དབུ་ཤོག>བོད་ལུགས་གསོ་རིག
  • ལམ་ཐག་སྤྱི་ལེ་3753ཟིན་པའི་མེ་འཁོར་ཐོག་གཅེས་སེམས་ཀྱིས་ཁེངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ཆི་ཀྲུང་ཤིས་དང་ཧྥན་ཤིས།   |     སྤེལ་དུས།  2015-05-07

        ཟླ་5ཚེས་16ཉིན་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་གཅིག་གྱུར་སྒྲིག་འཛུགས་འོག་ཀྲུང་གོའི་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་རིགས་གཅིག་མཁས་པའི་སྨན་བཅོས་རུ་ཁག་དང་བཅིངས་འགྲོལ་དམག་སྐམ་དམག་དང་མཁའ་དམག་གི་འབྲེལ་ཡོད་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ལྷ་སར་རང་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་རིན་མི་དགོས་པར་ཁག་གཅིག་ལ་བརྟག་དཔྱད་བྱས་པ་རེད། འདི་ནི་སྨན་བཅོས་རུ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་བྱི་རིལ་བསྟེར་ནས་ཁོང་ཚོའི་སྐྲག་སྣང་སེལ་བའི་གནས་ཚུལ་ཡིན་པ།

        ཞོགས་པ་ཉི་འོད་འཕྲོ་སྐབས་ལོ་ན་བཅུ་ལ་སོན་པའི་བསྟན་འཛིན་ཆོས་སྐྱིད་གཉིད་ལས་སད། “པཱ་ལགས། ག་པར་སླེབས་པ་རེད་དམ། པེ་ཅིང་རེད་དམ ”ཞེས་ཚེས་18ཉིན་ལྷ་ས་ནས་ཐོན་པའི་མེ་འཁོར་T28ནང་བསྡད་དེ་པེ་ཅིང་དུ་འགྲོ་མཁན་མིག་ཁྲ་ཐིང་ཐིང་དང་མཁུར་ཚོས་དམར་སྒོར་སྒོར་གྱི་བུ་མོ་ཆུང་ཆུང་དེས་དངངས་འཚབ་ཆེན་པོས་དྲིས།

        བསྟན་འཛིན་ཆོས་སྐྱིད་ད་ཐེངས་བོད་ནས་ཁ་བྲལ་ཐེངས་དང་པོ་ཡིན་ལ་མེ་འཁོར་དུའང་སྡོད་ཐེངས་དང་པོ་རེད། མེ་འཁོར་ནང་བསྡད་དེ་ས་མཐོའི་མཚོ་དང་མཚེའུ་བསྒྲོལ་ནས་སྤྱི་ལེ་3753ཟིན་པའི་ལམ་ཐག་བརྒྱུད་དེ་པེ་ཅིང་དུ་རང་ཉིད་ཀྱི་ནད་གཞི་སྨན་བཅོས་བྱེད་པར་སྐྱོད་མཁན་ཡིན་པ་ཁོ་མོས་ཤེས་ཀྱི་ཡོད། ཁོ་མོར་བཀྲ་ཤིས་པའི་མིང་ཞིག་བཏགས་ཡོད་ཀྱང་སྤྱིར་བཏང་གི་ཕྲུ་གུ་དང་མི་འདྲ་བར་ཁོ་མོ་ནི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཞིག་ཡིན་པ་རེད།

        ཟླ་5ཚེས་18ནས་20ཉིན་བར་མཚོ་བོད་ལྕགས་ལམ་ཐོག་གི་མེ་འཁོར་T28 ནང་ད་དུང་བསྟན་འཛིན་ཆོས་སྐྱིད་དང་འདྲ་བའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བོད་ཀྱི་བྱིས་པ་42ཡོད་པ་རེད། ཁོང་ཚོ་ཕལ་ཆེ་བ་གཞིས་རྩེ་དང་ཆབ་མདོ་ས་ཁུལ་གྱི་ཐག་རིང་ལུང་ཁུག་གི་གྲོང་གསེབ་ནས་ཡིན་པ་མ་ཟད་ཆུང་ཤོས་ལ་ཟླ་བ་དགུ་དང་ཆེ་ཤོས་ལ་ལོ་18ཡིན་པ་རེད།

        “ཁོ་མོར་ཆུང་དུས་ནས་ཆམ་པ་ཡང་ཡང་རྒྱག་པ་དང་ཚ་བ་རྒྱས་ཀྱི་ཡོད ”ཅེས་བསྟན་འཛིན་ཆོས་སྐྱིད་ཀྱི་ཕ་རིག་འཛིན་གྱིས་གསར་འགོད་པར་བཤད་བྱུང་། ཁོང་གིས་ང་ཚོའི་ཁྱིམ་གཞིས་རྩེ་གཏིང་སྐྱེས་རྫོང་དུ་ཡོད་པ་དང་ནས་འདེབས་འཛུགས་བྱས་ཏེ་འཚོ་གནས་བྱེད་པ་མ་ཟད་ལོ་ལྟར་ལས་མི་བྱས་ནས་བསགས་པའི་ཡོང་འབབ་སྒོར་ལྔ་སྟོང་དྲུག་སྟོང་ཙམ་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ལྷན་སྐྱེས་སྙིང་ནད་གཤག་བཅོས་བྱས་ནས་བཅོས་པར་ཉུང་མཐར་ཡང་སྒོར་ཁྲི་གསུམ་བཞི་དགོས་ཀྱི་འདུག་ཅེས་བཤད་པ་རེད།

        སྟབས་ལེགས་པ་ཞིག་ལ་བསྟན་འཛིན་ཆོས་སྐྱིད་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི “གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་དབུལ་པོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྐྱོབ་རོགས་ཀྱི་འཆར་གཞིའི ”ནང་བཅུག་སྟེ་པེ་ཅིང་དུ་རིན་མེད་སྨན་བཅོས་བྱེད་པར་བསྐྱོད་པའི་གོ་སྐབས་ཐོབ། པེ་ཅིང་ལྕགས་ལམ་ཅུས་ཀྱི་ཨ་ཁུ་དང་ཨ་ལྕག་ལགས་ཚོས་ཁོང་ཚོ་པེ་ཅིང་ལ་སྐྱེལ་རྒྱུ་ཡིན་ཞིང་། མཚོ་དམག་སྤྱི་ཁྱབ་སྨན་ཁང་དང་། དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་། བཅིངས་འགྲོལ་དམག་གི་སྨན་ཁང་301 མཁའ་དམག་སྤྱི་ཁྱབ་སྨན་ཁང་བཅས་སུ་གཤག་བཅོས་བྱེད་པར་བསྐྱོད་རྒྱུ་རེད།

        མེ་འཁོར་T28ཀྱི་འཁོར་སྒྲོམ་14ཡི་ནང་དར་ཚོན་སྣ་ལྔའི་མདུད་སྒྲོག་དང་ཀྲུང་གོའི་བཀྲ་ཤིས་མདུད་སྒྲོག་དམར་པོ་བཀལ་བ་དང་ཁྲ་ཆེམ་ཆེམ་གྱི་མེ་ཏོག་བཀལ་ཡོད་ཅིང་། དེ་དག་ལས་སྨོན་འདུན་དང་བཀྲ་ཤིས་མཚོན་པ། དེ་ནི་དུས་ཆེན་ཇི་བཞིན་དགའ་སྟོན་བྱེད་རིན་ཡོད་པའི་ཉིན་མོ་ཞིག་ཡིན། གང་ལགས་ཤེ་ན་གཅེས་སེམས་མཚོན་པའི་བྱ་བ་ཆུང་ཙག་རེ་རེ་བཞིན་གྱིས་ཕྲུ་གུ་ཚོར་ཚེ་སྲོག་གསར་པ་སྦྱིན་པའི་དབང་གིས་ཡིན།

        ལོ་25སོན་པའི་མེ་འཁོར་གྱི་ལས་བྱ་ལིའུ་གོ་ཙེ་བྲེལ་བས་ཁེངས་ཤིང་། ཁོང་ནི་སློབ་གྲྭ་ཐོན་མ་ཐག་པའི་གཞོན་ནུ་མ་ཞིག་ཡིན་རུང་ཕྲུ་གུ་ཚོའི་ཨ་མ་ལྟར་གསང་སྤྱོད་འཁྲུ་སྟངས་དང་། ཆུ་དང་དག་རྫས་སྤྱོད་སྟངས་སློབ་ཀྱི་ཡོད། ཕྲུ་གུ་མང་ཆེ་བ་རྫོང་གྲོང་ནས་ཁ་བྲལ་མྱོང་མེད་པ་དང་མེ་འཁོར་ནང་དེ་བས་སྡོད་མྱོང་མེད་སྟབས་དེ་གའི་བྱ་དངོས་ཚང་མ་གསར་རྐྱང་ཡིན་པའི་སྣང་བ་ཡོང་གི་ཡོད།

        ལིའུ་གོ་ཙེ་ཡིས “སྔོན་ལ་ཆུ་ཕྲན་ཙམ་གློད་པ་དང་དེ་ནས་དག་རྫས་ཟིང་སྐྱ་བྱུག་ན་ལག་པ་གཙང་མ་འཁྲུ་ཐུབ། ཁྱེད་ཚོའི་ལག་ནས་འབྲི་ཏ་ས་འཛིན་གྱི་དྲི་ཁ་གི་འདུག་གམ ”ཞེས་ངང་རྒྱུད་རིང་པོས་ཕྲུ་གུ་ཚོར་ལག་པ་འཁྲུ་སྟངས་བསླབ།

        ལོ་31ལ་སོན་པའི་མཚོ་དམག་སྤྱི་ཁྱབ་སྨན་ཁང་གི་སྙིང་ནད་དང་ཁོག་ནད་སྡེ་ཁག་གི་མཆོག་རམས་པ་ཀྲེན་ཅན་ཡུང་དང་། ལོ་36ལ་སོན་པའི་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་སྙིང་ནད་དང་ཕྱི་བཅོས་སྡེ་ཁག་གི་གཙོ་བཅོས་སྨན་པ་མ་ཧའོ་བྲེལ་བས་ཁེངས་ཤིང་། ཁོང་ཚོས་ཉིན་གསུམ་གོང་ལྷ་སར་ཡོང་ནས་པེ་ཅིང་དུ་སྨན་བཅོས་བྱེད་པར་སྐྱོད་རྩིས་ཡོད་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དེ་དག་ལ་གཤག་བཅོས་མ་བྱས་གོང་གི་གདམ་གསེས་དང་བརྟག་དཔྱད་བྱས།

        ཀྲེན་ཅན་ཡུང་གིས “ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུར་འཆམ་ནད་ཕོག་ནས་གློ་ཚད་འཁྲིད་སླ་པོ་ཡོད་པ་མ་ཟད་ཐ་ན་སྙིང་གི་ནུས་པ་ཉམས་ཏེ་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་ཕོག་གི་ཡོད་ལ་སྒུལ་སྐྱོད་ལའང་ཤུགས་རྐྱེན་ཕོག་གི་ཡོད་པས་ལྷན་སྐྱེས་སྙིང་ནས་ཕོག་པའི་ཕྲུ་གུས་ཕྲུ་གུ་གཞན་ལྟར་རྒྱུག་ཤར་གློད་མི་ཐུབ་པ་མ་ཟད་ཐ་ན་རྒྱུག་ཤར་གཏན་ནས་གློད་ཐུབ་ཀྱི་མེད ” ལོ་3ནས་ལོ་5བར་ནི་གཤག་བཅོས་ཐད་བདེ་འཇགས་ཆེ་ཤོས་དང་ཉེན་ཁ་ཆུང་ཤོས་ཀྱི་དུས་ཡིན་པས་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུ་ནི་གལ་ཧ་ཅང་ཆེ་བ་ཞིག་རེད་ཅེས་བཤད་པ་རེད།

        མེ་འཁོར་ཐོག་ཁོང་ཚོ་ནི་མཉམ་སྐྱོད་སྨན་པ་ཡིན་པས་དུས་རྟག་ཏུ་ཕྲུ་གུ་ཚོ་བདེ་པོ་མ་བྱུང་ན་འཕྲལ་མར་ལྟ་རྟོགས་བྱེད་ཀྱི་ཡོད། ལོ་ན་10 ལ་སོན་པའི་ངག་དབང་མཚོ་མོ་ནི་སྐྱེས་མ་ཐག་ལོང་བ་ཡིན་པ་དང་ཁོང་གི་སྙིང་ཁོག་ཡ་མ་གཟུགས་སུ་འགྱུར་བ་དང་འཕར་རྩའི་འདྲེན་སྦུག་མ་འགག་པའི་དབང་གིས་བྱིས་པ་དེ་དག་ཁྲོད་ནད་གཞི་ཪྙོག་དྲ་ཆེ་ཤོས་སུ་གྱུར་ཡོད། ངག་དབང་ལ་ཚ་བ་བརྒྱབ་ནས་ཆམ་ནད་ཕོག་པ་ཤེས་འཕྲལ་མཱ་ཧའོ་ཡིས་ཉན་བརྟག་ཡོ་བྱད་འཁྱེར་ནས་ན་སྟངས་སྐད་ཆ་དྲིས་ཏེ་ཁོང་ལ་སྨན་སྟེར་བ་མ་ཟད་པེ་ཅིང་དུ་འབྱོར་རྗེས་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་སྨན་ཁང་གི་མིག་ནད་ཚན་ཁག་གི་སྨན་པ་ཚོས་ཁོང་གི་མིག་ནད་བཅོས་རོགས་བྱེད་ཀྱི་རེད་ཅེས་བཤད།

        ལོ་ན་33 ལ་སོན་པའི་མེ་འཁོར་གྱི་འགོ་འཛིན་ལེའང་ཧྥུང་ཡང་བྲེལ་འཚུབ་ཀྱིས་ཁེངས་བཞིན་ཡོད་ཅིང་། མཚོ་བོད་ལྕགས་ལམ་ཤར་བགྲོད་ཐུབ་རྗེས་ཀྱི་ལོ་དྲུག་རིང་ལེའང་ཧྥུང་གིས་ལམ་བུ་དེའི་ཐོག་ལས་ལ་བྲེལ་ནས་ཞབས་འདེགས་ཡག་པོ་ཞུ་ཡི་ཡོད། ལེའང་ཧྥུང་གིས “ལམ་བུ་དེའི་ཐོག་གི་ཞབས་ཞུའི་ལས་འགན་ལྕི་པོ་འཁུར་དགོས་ཀྱི་ཡོད་པ་དང་ས་མཐོར་མི་འཕྲོད་པ་སོགས་ཀྱི་སྣོན་ཤུགས་འཕྲད་ཀྱི་ཡོད་པ་མ་ཟད་ལམ་བུ་དེའི་ཐོག་སྤྱིར་བཏང་མིན་པའི་འགན་འཁྲི་ཞིག་འཁུར་དགོས་ཀྱི་ཡོད ”ཅེས་བཤད།

        ད་རེས་ལེའང་ཧྥུང་ལ་ཚ་བ་ཏུའུ་39 ཙམ་བརྒྱབ་རུང་པེ་ཅིང་ནས་ལྷ་སར་ཕྲུ་གུ་རྣམས་བསུ་བར་སླེབས་ཡོད་ཅིང་། ཕྱིར་ལོག་ལམ་བར་དུ་ངལ་དུབ་ཀྱིས་ཐང་ཆད་རུང་ཁོང་གིས་འཁོར་ཁང་བཅུ་ལྷག་ཙམ་ནང་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པ་དང་ལྷག་དོན་དུ་ཕྲུ་གུ་སྡོད་སའི་འཁོར་ཁང་14 ཡི་ནང་ཁོང་མང་ཤོས་ཡོང་ནས་སྐད་ཆ་དྲིས་ཀྱི་ཡོད།

        ལེའང་ཧྥུང་གིས “ཕྲུ་གུ་མང་ཆེ་བ་ནི་མེ་འཁོར་ནང་སྡོད་ཐེངས་དང་པོ་ཡིན་པས་ང་ཚོས་ཁོང་ཚོ་པེ་ཅིང་དུ་བདེ་པོའི་ངང་འབྱོར་རྒྱུའི་འགན་ལེན་བྱེད་དགོས ”ཞེས་བཤད།

        ཚེས་19 ཉིན་གྱི་ཆུ་ཚོད་16ཙམ་དུ་ལེའང་ཧྥུང་གིས་དམིགས་བསལ་གྱི་སྐྱེས་སྐར་དགའ་གཏོང་གི་བྱེད་སྒོ་ཞིག་སྤེལ་ཞིང་། ལོ་10ལ་སོན་པའི་བཀྲ་ཤིས་ཕུན་ཚོགས་དང་མེ་འཁོར་ཞབས་འདེགས་པ་ལིའུ་གོ་ཙེ་གཉིས་པོ་ཕྲུ་གུ་ཚོས་མཐའ་སྐོར་ནས་བསྡད་ཡོད་པ་དང་འཁོར་ཁང་ནང “སྐྱེས་སྐར་ལ་སྤྲོ་པོ་ཡོང ”ཞེས་པའི་གླུ་སྒྲའི་ཁྲོད་ལོ་ན་17ཧེ་བག་ཡོད་པའི་རྒྱ་བོད་སྤུན་ཟླ་གཉིས་པོས་དམིགས་བསལ་གྱི་སྐྱེས་སྐར་ཞིག་བཏང་ཡོད།

        ཆེད་མངགས་གོས་གསར་གྱོན་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས “མི་མང་པོས་ང་ལ་སྐྱེས་སྐར་བཏང་བ་དེ་ཐེངས་དང་པོ་ཡིན་པ་མ་ཟད་མེ་འཁོར་ནང་དུའང་སྡོད་ཐེངས་དང་པོ་ཡིན ”ཞེས་འཚེར་སྣང་ངང་བཤད་བཞིན་དུ་ཤོག་བུས་བཟོས་པའི “སྙིང་ཁམས་དམར་པོའི ”བཟོ་དབྱིབས་ལ་མཛུབ་མོ་བཙུགས་ནས་ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ལྟ་བུ་ཡིན་ཞེས་བཤད།

        ལམ་ཐག་སྤྱི་ལེ་3753ཟིན་པའི་བདེ་བགྲོད་མེ་འཁོར་དེ་རི་ཀླུང་བརྒལ་ནས་གླུ་སྒྲ་དང་དགོད་སྒྲའི་ཁྲོད་རྒྱ་བོད་སྤུན་ཟླའི་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།