གནང་ཡོད་ཅིང་། མིག་མཐོང་ལག་འཛིན་ཐུབ་པའི་སྐར་རྩིས་བྱ་གཞག་ཐད་ཀྱི་གཡུར་ཟའི་གྲུབ་འབྲས་མང་པོ་བཞེས་ཡོད་སྟབས་འབྲེལ་ཡོད་ཕྱོགས་ནས་ཀྱང་ཁོང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད་ཅིང་། 1991ལོར་རང་སྐྱོང་ལྗོངས་ཚན་རྩལ་སློབ་ཚོགས་ཀྱིས་ཁོང་ཚན་རྩལ་སློབ་ཚོགས་ཀྱི་སྔོན་སྐྱོད་ལས་དོན་པར་བདམས་ནས་གཟི་བརྗིད་མཚན་སྙན་གནང་བ་དང་། 2004ལོར་ཁོང་ལ་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་རིམ་པ་དང་པོའི་བྱ་དགའ་ཐོབ་པ། 2002ལོར་བོད་ལྗོངས་གསོ་རིག་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་དུ་བསྐོ་བཞག་བྱས་ཡོད་ཅིང་། གནམ་རིག་སྐར་རྩིས་ཀྱི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་དང་། ཁོང་རང་ཉིད་ད་ཆ་སྐུ་ན་མཐོ་ནའང་ཁོང་གིས་ཐུན་མོང་མིན་པའི་བོད་ཀྱི་སྐར་རྩིས་རིག་པར་བྱང་བའི་ཤེས་ལྡན་པ་མིང་དོན་མཚུངས་པ་དེ་བས་མང་བ་ཞིག་གསོ་སྐྱོང་བྱེད་པར་ཚད་བརྒལ་གསར་པ་ཐུབ་རྒྱུའི་ཐད་དེ་སྔའི་ཡོན་ཀྲང་བྱམས་པ་འཕྲིན་ལས་ལགས་ནས་མངགས་བཅོལ་དང་ཐུགས་རེ་ནན་པོ་གནང་བ་བཞིན་མུ་མཐུད་འབད་བརྩོན་གནང་བཞིན་ཡོད་པས། བདག་གིས་མཁས་དབང་མཆོག་སྔར་བཞིན་སྐུ་འཚོ་གསལ་ཐང་ཡོང་བ་དང་། སྐར་རྩིས་རིག་པའི་རྒྱུན་འཛིན་པ་གསོ་སྐྱོང་གནང་རྒྱུ་གཙོ་བོར་གྱུར་པའི་ཆེད་ལས་ལ་སྔར་བས་ལྷག་པའི་གྲུབ་འབྲས་ཐོབ་རྒྱུའི་སྨོན་འདུན་ཞུས་པ་ཡིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣